འབྲས་སྒོ་མང་གདན་རབས་ཞེ་བཞི་བ་ཧར་ཆེན་ལྷ་བཙུན་མཐུ་སྟོབས་ཉི་མ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-02 14:40:34     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  


70035007226342927.jpg

                     བརྒྱུད་འདེབས་ལས།
                                རྒྱལ་བ་ཀུན་གྱི་མཐུ་སྟོབས་ནུས་པ་ཀུན། །
                                གཅིག་བསྡུས་དགེ་བའི་བཤེས་ཀྱི་སྐུར་བསྟན་ནས། །
                                མཐའ་ཡས་འགྲོ་བའི་བློ་མུན་སེལ་མཛད་པ། །
                                རྗེ་བཙུན་ཉི་མ༷འི་མཚན་ལ་གསོལ་བ་འདེབས། །ཞེས་བྱུང་།
        གདན་རབས་ཞེ་བཞི་པ། ཧར་ཆེན་ལྷ་བཙུན་མཐུ་སྟོབས་ཉི་མ་ནི། ཧར་ཆེན་རཏྣ་སིདྡྷི་ཝང་གི་སྲས་བཞི་པར་འཁྲུངས། སྐུ་ན་གཞོན་དུས་དགོན་ལུང་དུ་ཐུའུ་བཀྭན་རིན་པོ་ཆེའི་ཞབས་བསྟེན། རྗེ་དེ་ཉིད་ཀྱིས་ཡབ་ཝང་ལ་འདི་གྲྭ་ས་ཞིག་ཏུ་བཞག་ན་ལེགས་ཞེས་བཀའ་གནང་སྟེ་ལོ་མང་པོར་དེ་གར་ཉིད་དང་ལྷན་བཞུགས་ཀྱིས་ཆོས་གྲྭ་འགྲིམས། རབ་བྱུང་༡༣ ས་ཁྱི་ཕྱི་ལོ་༡༧༧༨ ལོར་ཕྱག་མཛོད་དོན་གྲུབ་དབང་རྒྱལ་དབུས་སུ་དགེ་སྒྲུབ་ལ་མངགས་པ་དང་ལྷན་དུ། གསེར་ཁྲི་སྤྲུལ་སྐུ་དང་འདི་པ་གཉིས་གྲྭ་སར་ཕེབས། དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ནས་ཀ་རིང་བློ་བཟང་ཆོས་དར་ལས་དཔེ་ཁྲིད་ཞུས། གཞན་ཡང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་ཀུན་མཁྱེན་བར་པ་སོགས་བསྟེན་ནས་འདུལ་ཁྲིམས་རྣམ་པར་དག་པའི་སྒོ་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐུགས་གཉེར་དང་། ཆོས་བཀའ་ཅི་རིགས་གསན་བཞེས་མཛད་ཅིང་རིན་ཆེན་གླིང་སོགས་སུ་སྒྲུབ་པ་ཉམས་ལེན་མཐར་ཕྱིན་ཅིང་ལྷ་རམས་པའི་དམ་བཅའ་དཔེ་མེད་ཐོན།
        རབ་བྱུང་༡༣ ཆུ་ཕོ་བྱི་བ་ཕྱི་ལོ་༡༧༩༢ ལོར་སྒོ་མང་གྲྭ་ཚང་གི་ཆོས་ཀྱི་ཁྲིར་མངའ་གསོལ་ནས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད། ཐུའུ་བཀྭན་རིན་པོ་ཆེ་ནས་སྒོ་མང་མཁན་པོ་བརྗེས་མཚམས་རང་ཡུལ་དུ་འབྱོན་དགོས་ཞེས་བཀོད་ཁྱབ་གནང་བར། འགྲོ་འདུག་གང་བྱས་ལས་ལ་བལྟ་དགོས་པ་འདུག་ཅེས་གསལ་ཁ་མ་བྱུང་བར། མེ་སྦྲུལ་ལོར་ཡང་བསྐྱར་གསུང་ཤོག་ཏུ།ཇ་འཐུང་རྒྱུའི་ལས་བསགས་ཡོད་ན་ཡང་། རང་གིས་རྩོལ་བ་མ་བྱས་པར་ལས་ལ་བལྟ་དགོས་ཞེས་བསྡད་པས་ཇ་ཁ་ནང་དུ་མི་ཡོང་བ་བཞིན་དུ་འགྲོ་འདུག་ཀྱང་རང་གི་རྩོལ་བ་ལ་མི་ལྟོས་པར་རང་བཞིན་ལྷུན་གྲུབ་ཡོང་དཀའ་བས་ད་ལན་རང་ཡུལ་དུ་འབྱོན་པའི་རྩོལ་བ་གྱིས་ཞེས་ནན་ཏན་མཛད་པ་བཞིན།
        ཁྲི་ལོ་དྲུག་སོང་མཚམས་ས་རྟ་ལོར་རིགས་གྲྭ་བཏང་ནས་ཟུར་བཞུགས་མཛད། ས་ལུག་ཕྱི་ལོ་༡༧༩༩ ལོར་དབུས་ནས་བཏེགས། ལོ་དེར་རང་ཡུལ་དུ་འབྱོར། དགུ་པའི་ཡར་ཚེས་ལ་དགོན་ལུང་གི་ཁྲིར་ཕེབས། དེའི་རྗེས་ཧར་ཆེན་དུ་རི་ཁྲོད་བཏབ་ནས་ཀུན་སྤངས་མཛད་ཅེས་གསལ། གསུང་འབུམ་པོད་གཅིག་བཞུགས། ཙོང་ལི་མཁན་པོས་མཛད་པའི་རྣམ་ཐར་ཞིག་ཀྱང་ཡོད་ཅེས་གསལ་ལོ། །

                                                                       རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།