འབྲས་སྒོ་མང་གདན་རབས་ལྔ་བཅུ་ང་བཞི་བ་དཔོན་སློབ་བསྟན་པ་བཟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-03 21:22:40     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

 

175478043468864316.jpg

 

                            བརྒྱུད་འདེབས་ལས།
                                     རིགས་ཀུན་ཁྱབ་བདག་བློ་བཟང་རྒྱལ་བའི་བསྟན། །
                                     འཛིན་སྐྱོང་སྤེལ་བའི་གྲུབ་པ་མཆོག་གི་སར། །
                                     མཁའ་མཉམ་འགྲོ་ཀུན་སྒྲོལ་བའི་ཁུར་བཟོད་པའི། །
                                     ཐེག་མཆོག་བཤེས་གཉེན་ཆེན་པོར་གསོལ་བ་འདེབས། །ཞེས་བྱུང་།
        གདན་རབས་ལྔ་བཅུ་ང་བཞི་པ། དཔོན་སློབ་བསྟན་པ་བཟོད་པ་ནི། དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་གཞུང་ལུགས་ལ་སྦྱངས་པས་མཁས་པའི་ཡང་རྩེར་སོན། རབ་བྱུང་༡༤ མེ་ལུག་ཕྱི་ལོ་༡༨༤༧ ལོར་འདུལ་བ་མཁན་པོ་ལས་ཐོག་པའི་ཐོག་གཞུང་ནས་བཀའ་འགྱུར་གསེར་བྲིས་གསར་བཞེངས་སྐབས་ཞུས་དག་མཛད་པ་དེ་ཉིད་ཀྱི་རྣམ་ཐར་དུ་གསལ། དེའི་རྗེས་ཕྱི་ལོ་༡༨༥༠ མཇུག་ཙམ་ལ་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིར་ཕེབས། མཁན་ཆེན་འདི་མདོ་སྔགས་རིག་གནས་དང་བཅས་པར་མཁྱེན་སྤྱན་ཡངས་པའི་མཁས་གྲུབ་གཉིས་ལྡན་བསམ་གྱིས་མི་ཁྱབ་པར་གྲགས་ཆེ། དུས་དེའི་ཚེ་མདོ་སྨད་ལྷོ་བྱང་གཉིས་སུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པའི་བདག་ཉིད་ཆེན་པོ་བླ་བྲང་ཨ་ཁུ་རིན་པོ་ཆེ་ཤེས་རབ་རྒྱ་མཚོ་དང་། བིས་མདོ་དགེ་བཤེས་རིན་པོ་ཆེ་བསྟན་པ་ཡར་འཕེལ་གཉིས་ཡོད་པའི་ནང་ཚན། བསྟན་པ་ཡར་འཕེལ་འདི་ཉིད་དཔལ་ལྡན་སྒོ་མང་གྲྭ་ཚང་དུ་གསན་བསམ་མཛད་སྐབས། ཁྲི་ཆེན་གྲགས་པ་དོན་གྲུབ། ཤར་ཆོས་ངག་དབང་ནོར་བུ་༼འདི་རྗེས་སུ་དགའ་ལྡན་ཁྲིར་ཕེབས་༽ མཁན་ཆེན་བསྟན་པ་བཟོད་པ་འདི་པ་བཅས་ཡོངས་འཛིན་དུ་བསྟེན་ནས་གསན་བསམ་རྫོགས་པར་མཛད་ཅེས་བིས་མདོའི་གདན་རབས་སུ་གསལ་ལོ། །
                                                                          རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
                རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།