འབྲས་སྒོ་མང་གདན་རབས་ལྔ་བཅུ་ང་བདུན་པ་དཔོན་སློབ་ཧར་གདོང་བློ་བཟང་རྣམ་རྒྱལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-07 20:57:50     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

 

16675322714572450.jpg

 

                            བརྒྱུད་འདེབས་ལས།
                                        བློ༷་ཆེན་མཁས་གྲུབ་ཀུན་གྱི་བཤད་པའི་སྲོལ། །
                                        བཟ༷ང་པོའི་ལུགས་མཆོག་བཤད་དང་སྒྲུབ་ལ་མཁས། །
                                        རྣམ༷་མང་ཐར་འདོད་སྐྱེ་རྒུའི་གཉེན་གྱི་མཆོག །
                                        རྒྱ༷ལ་བའི་གདུང་འཚོབ་ཆེན་པོར་གསོལ་བ་འདེབས། །ཞེས་བྱུང་།
        གདན་རབས་ལྔ་བཅུ་ང་བདུན་པ། དཔོན་སློབ་ཧར་གདོང་བློ་བཟང་རྣམ་རྒྱལ་ཡིན་ལ། འདི་ཉིད་འཁྲུངས་ཡུལ་བེ་རི་ཞེས་པའི་ས་ཆར་སྐུ་བལྟམས། ནར་སོན་ནས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། མཁྱེན་རབ་ཕུལ་དུ་བྱུང་བས་རིང་པོར་མ་ལོན་པར། བཀའ་པོད་ཆེན་པོ་ལྔའི་གཞུང་ལ་གཟིགས་ཙམ་གྱིས་དགོངས་དོན་བདེ་བླག་ཏུ་རྟོགས་ནས་སྨྲ་བའི་ཁྱུ་མཆོག་ཏུ་གྱུར། ཆོས་གྲྭར་ཕེབས་པའི་སྐབས་ཤིག་ཚ་བའི་སྙུང་གཞི་ཆེན་པོས་སྐུ་ལྟེམ་པའི་ཚུལ་མཛད་དེ། ཞལ་དབུགས་ཀྱི་རྒྱུ་བ་ཡང་ཕྲ་མོ་ཙམ་ལས་མི་སྣང་བའི་དུས་སུ། ཉིད་ཀྱི་ཐུགས་སྣང་ལ་སྒོ་མང་གྲྭ་ཚང་གི་ཆོས་གྲྭ་འགྲིམས་པའི་དགེ་བཤེས་ཤིག་སངས་རྒྱས་སོང་དགོངས་པའི་མུ་ནས་ཐལ་སྐད་ཅིག་བཏང་བའི་ཉམས་མཛད། དེ་ནས་མི་རིང་བར་སྙུང་ལྷག་མེད་དུ་དྭངས། ལོ་འགར་སྔར་བཞིན་ཚོགས་ཆོས་ཚུལ་བཞིན་འགྲིམས་མཐར། མཚན་བཏགས་གནང་སྟེ་ལྷ་རམས་པའི་དམ་བཅའ་བཞག་སྐབས། ཕྱག་ན་པདྨོ་ཐམས་ཅད་མཁྱེན་གཟིགས་རྒྱལ་དབང་འཕྲིན་ལས་རྒྱ་མཚོ་དེ་ཉིད་ཀྱིས་ལྷ་སའི་ཁྱམས་རའི་སྟེང་ནས་ཉིད་ལ་ཡུན་རིང་གཟིགས་ཏེ་ལྗགས་མདུད་དང་། ལྷ་དར་སྲིད་དུ་རིང་བ་བཅས་བསྩལ་བ་ན། དེའི་གོང་ལྷ་རམས་པ་དུ་མས་དམ་བཅའ་བཞག་དུས་རྒྱལ་དབང་ནས་དེ་འདྲ་མ་མཛད་པས། ཐུགས་ཞུམ་ཚུལ་མཛད་ནས་ལྗགས་མདུད་མགྲིན་པར་སྦྲོན་ཏེ། ལྷ་དར་མི་མངོན་པར་བྱས་ནས། སྔ་རྒོལ་རྣམས་ལ་ལན་མཛད་པར་སླར་ཡང་རྒྱལ་དབང་མཆོག་ནས་མི་སྣ་ཆེད་མངགས་མཛད་དེ། ལྷ་དར་ཨམ་ཕྲག་ཏུ་མ་བཅུག་པར་ཕྱི་རོལ་ཏུ་ངོམ་བཞིན་ལན་ཐོབ་ཅེས་གསུངས་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བསངས་ཤིག་བཏང་བ་གནང་སྟེ་ཞལ་ཤར་ཕྱོགས་སུ་གཟིགས་ནས། འཆམ་འདྲ་བ་འགའ་མཛད་དེ་གཟིམ་ཤག་ཏུ་བྱོན།
        ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་རབ་བྱུང་༡༥ ཤིང་ཕག་ཕྱི་ལོ་༡༨༧༥ ལོར་སྒོ་མང་ཆོས་གྲྭར་ཆོས་ཞུགས་སྐབས། དགེ་བཤེས་བློ་བཟང་རྣམ་རྒྱལ་རྩ་བའི་ཡོངས་འཛིན་དུ་བསྟེན། སྲིད་སྐྱོང་རྟ་ཚག་ཚང་བསྟན་པའི་མགོན་པོ་ཡང་ཀུན་མཁྱེན་གྱི་དགེ་རྒན་མཛད་ཡོད་པའི་སྟབས་ཀྱིས་སྐབས་སྐབས་སུ་མདུན་དུ་ཕེབས་ཀྱི་ཡོད་པར་ཉིན་གཅིག་སྲིད་སྐྱོང་མཆོག་ལ་དགེ་རྒན་བློ་བཟང་རྣམ་རྒྱལ་ལ་སྒོ་མང་མཁན་པོ་གནང་ན་ལེགས་ཚུལ་ཞུས་པས། དེ་ཆོག་གསུངས་པས་གཞུང་ས་མཆོག་ནས་དགེ་རྒན་བློ་བཟང་རྣམ་རྒྱལ་པ་སྒོ་མང་མཁན་པོ་བསྐོ་བཞག་མཛད། ཀུན་མཁྱེན་མཆོག་ཡོངས་འཛིན་བྱམས་པའི་དྲུང་ནས་བསྙེན་རྫོགས་བཞེས་སྐབས་མཁན་རིན་པོ་ཆེ་དེ་ཉིད་ནས་ལས་སློབ་མཛད་པ་བཅས་རྣམ་ཐར་ན་གསལ། ཡང་ཉིན་གཅིག་ཀུན་མཁྱེན་ལ་ཡོངས་འཛིན་མཁན་པོ་ཉིད་ཀྱིས་རྒྱལ་དབང་ཐམས་ཅད་མཁྱེན་པ་ནས་ངེད་ལ་དེ་འདྲ་མཛད་པ་ཁྱེད་རང་གི་དགེ་རྒན་བྱེད་དགོས་པའི་ལྟས་སུ་འདུག་གསུངས། ཡང་ཉིན་གཅིག་ཡོངས་འཛིན་ཉིད་ནས་ཀུན་མཁྱེན་ལ་སྔགས་ཕྱོགས་ཀྱི་བཀའ་འདྲི་བ་འགའ་མཛད་བྱུང་བར། ཀུན་མཁྱེན་ནས་ལན་ཕུལ་བར་ཐུགས་ཤིན་ཏུ་དགྱེས་ནས་ལེགས་པོ་འདུག སྔ་གོང་ཁྱེད་རང་མ་སླེབས་ཙམ་ང་རང་གི་རྨི་ལམ་དུ་ཁམ་བུའི་སྡོང་པོ་ཞིག་སྐྱེས་འདུག་པ་ལ། མི་ཞིག་གིས་འདི་ལ་ཁྱོད་ཀྱིས་དོ་དམ་ལེགས་པོ་བྱེད་དགོས་ཟེར་བ་དང་། ཡང་བཙུན་ཆུང་རས་ཤམ་དང་རས་གཟན་གྱོན་པ་ཁྱོད་རང་ནང་བཞིན་ཞིག་གིས་རྡོར་དྲིལ་ལེགས་པོ་ཞིག་ང་རང་ལ་སྤྲད་བྱུང་བ་སོགས་རྨིས་པ་ནི།སྔ་མ་ཁམ་སྡོང་ལ་གཅེས་སྤྲད་བྱེད་དགོས་ཞེས་པ་ཁྱོད་རང་གི་དགེ་རྒན་བྱེད་རྒྱུ་དང་། ཁྱོད་རང་ནས་ངེད་ལ་རྡོར་དྲིལ་བྱིན་པ་ནི། ད་སྐབས་ཁྱོད་ནས་བདེ་སྟོང་དབྱེར་མེད་དང་སྒྱུ་ལུས་སོགས་ཀྱི་སྐོར་ཁྱོད་རང་གི་ཉམས་ལེན་སྟེང་ནས་བཤད་བྱུང་བ་དེ་ཚོར་བལྟས་འདུག་གསུངས། ཡང་ལན་གཅིག་སྐྱབས་མགོན་འཕྲིན་ལས་རྒྱ་མཚོ་གཟིམ་ཁང་གི་རབ་གསལ་སྟེང་ནས་ཕྱོགས་མཐའ་དག་ལ་གཟིགས་མོ་ཡུན་རིང་གནང་སྐབས་ཤིག་ལ་ཡོངས་འཛིན་ཉིད་ནས་ཐོག་མར་རྒྱལ་དབང་ཞལ་མཇལ་དུས་ཀྱི་རྣམ་པ་ལ་མཚམས་ཤིག་ནས་ཕྱག་དཔུང་དང་ཞལ་དཀྱིལ་མཐིང་ནག་ཏུ་སོང་ཏེ། རིམ་གྱིས་མགོན་པོ་ཕྱག་དྲུག་པའི་སྐུ་དངོས་སུ་གྱུར་པ་ཞིག་མཇལ་བྱུང་ཞེས། ཀུན་མཁྱེན་ལ་དངོས་སུ་གསུངས། རྒྱུན་དུ་ཡང་སྐུ་ཞབས་ཐམས་ཅད་མཁྱེན་པ་སྤྱན་རས་གཟིགས་དངོས་ཡིན་ཞེས་གུས་འདུད་ཚད་མེད་མཛད་ཅིང་། ཁྲི་ཆེན་གྲགས་པ་དོན་གྲུབ་ལ་ཡང་ཁོང་སྒྱུ་ལུས་པ་ཞིག་ངེས་པར་ཡིན་རྒྱུ་རེད་ཅེས་རྒྱུན་ལྡན་དུ་བསྔགས་བརྗོད་མཛད། བླ་མ་མང་པོ་བསྟེན་པར་མི་མཛད་ལ་ཆོས་བཀའ་གསན་པའི་བླ་མ་འགའ་ཟུང་བསྟེན་པ་རྣམས་ཀྱི་མཛད་སྤྱོད་གང་གནང་ཐམས་ཅད་ལ་དག་སྣང་འབའ་ཞིག་སྦྱོང་བར་གནང་།ཡུན་རིང་འདྲིས་ནས་མཛད་སྤྱོད་ཀྱི་རིགས་ལ་བརྟག་ཅིང་དཔྱད་ཚེ་བྱང་ཆུབ་ཀྱི་སེམས་ཐུགས་ལ་འཁྲུངས་པའི་རྟགས་ལྷུན་གྲུབ་ཏུ་བདོག་པ་ཞིག་ཡིན་པར་བཤད། སྒོ་མང་མཁན་པོར་བཞུགས་རིང་ལ་ཡང་གྲྭ་ཚང་གི་འགྲིག་ལམ་ཉམས་པ་སོར་ཆུད་གནས་པ་གོང་འཕེལ་དང་། ལྷ་རམས་ཚོགས་རམས་དཀའ་བཅུ་སོགས་སློབ་གཉེར་བཟང་ངན་འབའ་ཞིག་གི་སྟེང་ནས་བབས་འོས་ལྟར་གྱི་བསྐོ་བཞག་གནང་། ལན་གཅིག་ལྷ་རམས་བབས་འོས་མེད་པ་ཞིག་གིས་དངུལ་སྲང་ལྔ་བཅུ་ཁོང་ལ་ཕུལ་ནས། ལྷ་རམས་ཞུས་པར་ཆོས་གྲྭ་ནས་དགེ་འདུན་པ་རྣམས་ལ་གཟིགས་མོར་བསྟར་ཏེ། ཁོ་བོ་ལ་འདི་འདྲ་སྤྲོད་མཁན་ཡང་འདུག་རུང་། འདི་འདྲ་དགོས་པ་གང་ཡང་མེད་ཅེས་ཉིད་ལ་ཚེམས་ཁ་ཤས་མི་བཞུགས་པ་བསྟན་ནས། ངེད་ཀྱིས་འདི་འདྲ་བ་ཞུ་ནུས་ཀྱི་ཨེ་འདུག་ཅེས་ཀུ་རེ་འདྲ་མཛད་དེ་སླར་དགེ་བཤེས་ཁོ་རང་ལ་ཕྱིར་གནང་བར་མཛད་པས་བྱ་བ་དེ་འདྲ་རྩོམ་སྙིང་འདོད་པ་རྣམས་འཇིགས་ཆུམ་པ་བྱུང་བ་གནང་། གཞན་ཡང་དེ་གོང་མཇུག་གཅོད་ཀྱི་ཐལ་སྐད་ཆད་སོང་བ་སོགས་ཀྱང་སླར་ཚུགས་པ་སོགས་གྲྭ་ཚང་གི་འགྲིག་ལམ་ལ་དུས་དེར་ཕན་སྐྱེད་ཆེ་བའི་མཁན་པོ་ཁོང་འདྲ་བ་མ་བྱུང་ཞེས་ཀུན་གྱིས་གླེང་། དེ་ནས་སྐུ་དངོས་ཀྱི་འདུལ་བྱ་རྫོགས་པ་ན་ཐམས་ཅད་སྟོང་པ་འོད་གསལ་ཆོས་སྐུ་མངོན་སུམ་དུ་མཛད་དེ། ཡིད་ཀྱི་ལུས་དགའ་ལྡན་མཁའ་སྤྱོད་ཆོས་ཀྱི་ཕོ་བྲང་དུ་གཤེགས་སོ། །
འདིའི་སྤྲུལ་སྐུ་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ། གསན་སྦྱོང་མཛད་བཞིན་པའི་སྐབས་ཀུན་མཁྱེན་ཉིད་ཀྱི་དྲུང་ནས་བཀའ་ཆོས་ཆེས་མང་བར་གསན་པ་ཀུན་མཁྱེན་ཉིད་ཀྱི་རྣམ་ཐར་དུ་གསལ།
         དེའི་ཡང་སྤྲུལ་ཁྱབ་བདག་བཀའ་འགྱུར་པ་ཆེན་པོ། སྐྱབས་རྗེ་ཁང་གསར་རྡོ་རྗེ་འཆང་རྗེ་བཙུན་ངག་དབང་ཐུབ་བསྟན་ཆོས་ཀྱི་དབང་ཕྱུག་དཔལ་བཟང་པོ་ཡིན། གང་ཉིད་ཀྱི་མཛད་རྣམ་འོག་ཏུ་མཁས་གྲུབ་གཞན་གྱི་རྣམ་ཐར་སྐབས་འགོད་པར་བྱའོ། །

                                                                        རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།