འབྲས་སྒོ་མང་གདན་རབས་ཞེ་གསུམ་པ་ཀྭ་རིང་མཁན་ཆེན་བློ་བཟང་ཆོས་དར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-27 20:25:36     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

77996044631369659.jpg

                            བརྒྱུད་འདེབས་ལས།
                                   བློ་གྲོས་རབ་བཟ༷ང་གཞུང་ལུགས་ཀུན་ལ་མཁས། །
                                   འཆད་རྩོད་རྩོམ་པའི་ཆོ༷ས་ཀྱི་སྒྲ་དབྱངས་ཀྱིས། །
                                   ཐུབ་བསྟན་ཡོངས་རྫོགས་ད༷ར་ཞིང་རྒྱས་མཛད་པ། །
                                   བཤེས་གཉེན་མཁས་མཆོག་དབང་པོར་གསོལ་བ་འདེབས། །ཞེས་བྱུང་།
        གདན་རབས་ཞེ་གསུམ་པ། མཁན་ཆེན་བློ་བཟང་ཆོས་དར་ནི། མདོ་སྨད་རྨ་ཆུའི་ལྷོ་རྒྱུད་མར་ནང་ཚོ་ལྔར་གྲགས་པའི་ཡ་གྱལ་ལུང་པའི་སྐེད་ན་ཀེར་ལངས་ཀྱི་རྡོ་ཀ་བ་ལྟ་བུ་ཞིག་ཡོད་པ་ལས་བཏགས་པ་ཀྭ་རིང་ཞེས་པར། རབ་བྱུང་༡༢ བགྲང་བྱ་ཞེ་དྲུག་ཆུ་ཕོ་བྱི་བ་ཕྱི་ལོ་༡༧༣༢ ལོར་ཡབ་དཔལ་འབུམ་དང་ཡུམ་དཔལ་མི་ཁར་ཞེས་པ་གཉིས་ཀ་བླ་མ་དཀོན་མཆོག་ལ་གུས་པ་དབུལ་ཕྱུག་མཐའ་གཉིས་སུ་མ་ལྷུང་བ་ཞིག་གི་བུར་དགེ་མཚན་གྱི་རྟགས་དང་བཅས་ཏེ་འཁྲུངས། དེའི་སྔ་ལོ་རྩིས་པ་ལ་རྩིས་བྱེད་དུ་བཅུག་པས་སང་ཕོད་བུ་ཞིག་སྐྱེ་བས་དེ་རབ་བྱུང་བྱས་ན་དགོན་སྡེ་མང་པོའི་བླ་མ་དང་། ཁྱིམ་པ་བྱས་ན་གྲོང་སྡེ་མང་པོའི་དཔོན་པོ་བྱེད་པའི་བསོད་ནམས་ཅན་ཞིག་ཡིན་ཞེས་བབས། ཨ་ཁུ་བླ་མ་ངག་དབང་དོན་གྲུབ་པའི་དྲུང་ནས་རབ་ཏུ་བྱུང་ཞིང་མཚན་བློ་བཟང་ཆོས་དར་གསོལ། ཀྭ་རིང་སྒར་དུ་ཞུགས་ནས་ཞལ་འདོན་ཆོ་ག་ཆོས་སྤྱོད་རྣམས་རྫོགས་པར་བསླབས། དེ་སྐབས་ཐུགས་ལ་རབ་བྱུང་བའི་མིང་ཙམ་གྱིས་མི་ཆོག་པར་འདུག ཐོག་མར་གྲྭ་ས་ཆེན་པོ་ཞིག་ཏུ་ཞུགས་ནས་སློབ་གཉེར་ཚུལ་བཞིན་བྱས་ནས་ཆོས་ཀྱི་གནད་གོ་བ་ཞིག་བྱེད་དགོས་སྙམ་སྟེ། དབྱར་ཐོག་གཅིག་བཀྲ་ཤིས་འཁྱིལ་དུ་བྲོས་ནས་ཕེབས་ཀྱང་རྗེས་བསྙེགས་ཡོང་ནས་བཞུགས་ཐུབ་པ་མ་བྱུང་། དེ་ནས་ཡུལ་མི་རྣམས་ཀྱི་ངག་ལྟར་འདི་གྲྭ་ས་ཞིག་ཏུ་མ་བཏང་ན་སྡོད་པ་མི་འདུག་སྙམ་སྟེ་མཐུན་རྐྱེན་བསྒྲུབས་ཏེ། དགུང་ལོ་བཅུ་བདུན་པ་རབ་བྱུང་༡༣ ས་ཕོ་འབྲུག་ཕྱི་ལོ་༡༧༤༨ ལོར་དབུས་སུ་ཕེབས། སངས་རྒྱས་དངོས་དང་དབྱེར་མེད་ཇོ་ཤཱག་སོགས་དང་རྒྱལ་དབང་ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོའི་ཞབས་ཀྱི་པད་མོར་མཇལ་ཞིང་མོས་གུས་ཚད་མེད་བསྐྱེད།
དེ་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། བྱང་ཆུབ་ཀྱི་སེམས་ལ་མངའ་འབྱོར་པ་མཁན་ཆེན་སངས་རྒྱས་རྡོ་རྗེའི་དྲུང་ནས་བསྡུས་གྲྭའི་བརྩི་བཞག་ཐོག་མར་གསན། ཡོངས་ཀྱི་དགེ་བའི་བཤེས་གཉེན་བྲ་ཉེ་ངག་དབང་དགེ་ལེགས་དགེ་རྒན་དུ་བསྟེན་ནས་སློབ་གཉེར་ལ་ཉིན་མཚན་ཁོར་ཡུག་ཏུ་བརྩོན་པར་མཛད།
        དགུང་ལོ་ཉི་ཤུ་རྩ་གྲངས་ཤིག་ལ་ཕུར་ལྕོག་བྱམས་མགོན་རིན་པོ་ཆེའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། སོ་བཞི་པ་ས་བྱ་༼ཤིང་བྱ་༽ལོ་ནས་བྲ་ཉེ་ངག་དབང་དགེ་ལེགས་སྒོ་མང་གི་ཁྲིར་ཕེབས་པས། ཁོང་གི་ཞལ་ནས་མཁན་ཐོག་སྔ་མ་གཉིས་ཀ་ནས་སྒྲིག་ལམ་དེ་ཙམ་བྱུང་མ་སོང་བའི་སྟབས་དེང་སང་གྲྭ་ཚང་གི་སྒྲིག་ལམ་སོགས་ཧ་ཅང་བློར་འབབ་པོ་ཞིག་ཡོང་གི་མི་འདུག་པས། ཁྱེད་རང་སྨོན་ལམ་མིང་བཏགས་ཅུང་འགྱངས་འགྲོ་བར་འདུག་ཀྱང་འདི་གལ་ཆེ་བས་ཁྱེད་གྲྭ་ཚང་དགེ་བསྐོས་བྱེད་དགོས་གསུངས། དགོངས་པ་ཞུས་ཀྱང་ང་ལ་གྲོགས་ཤིག་དགོས་པར་འདུག་ཅེས་ནན་ཆེ་བས་བཀའ་བཞིན་ཞུས། དགེ་བསྐོས་སྐབས་དྲག་ཞན་སུ་ལའང་ངོ་དགའ་ཟོལ་འཇོག་ཏུ་མ་སོང་བས་སྒྲིག་གི་རྟིང་གནོན་འཆུན་ཆེ་ཞིང་ཚ་རབ་སྙོམས་པ་གང་ལ་གང་འོས་བབ་མཚུངས་ལེ་ཤོར་མེད་པ་གནང་བས་ཕན་སླེབས་ཆེ་བ་བྱུང་།
        དགུང་ལོ་སོ་དགུ་ཤིང་སྟག་ལོར་སྨོན་ལམ་གྲྭ་སྐོར་མཛད་སྐབས་ལན་མྱུར་ཞིང་གསལ་ལ་མཐོ་བ་སྐུའི་རྣམ་འགྱུར་སོགས་གང་ཐད་ནས་ཁྱད་ཐོན་པས་མཁས་པ་མཐའ་དག་གིས་བསྔགས་པའི་རོལ་མོ་འཁྲོལ་བ་བྱུང་། དེ་ནས་ལམ་སེང་རྒྱུད་གྲྭར་ཕེབས་འདུན་ཆེ་ནའང་། ཚོགས་མཆོད་གྲོལ་མཚམས་འདུལ་བ་མཁན་པོ་གནང་དགོས་ཚུལ་༸གོང་ས་མཆོག་ནས་བཀའ་བབས་པས་མ་འགྱངས་པར་འདུལ་བ་མཁན་པོའི་ཁྲི་འདོན་མཛད། སྟོད་ལུང་ལྡིང་ཁའི་དགོན་པ་འདུལ་བ་མཁན་པོ་སྔ་ཕྱིའི་འཛིན་ཐེབས་སུ་ཡོད་པས་དེར་ཡང་ཁྲི་འདོན་མཛད། ལན་གཅིག་རྩེ་ཡི་བཞུགས་གྲལ་དུ་སེ་ར་བྱེས་བའི་བླ་མ་མཁས་གྲགས་ཤིན་ཏུ་ཆེ་བ་དེ་དང་ལྷན་ཅིག་ཚོགས་གླེང་མཛད་དེ། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེས་སོགས་ཀྱིས་བདེན་བཞིའི་ཆོས་འཁོར་གྱི་གདུལ་བྱ་བསྟན་པ་ཡིན་ཚུལ་གྱི་བགྲོ་གླེང་བཏང་བས། སྐབས་ཞིག་ཕ་རོལ་པོས་བྱེ་བྲག་སྨྲ་བར་གྱུར་པའི་བྱང་སེམས་དེ་ཉན་ཐོས་ཀྱི་རིགས་ཅན་ཡིན་ཟེར་དགོས་བྱུང་བ་ལྟ་བུ་ཀུན་ཡ་མཚན་པ་བྱུང་། འདིའི་སྐབས་ལས་དོན་སོགས་ཀྱི་ཐུགས་གཡེང་ཆུང་བས། ཐུན་མོང་དང་ཐུན་མོང་མ་ཡིན་པ་རིམ་གཉིས་ཀྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བས་ཉམས་རྟོགས་ཡར་ཟླ་ལྟར་འཕེལ། དེ་ནས་ལོ་དྲུག་སོང་བ་ཤིང་ལུག་ལོར་རིགས་གྲྭ་ཉིན་བཅོ་ལྔའི་རིང་མང་ཇ་ཚ་བྲ་འགྱེད་ཆེན་སོགས་བཏང་། སླར་ཡང་འདུལ་བའི་ཁྲིར་རང་འཇགས་བཞུགས། འདུལ་བ་བླ་བྲང་འདི་འཚུབ་ཆེ་ཡང་ཉིད་ལ་འཚུབ་ཅི་ཡང་མེད་ཅིང་ཟ་ཟིར་གྱི་གཡེང་བ་ཆུང་ཞིང་ཐུགས་དམ་འཕེལ་བ་སོགས་ཀྱི་ཁོངས་ནས་དཔེ་ཁྲིད་གནང་ཚུལ་ཡང་།ལ་ལ་ཤེས་རབ་ཆེ་མདོག་གིས་ཡིན་ཟེར་ན་འདི་བཞིན་བྱས་ཆོག །མིན་ཟེར་ནའང་འདི་བཞིན་བྱས་ཆོག་ཅེས་རྣམ་གྲངས་མང་ལ་ཐག་ཆོད་པའི་མཛུབ་མོ་འཛུགས་ས་མེད་པ་དེ་འདྲ་མང་པོ་འོང་བར་སྣང་ཡང་། དེ་འདྲ་གཏན་མི་མཛད་པར་རྩ་བའི་ཡིག་ཆའི་དགོངས་པ་གཞིར་བཞག །གྲྭ་ཚང་གི་ཁས་ལེན་གྱི་རྒྱུན་འདི་ཡིན་ཞེས་གོ་བདེ་ལ་མདོར་དྲིལ་བའི་གཙང་སིང་ངེ་བ་རེ་གསུངས་ཏེ་སེམས་ལ་འཇགས་ནས་ཤིན་ཏུ་ཕན་ཐོགས་པ། སྔོན་འབྲེ་ཆེན་པོ་ཤེས་རབ་འབར་གྱི་ཞལ་ནས། ཆོས་གཅིག་ལ་དགེ་བཤེས་ཤ་རྭ་པའི་ཆོས་ལས་ཞེ་གཤིན་པ་ཞིག་མེད། རྒྱ་གར་གྱི་པཎ་གྲུབ་འདིས་འདི་སྐད་གསུང་ཞེས་པ་ལས་རང་བཟོ་དང་བོད་ཀྱི་སྲ་བསྲེ་གཏན་ནས་མི་བྱེད་གསུངས་པ་ལྟར་ཡོད། མེ་བྱི་ལོ་པཎ་ཆེན་ཐམས་ཅད་མཁྱེན་པས་རྒྱལ་བའི་དབང་པོ་ཐུགས་རྫོགས་མཛད་སྐབས་ལས་གྲལ་ལ་བཞུགས། ལོ་ཧྲིལ་པོར་པཎ་ཆེན་ཐམས་ཅད་མཁྱེན་པས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་གསུང་གི་བདུད་རྩི་མང་དུ་མནོས།
        ཞེ་བརྒྱད་པ་ས་ཕག་ལོར་༸གོང་ས་མཆོག་ནས་ཕྱི་ལོར་རྒྱ་ནག་གོང་མ་ཆེན་པོ་དགུང་ལོ་བདུན་ཅུར་ཕེབས་རྒྱུའི་བ་ཡར་༼དགའ་སྟོན་༽མཁན་པོར་ཕེབས་དགོས་བཀའ་ཕེབས་ལྟར་ལོ་དེའི་ཟླ་བ་བཅུ་གཅིག་པ་ལ་ལྷོ་ཁ་བརྒྱུད་ཕེབས་ཐོན་གནང་། ལྕགས་བྱི་ཟླ་བདུན་པའི་ནང་ཡེ་ཧོར་དུ་འབྱོར། ཕྱི་ཉིན་གོང་མ་ཆེན་པོར་ཐོག་མའི་འཚམས་ཞུ་ཕུལ། པཎ་ཆེན་ཐམས་ཅད་མཁྱེན་པ་མཇལ་བས་བོད་ཕྱོགས་ཀྱི་གསུང་གླེང་མང་དུ་གནང་། ཚེས་བཅུ་གསུམ་ཉིན་རྒྱལ་པོའི་འཁྲུངས་སྐར་གྱི་བ་ཡར་དངོས་གཞིའི་རྟེན་འབྱུང་གི་ཐོག་ལེགས་འབུལ་བྱེད་དགོས་པས། རྒྱལ་པོ་དང་པཎ་ཆེན་མཆོད་ཡོན་གོང་དུ་བཞུགས། ལྕང་སྐྱ་རྡོ་རྗེ་འཆང་། བཙན་པོ་ནོ་མན་ཧན། རྟ་ཚག་རྗེ་དྲུང་སོགས་ནང་གི་ཛ་སག་བླ་མ་རྣམས་ནས་ཞལ་འདོན་གསུངས་པའི་འཕྲོར་མཁན་རིན་པོ་ཆེ་ཉིད་ནས་བརྟན་བཞུགས་ཀྱི་བཤད་པ་གནང་རྗེས་ཆས་རྣམས་འདོན་པའི་ཚིག་དང་བསྟུན་ནས་རིམ་བཞིན་གོང་མའི་ཕྱག་ཏུ་ཕུལ་བ་བཞེས་ཏེ་ཤིན་ཏུ་དགྱེས་པའི་རྣམ་པ་མཛད། དེ་ནས་སྟོན་མོའི་སྐབས་མཁན་རིན་པོ་ཆེ་ཉིད་དང་། ཡེ་ཧོར་པོ་ཏ་ལའི་མཁན་པོ་མདུང་ནག་ཞབས་དྲུང་གཉིས་ཀྱིས་ཚོགས་གླེང་བྱས་པར་བརྗོད་དོན་ཕུན་སུམ་ཚོགས་ཤིང་། རྗོད་བྱེད་ཚིག་བཀྲ་ལེགས་པ་དང་རྣམ་འགྱུར་སོགས་སྒོ་ཐམས་ཅད་ནས་ལྷུན་ཆགས་པས་མིག་དང་རྣ་བའི་བདུད་རྩི་སྤྲོ་བར་མཛད་པ་སོགས་ཀྱིས་གོང་མ་ཆེན་པོ་ཐུགས་མགུ་བར་གྱུར། དེ་ནས་གྲལ་དུ་བཞུགས་སྐབས་གོང་མ་ཆེན་པོ་ནས་ཏཱ་ལའི་བླ་མའི་སྐུ་ཚབ་ཀྱི་གདན་དམའ་སོང་འདུག་གསུངས་ནས་འབོལ་སུམ་རྩེག་བྱེད་དུ་བཅུག་ཅིང་། ཧོ་ཐོག་ཐུ་དེར་སྡོད་ཅེས་ཧོ་ཐོག་ཐུའི་ཐོབ་དང་། ཡང་མྱུག་གི་ལྭ་བ། བྱུ་རུའི་རྒྱན་ཕྲེང་སོགས་གནང་། གོང་མ་ཆེན་པོའི་བཀས་སླར་དགུན་ཐོག་དེར་རྒྱ་ནག་ལ་བཞུགས། པཎ་ཆེན་རིན་པོ་ཆེ་ནས་ད་ལམ་ཁྱེད་ཀྱིས་རྒྱལ་དབང་རིན་པོ་ཆེའི་སྐུ་དོན་ལ་རྒྱ་འདི་ལས་ལྷག་པ་གོ་གཅོད་ཚུལ་མེད། ལེགས་སོ་རྒྱ་ཆེ་བ་ཞིག་བོད་དུ་སོང་ནས་བྱེད་རྩིས་ཡིན། ད་ལམ་མཚོན་བྱེད་ཡིན་གསུངས་ནས་བདག་རྐྱེན་སྤམ་ཆེར་བསྩལ། ཉིད་སྐབས་སྐབས་ལྕང་སྐྱ་རིན་པོ་ཆེའི་མདུན་དུ་ཕེབས་པར། ཉིན་གཅིག་ལམ་ཤེས་ཀྱི་ཡན་ལག་ལས་བརྩམས་པའི་དྲི་བ་ཞིག་གནང་བྱུང་བར། དོན་བདུན་ཅུ་དང་སྐབས་གཉིས་པའི་མཐའ་དཔྱོད་གཉིས་ཚིག་ཟིན་ཅུང་མི་འདྲ་ཚུལ་ཞུས་པས། ཁྱེད་ཀྱིས་ད་དུང་ཡིག་ཆ་མ་བརྗེད་འདུག་པ་ཤིན་ཏུ་ལེགས། འཇམ་དབྱངས་བཞད་པའི་ཡིག་ཆ་འདི་གོ་ན་རི་མཐོན་པོའི་རྩེ་ནས་བལྟ་དུས་རི་ཆུང་ཐམས་ཅད་ཁ་འོག་ཆུད་ཡོད་པ་ལྟ་བུ་ཞིག་ཡིན། ངེད་ལས་དོན་གྱི་གཡེང་བས་སློབ་གཉེར་བསམ་པ་ལྟར་མ་བྱུང་ཡང་། ད་ལྟ་པོ་ཏི་ལྔ་ལ་གོ་བ་ཞིག་ཆགས་པ་ཡིག་ཆ་འདིའི་དྲིན་ཡིན་གསུངས། ཡང་དེང་སང་དགེ་བཤེས་འགའ་ཞིག་ཤེས་རབ་ཆེ་མདོག་ཁ་པོ་ཡོད་ཀྱང་རྩོད་གྲྭ་བཞག་ནས་ལོ་གཉིས་གསུམ་ཞིག་སོང་དུས་རྗེས་མེད་དུ་འགྲོ་འདུག །སྔོན་གྱི་དགེ་བཤེས་འདི་ཚོས་གང་ཤེས་པ་དེ་བརྗེད་རྒྱུ་མེད་པ་རྡོ་ཐོག་ཏུ་ཕུར་བ་བཏབ་པ་འདྲ་བ་ཞིག་འདུག་པ་དེ་སྔོན་དང་དེང་སང་གི་མིའི་རང་བཞིན་བརྟན་མི་བརྟན་དང་། དང་པོ་ནས་སློབ་གཉེར་རྒྱག་ལུགས་མི་འདྲ་བས་རེད་ཅེས་བསྔགས་བརྗོད་མཛད་འདུག དེའི་རྗེས་པཎ་ཆེན་ཐམས་ཅད་མཁྱེན་པ་དགོངས་པ་གཞན་དུ་གཏད་རྗེས་ཧོ་ཐོག་ཐུ་རྣམས་དང་ལྷན་དུ་ཟླ་གཅིག་རིང་དགོངས་རྫོགས་ཀྱི་རིམ་པ་བསྒྲུབས། དེ་སྐབས་ཕྱོགས་སོ་སོ་ནས་པཎ་ཆེན་ཐམས་ཅད་མཁྱེན་པར་བསྙེན་རྫོགས་ཞུ་ཕྱིར་འོངས་པ་མང་པོ་ལུས་པ་རྣམས། ལྕང་སྐྱ་རིན་པོ་ཆེ་ནས་པཎ་ཆེན་གྱི་ཡོངས་འཛིན་ལ་བསྒྲུབ་ཏུ་བཅུག་ན་ཞུས་པར། གོང་མས་ཏཱ་ལའི་བླ་མའི་ཨེ་ཆེ་མཁན་པོ་འདུག་པ་དེ་ལ་བསྒྲུབ་ཏུ་ཆུག་གསུངས་ཏེ་བསྒྲུབ་བྱ་སུམ་བརྒྱ་ལྷག་ཙམ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕོག་སྟེ་ཐར་པའི་ས་བོན་གྲུང་པོ་འདེབས་པར་མཛད། དེ་ནས་ཡར་ལམ་དར་རྩེ་མདོ་ནས་བཟུང་གཞུང་ལམ་བརྒྱུད་༼ནུབ་གངས་ལའི་མདོ་ཨ་ལ་རྡོ་ཐུག་ན་བཞུགས་པའི་དགོང་མོ་བསྟན་མ་ཕེབས་ཏེ་ཁྱེད་ལ་སྒོ་མང་མཁན་པོ་ཡོང་གསུང་པ་ཞིག་མཚན་ལམ་ལ་བྱུང་གསུངས་༽ཕེབས་ལམ་ལ་ཉེ་ཞོ་ཅི་ཡང་མེད་པར་བསྟན་འགྲོའི་དོན་མཛད་བཞིན་པའི་མུར་ལྷ་སར་ཕེབས། པོ་ཏཱ་ལར་༸གོང་ས་སྐྱབས་མགོན་ཆེན་པོ་མཇལ་ཏེ་གོང་མ་ཆེན་པོའི་གསེར་ཡིག་དང་། རྟེན་ཆས་བསམ་གྱིས་མི་ཁྱབ་པ་རྣམས་སྤྱན་ལམ་དུ་བསྟར། གཞུང་ནས་སྟོན་ཆེན་གནང་། ཞག་ཤས་སོང་ནས་འབྲས་སྤུངས་ལ་ཕེབས། ཚོགས་ཆེན་དང་གྲྭ་ཚང་བསམ་བློ་ཁང་ཚན་བཅས་པར་བསྙེན་བཀུར་གཟབ། སྔོན་དུ་ཧོར་ཟླ་བདུན་པའི་རིགས་གྲྭའི་དུས་རྒྱ་ནག་ཏུ་བཞུགས་སྐབས་འཁེལ་ཡང་། གོང་མའི་གྲེའི་རྩེ་ཐོག་བཀའ་མངགས་ལྟར་འདུལ་བའི་རིགས་གྲྭ་ལན་གཉིས་པ་དེ་སྔར་ལས་ལྷག་པ་གཏོང་གནང་མཛད་འདུག དེ་ནས་འདུལ་བ་བླ་བྲང་རྩིས་སྤྲད་ནས་ལྷ་དབང་གླིང་དུ་ཟུར་བཞུགས་མཛད། སྐབས་དེར་༸གོང་ས་མཆོག་ནས་ཁྱེད་རང་རྒྱ་ནག་གོང་མར་བ་ཡར་འབུལ་བར་འགྲོ་སྐབས་འདི་གའི་བསྟན་སྲིད་ལ་རྒྱར་ཤིན་ཏུ་ཕན་པ་བྱུང་བས་དམིགས་བསལ་ཡིན་གསུངས་ཏེ་ལྷོ་བྲག་ཆུང་ཚང་དགོན་མ་ལག་དང་བཅས་པའི་མཁན་པོ་བདག་རྐྱེན་ལ་གནང་། དེར་བྱོན་ནས་ཁྲི་འདོན་མཛད་དེ་ལོ་བདུན་རིང་འཛིན་བདག་གནང་། བིས་མདོ་མི་ཚན་ལ་སྔར་ཚོམས་མེད་པས་རྒྱལ་ཁང་རྩེའི་ཁང་མིག་རྣམས་ཉོས་ནས་མི་ཚན་གྱི་ཚོམས་སུ་སྦྱོར་འཇགས་ཞུས།དེ་ལྟར་ལྷ་དབང་གླིང་དུ་བཞུགས་རིང་། ཕལ་ཆེར་བཅད་རྒྱ་ལྟ་བུའི་ངོས་ནས་ཐུགས་དམ་འཕེལ་བ་བྱུང་། ཆུ་སྟག་ལོར་གྲུབ་དབང་ཀློང་རྡོལ་བླ་མ་རིན་པོ་ཆེའི་དྲུང་ནས་བྱང་ཆུབ་ལམ་རིམ་ཆེན་མོ་དང་འགྲེལ་བ་བཞི་སྦྲགས། ནག་པོ་གཞུང་དྲུག་ཕྲེང་བ་སྐོར་གསུམ་སྒྲུབ་ཐབས་བརྒྱ་རྩ་སོགས་བརྒྱ་རྩ་ཁག་གསུམ། འཕྲུལ་འཁོར་ཡིག་ཆུང་། མགོན་པོ་སོགས་ཀྱི་བེའུ་བུམ་ཁག་སོགས་ཆོས་རྒྱུན་དཔག་ཏུ་མེད་པ་རྒྱ་མཚོ་ལས་ཆུ་བཅུ་བ་བཞིན་དུ་བཞེས་ནས་ཐུགས་ཀྱི་ཡོལ་གོ་འགེངས་བར་མཛད།
        ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་རིན་པོ་ཆེ་ལ། ལྷ་ས་རྨེ་རུར་འདུལ་བ་མདོ་རྩ་བའི་བཤད་ལུང་ཞུས་པར་ཞལ་བཞེས་བྱུང་ཡང་། རྒྱལ་ཚབ་ནོ་མན་ཧན་ནས་དེར་བཀའ་མ་ཁྲོལ་སྟབས། དགེ་རྒན་མཁན་རིན་པོ་ཆེ་བསྐལ་བཟང་དངོས་གྲུབ་ལ་ད་ཆ་གཞན་ཐབས་མི་འདུག་པས་འབྲས་སྤུངས་ཀྱིས་མིང་ཞིག་འཇོག་དགོས་འདུག་པར་ཞུས་པ་བཞིན། བླ་མ་ཚོགས་འདུའི་སྟེང་ནས་གླེང་བསླངས་ཏེ་མཁན་པོས་ད་ལམ་བླ་མ་དང་། གདན་ས་ཆོས་ཐམས་ཅད་གཞན་དང་མི་འདྲ་བས་ཞུས་ཐོངས་ཞེས་གྲོས་མགོ་བཏོན་ཏེ་གདན་འདྲེན་ཞུས། འདུས་པ་ལྔ་སྟོང་ཙམ་ལ་ཉིན་ཉི་ཤུའི་རིང་འདུལ་བ་མདོ་རྩ་བའི་བཤད་ལུང་དང་གྲྭ་ཚང་སོ་སོར་བཀའ་ཆོས་བསྩལ། འབྲས་སྤུངས་སྤྱི་སོར་གཏོང་སྒོའི་ཆོས་གཞི་ལས་སྤྲོད་ལེན་ཆེར་མེད་སྟབས་འབུལ་བ་ཆེར་མི་འདུག་ཀྱང་ཉིད་རྩ་བའི་ཞུ་བ་བོར་སོང་སྟབས་འབུལ་བ་སྤམ་ཆེས་ཆེར་ཕུལ་བར། བཀའ་ཆོས་གྲོལ་ནས་ཕྱིར་ཡོང་སྐབས། རྒན་མཁན་པོས་ཁྱེད་ཀྱིས་ངེད་འབྲས་སྤུངས་བླ་མ་རྣམས་ཀྱི་ངོ་འབག་བཤུས་སོང་ཞེས་རྩེད་མོ་གནང་། ཤིང་འབྲུག་ལོར་ཀུན་མཁྱེན་འཇིགས་མེད་དབང་པོ་དབུས་སུ་ཕེབས་སྐབས་ཁྱེད་བཀྲ་ཤིས་འཁྱིལ་དུ་ཕེབས་དགོས་གསུངས་པར་ཁས་ལེན་ཞུས། དེའི་ཕྱི་ལོར་གཞུང་ས་མཆོག་གི་བཀའ་ལྟར་སླར་ཡང་རྒྱ་ནག་ཏུ་བ་ཡར་མཁན་པོར་ཕེབས། རྟ་ལོའི་ལོ་གསར་ལ་ཞབས་བརྟན་དང་རྟེན་ཆས་འབུལ་རྒྱུ་སོགས་གྲ་འགྲིག་བྱུང་། གོང་མ་ཆེན་པོས་ཀྱང་སྔ་མའི་སྐབས་བཞིན་དགྱེས་གཟིགས་ཚད་མེད་བསྐྱངས། ཡར་ལམ་ཀུན་མཁྱེན་འཇམ་དབྱངས་བཞད་པ་མདོ་སྨད་དུ་ཆིབས་ཁ་བསྒྱུར་བ་ནག་ཆུ་ཁར་མཇལ་འཛོམས་བྱུང་། ཕན་ཚུན་ལེགས་སྐྱེས་སྤེལ་ཞིང་གསུང་འཕྲོས་མཛད། ཡར་ཕེབས་ནས་༸གོང་ས་མཆོག་ལ། གོང་མའི་གསེར་ཡིག་དང་རྟེན་ཆས་རྣམས་ཕུལ། གཞུང་གི་སྟོན་ཆེན་སོགས་སྔར་བཞིན་བྱས། འབྲས་སྤུངས་ཚོགས་ཆེན་དང་གྲྭ་ཚང་ཁང་ཚན་མི་ཚན་བཅས་པར་བསྙེན་བཀུར་གཟབ།
        དེ་ནས་མ་འགྱངས་པར་སྒོ་མང་མཁན་པོར་བསྐོ་བཞག་གི་བཀའ་བསྒྱུར། དགུང་ལོ་ང་ལྔར་ཕེབས་པ་ཕྱི་ལོ་༡༧༨༦ མེ་ཕོ་རྟའི་ལོ་ཧོར་ཟླ་བཅུ་གཅིག་པའི་གྲལ་ཚེས་བཟང་པོར། མཁས་གྲུབ་ཀླུ་དབང་འབུམ་གྱི་རོལ་མཚོ་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་ཀྱི་ཁྲི་འཕང་མཐོན་པོར་མངའ་གསོལ། ༸གོང་ས་མཆོག་གི་སྐུ་ཚབ་དང་། གཞན་ཡང་བླ་ཆེན་མི་ཆེན་གྲྭ་ཚང་ཁང་ཚན་མི་ཚན་སོགས་ཀྱི་ལེགས་དར་འབུལ་བ་བདག་གིར་མཛད། གཞུང་ནས་རིགས་ཆེན་གྱི་གཏོང་ཐེབས་ཤེལ་དཀར་དགོན་པའི་མཁན་ས་གནང་བ་ས་ཐག་རིང་བས་ཞབས་དྲུང་སྐུ་ཚབ་ཏུ་མངགས་ཏེ་འཛིན་བདག་མཛད། དགུན་ཆོས་ཆེན་མོའི་འཛིན་གྲྭ་ཕྱེ་བ་དང་དུས་འགྲིགས་པས་པོ་ཏི་ཐམས་ཅད་ཀྱི་མགོ་ནས་བརྩི་བཞག་གནང་། ཕར་ཕྱིན་དམ་བཅའི་སྐབས་འཕྲོས་པ་མཛད་དེ་ཡིག་ཆའི་སྟོད་སྨད་ཀུན་བསྒྲིགས་ཏེ་འདི་ཨེ་འཕངས་འདི་ལ་ཅི་ཟེར་ཞེས་གསུངས་པ་ན་བློ་སྐྱེད་ཆེ་བ་བྱུང་ཞིང་། དེའི་རྐྱེན་གྱིས་རྒྱུན་པར་ཁ་རྒྱལ་གྱིས་བགྲོ་གླེང་ཉི་མ་འཕུལ་ཐབས་བྱེད་པ་ཚོ་ཡང་ཚུར་ཡིག་ཆའི་སྟེང་དུ་འབབ་པ་བྱུང་། སྐབས་ཤིག་བཅའ་ཡིག་གི་སྟེང་ནས་ཚོགས་གཏམ་ཞིབ་རྒྱས་ཤིག་གནང་ནས། ཐམས་ཅད་ལ་འདི་བཞིན་མ་བྱས་པར་ཐབས་ཡོད་ས་མ་རེད་སྙམ་སེམས་ཐོག་ཏུ་ལྕི་ཡོར་གྱིས་འབབ་པ་དང་། སྒྲིག་འགལ་ལོག་སྒྲུབ་ཅན་རྣམས་རང་གནོང་ལ་མེ་བཙའ་ཤ་ཐོག་ཏུ་བབ་པས་ཚ་འུབ་ཀྱིས་འགྲོ་བ། ཚུལ་མཐུན་གྱི་སློབ་གཉེར་བ་རྣམས་དགའ་ལྷང་གིས་འགྲོ་བ་བྱུང་། དེ་ནས་སྒྲིག་ལམ་བྱ་སྤུ་གནོན་ཚུལ་དུ་གནོན་ལུགས་ལས་སྣེ་སོ་སོ་ལ་བཀོད་ཁྱབ་མཛད་དེ་ཚོགས་ཆོས་གྲྭའི་རྟིང་སྐུལ། བརྩི་བཞག་ཡོད་མེད་ཀྱི་ལྟ་རྟོག དབྱར་དགུན་དུས་ཚོད་ལ་དཔག་པའི་ཚོགས་ཚད་གྲོལ་ཚད། འདོན་པའི་དལ་བྲེལ་ཚུན་ཆད་ཉི་མ་གཅིག་ལའང་ཡོ་ཟུར་མེད་པ་བྱུང་བས་གྲྭ་རྒན་མཐར་ཐུག་རྣམས་སྒོ་མང་གྲྭ་ཚང་གི་སྒྲིག་ལམ་ཟེར་བ་དེ་འདྲ་ཞིག་ཡིན་དགོས་ཞེས་གླེང་བ་བྱུང་། ཀློང་རྡོལ་གྲུབ་དབང་རིན་པོ་ཆེའི་ཐུགས་དགོངས་ལ་ཆོས་འཆད་ཉན་གྱི་རྨང་གཞི་འདུལ་ཁྲིམས་རྣམ་དག་འབྱུང་བའི་རྟེན་དུ་མི་འཁྲུགས་པའི་ལྷ་ཁང་ཞིག་གསོ་བྱེད་དགོས་གསུངས་པ་བཞིན། བཞུགས་ཁྲི་གསར་བཟོ་དང་། ཀློང་རྡོལ་ཉིད་ཙ་རིར་ཕེབས་སྐབས་ཀྱི་ཐུགས་དམ་རྟེན་གཙོའི་གླེགས་བམ་དམ་དབྱར་མ་གནང་བ་དང་། རྒྱལ་བ་ཡབ་སྲས་ཀྱི་ན་བཟའ་སོགས་བྱིན་རྟེན་བསམ་གྱིས་མི་ཁྱབ་པ་གཟུངས་གཞུག་ཏུ་ཕུལ་ཞིང་། མི་འཁྲུགས་ལྷ་ཁང་གི་ངོས་ཀུན་ལ་ལྡེབས་བྲིས་ཕུལ་དུ་ཕྱིན་པ་བསྒྲུབས། ཚོགས་གཏམ་རེ་གནང་བའི་ཚེ་སྒྲིག་འགལ་ཅན་རྣམས་ཀྱི་སེམས་ལ་མགོ་ཐོག་ཏུ་གནམ་རྡོ་ལྷུང་བ་ལྟར་ཅི་འདྲ་ཞིག་བབས་ཡོང་སྙམ་ནས་འདར་ཆུམ་མེར་སྡོད་དགོས་པ་བྱུང་།
        དེ་ལྟར་སྒྲིག་ལམ་དམ་ཞིང་འཆད་ཉན་དམར་བའི་ངང་ལོ་ལྔ་ཙམ་འདས་པ་ལྕགས་མོ་ཕག་ཕྱི་ལོ་༡༧༩༡ གི་ལོར་བལ་བོད་ཀྱི་འཁྲུག་པ་ལངས། ཨམ་བན་གཉིས་ཀྱིས་པཎ་ཆེན་རིན་པོ་ཆེ་བདེ་ཆེན་རབ་རྒྱས་གླིང་ནས་ལྷ་སར་གདན་འདྲེན་ཞུས། བལ་དམག་བཀྲ་ཤིས་ལྷུན་པོར་འབྱོར་ནས་སྟོར་བཤིགས་ཚད་མེད་བཏང་། ཨམ་བན་ནས་རྒྱལ་བ་ཡབ་སྲས་གཉིས་ཁམས་མགར་ཐར་དུ་གདན་འདྲེན་རྩིས་བྱས། བོད་པའི་དམག་རྣམས་ནས་གཞུང་གི་མེ་སྒྱོགས་ཆེན་མོ་ཡང་དགྲ་ལ་སྤྲད། གཞུང་གི་མི་ཆེན་ཁེངས་དྲེགས་ཅན་དག་ནི་ཅི་བྱ་གཏོལ་མེད་དུ་གྱུར། གཞུང་དགའ་ལྡན་ཕོ་བྲང་སོག་མའི་ཁྲེས་པོ་ཕོན་ཐག་ཆད་པ་བཞིན་དུ་འགྲོ་གྲབས་བྱུང་བའི་ཚེ། དམ་པ་འདི་ཉིད་ནས་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་སེ་འབྲས་ཀྱི་བླ་མ་རྣམས་བསྡུས་ནས་འཕྲལ་ཡུན་གྱི་གྲོས་མགོ་བཟུང་སྟེ་ཨམ་བན་གྱི་བྱེད་ལུགས་འདི་རེད། གཞུང་གི་མི་ཆེན་ཚོས་ནི་ལབ་ཐུབ་ཀྱི་མི་འདུག རྒྱལ་བ་ཡབ་སྲས་མ་བཞུགས་ན་ཇོ་ཤཱཀ་རྣམ་གཉིས་སེ་འབྲས་དགེ་གསུམ་སོགས་ཆགས་ཐབས་མེད། ད་ཇི་འདྲ་བྱེད་གསུངས་པར། ཐམས་ཅད་ཀྱིས་ཁྱེད་ཀྱིས་གང་གསུངས་དེ་ཀ་ཡིན་གསུངས། དེ་ནས་ཐམས་ཅད་རྒྱལ་བའི་མདུན་དུ་སོང་སྟེ་མཁན་པོ་ཉིད་ནས། རྒྱལ་བ་ཐུགས་རྗེ་ཅན། ཁྱེད་ཀྱིས་གྲྭ་ས་སེ་འབྲས་དགེ་གསུམ་ནས་བཟུང་འདི་ཐམས་ཅད་ཐུགས་ཀྱིས་བོར་ཏེ་གཞན་ལ་ཕེབས་ལུགས་ཡོད་དམ་ཞུས་པས། རྒྱལ་དབང་མཆོག་ནས་དེ་མེད་ཀྱང་ཨམ་བན་དབང་ཆེ་བས་མི་ཉན་པ་འདུག་གསུངས། ཨམ་བན་ལ་ངེད་ཚོས་བཤད་ཆོག་ཅེས་ཐམས་ཅད་ཨམ་བན་སར་ཕེབས། མཁན་པོ་ཉིད་ནས། རྒྱལ་དབང་ཡབ་སྲས་མ་བཞུགས་ན་བོད་ལུང་པར་སངས་རྒྱས་ཀྱི་བསྟན་པ་འདི་གནས་ཚུལ་མེད་པས། རྒྱལ་དབང་གཞན་ལ་ཕེབས་འཇུག་ཐབས་མེད་བྱས་པར་ཁོས་མ་ཕེབས་ན་སྐྱོན་མི་ཡོང་བའི་ཁག་ཨེ་ཐེག་ཁྱེད་ཚོ་ལ་བློ་རྩེ་ཅི་ཡོད་ཟེར། ལན་དུ་ངེད་སེ་འབྲས་དགེ་གསུམ་ལ་གྲྭ་པ་ཁྲི་ཕྲག་འགའ་ཡོད་པས་རྒྱལ་བ་ཡབ་སྲས་བསྲུང་ཐུབ། བློ་རྩེ་དེ་ཡིན་བྱས་པར། ཨམ་བན་ཁྲོས་ཏེ། འདིའི་ཁག་ང་ལ་ཡོད་པས་གདན་འདྲེན་མ་བྱས་པའི་ཐབས་མེད་ཟེར། དེ་ནས་མཁན་པོས་ཀྱང་འོ་ན་གདན་འདྲེན་ཞུར་མི་འཇུག་ཐག་ཆོད་ཡིན། སྐུ་འབུམ་ཐང་ལ་གཅིག་བུད་དང་། སྔོན་ལ་ང་རང་ཚོས་ཐག་ཆོད་དགོས་ཞེས་ཚམ་ཚོམ་མེད་པར་གསུངས་པས། ཨམ་བན་ནས་འོ་ན་སེ་འབྲས་ཀྱི་བླ་མ་ཚོས་རྒྱལ་དབང་ཕེབས་མི་འཇུག་གི་ཞེས་གོང་མར་གྲཻ་ཙི་འཛིན་རྒྱུ་ཡིན་ཟེར་བར། ཅི་ནས་ཀྱང་དེ་ལྟར་གྲཻ་ཙི་བཟུང་ཆོག་པ་ཞིག་བཀའ་དྲིན་ཆེ་དགོས་བྱས་པས། ཐབས་མ་རྙེད་པར་གྲཻ་ཙི་བཏང་སྟེ་རྒྱལ་བ་ཡབ་སྲས་བཞུགས་རྒྱུ་བྱས། མཁན་པོ་ཉིད་ནས་གྲྭ་ས་སོ་སོའི་གྲྭ་པ་གཞོན་ཤར་རྣམས་ཀྱིས་པོ་ཏཱ་ལ་སོགས་བསྲུང་ཚུལ། རྒྱབ་མདུན་གྱི་ལམ་འགོག་ལུགས་སོགས་ཀྱི་བཀོད་ཁྱབ་བཏང་བར་ཐམས་ཅད་ཀྱིས་ཅི་གསུང་དང་དུ་བླངས་ཏེ་མ་བསྐོས་རྒྱལ་པོ་རང་བྱོན་དུ་སོང་། དེའི་སྐབས་ཤིག་ལ་རྒྱ་ནས་སྔར་གྱི་གྲཻ་ཙིའི་ལན་བབ་པས། སེར་འབྲས་ཀྱི་བླ་མ་ཐམས་ཅད་སང་ཉི་མ་རྩེ་ཤར་ལ་ནོར་འཛིན་དགའ་ཚལ་དུ་འབྱོར་དགོས་ཞེས་བརྡ་བརྒྱབ། ཕྱི་ཉིན་འཛོམས་ཐོག་ཏུ་རྒྱ་ནས་གསར་འབྱོར་ཀྲུང་ཐང་ཆེན་མོས་བཀའ་བསྒྲགས་པ་ནི། སེར་འབྲས་དགེ་གསུམ་དང་ལྷ་ས་སོགས་བདེ་བར་གནས་པ་ནི་ཁྱེད་སེར་འབྲས་དགེ་གསུམ་གྱི་བླ་མ་རྣམས་ཀྱིས་རྒྱལ་བ་ཡབ་སྲས་གདན་འདྲེན་ཞུར་མ་བཅུག་པའི་དྲིན་གྱིས་ཡིན། ཁྱེད་རྣམས་སངས་རྒྱས་ཀྱི་དུས་ཀྱི་ཉན་ཐོས་ལྟ་བུ་རེད། ཨམ་བན་གླེན་པ་ལུག་འདྲ་བ་འདིས་པཎ་ཆེན་རིན་པོ་ཆེ་ལྷ་སར་གདན་འདྲེན་ཞུས་པས་བཀྲ་ཤིས་ལྷུན་པོ་ལ་ཆགས་འཇིག་བྱུང་བ་རེད། འདི་ཨ་མྱེ་རྗེ་རིན་པོ་ཆེའི་བསྟན་པ་ལ་ཤེ་མོང་འབུལ་མཁན་ཞིག་ཡིན་པའི་ངོར་འདི་ལ་སྲོག་གི་ཆད་པ་ནི་མེད། ཟླ་བ་གསུམ་རིང་ཡན་བསྐོན་ནས་ལྷ་སའི་ཁྲོམ་ནང་ཞོག་གསུངས། བླ་མ་ཐམས་ཅད་ལ་བདག་རྐྱེན་དང་། ཁྱད་པར་སྒོ་མང་བླ་མ་ཉིད་ལ་ནོར་བུ་མཁན་པོ་ཞེས་པའི་ཆོ་ལོ་གནང་། བླ་མ་གཞན་ཐམས་ཅད་ཀྱིས་ཀྱང་མཁན་པོ་ཉིད་ཀྱི་བཀའ་དྲིན་ཡིན་ཞེས་ལེགས་སོ་འབུལ་ཞིང་མངོན་ལྐོག་མེད་པར་གླེང་ངོ་། །དེ་ནས་ཡང་སྒྲིག་ལམ་དང་འཆད་ཉན་དམར་བ་སྔར་རྒྱུན་བཞིན་མཛད་ཅིང་དགེ་འདུན་རྣམས་ཀྱང་། དགའ་སྤྲོ་དང་བཅས་པས་ཚོགས་ཆོས་ཤིན་ཏུ་འཕེལ། གྲྭ་ཚོགས་ཀྱང་རྒྱུན་བཞུགས་ཉིས་སྟོང་ལྔ་བརྒྱ་ཉེ་བ་བྱུང་།
        དགུང་ལོ་དྲུག་ཅུ་རེ་གཅིག་ཆུ་བྱི་ཕྱི་ལོ་༡༧༩༢ ལོ་འདིར་རིགས་གྲྭ་འཁོར་ཏེ་རིགས་གྲྭའི་འགྱེད་ཆེན་དུ་དངུལ་སྲང་ཁྲི་ཕྲག་ལ་ཉེ་བས་ཚོགས་པ་བདུན་སྟོང་སྐོར་ལ་ཉིན་བཅོ་ལྔའི་རིང་བསྙེན་བཀུར་དང་འགྱེད་བཅས་གཟབ། གྲྭ་ཚང་དང་ཁང་ཚན་མི་ཚན་བཅས་ལ་ལྷག་མཆོད་གཟབ་རྒྱས་ཕུལ། དེའི་རྗེས་སུ་སྒོ་མང་མཁན་པོ་གནང་བ་ཞུས་ཏེ། ཉིད་ཀྱི་དགེ་ཕྲུག་ལྷ་བཙུན་མཐུ་སྟོབས་ཉི་མ་སྒོ་མང་མཁན་ཁྲིར་ཕེབས་ནས། གང་ཉིད་ལྷ་དབང་གླིང་དུ་ཟུར་བཞུགས་མཛད། སྔ་ཕྱི་ཅི་རིགས་ཤིག་ཏུ་ཀློང་རྡོལ་བླ་མ་རིན་པོ་ཆེའི་སྐུ་མདུན་ནས་ལམ་རིམ་ཆུང་ངུ་། སྦས་དོན་ཀུན་གསལ། འཇིགས་བྱེད་བསྐྱེད་རིམ་ཆེན་མོ་སོགས་ཀྱི་བཤད་ལུང་སོགས་གདམས་པ་མང་དུ་གསན། ཉིད་ནས་གྲྭ་ཚང་ལ་མཆོད་རྫས་ཆ་ཚང་ཞིག་འཇོག་རྩིས་གནང་སྟེ།དེ་བཞིན་ཀློང་རྡོལ་བླ་མ་རིན་པོ་ཆེར་ཞུས་པས། འོ་ན་རྒྱ་མཐོངས་ཀྱི་ཆུ་དར་ངེད་ཀྱིས་བཞག་སྟེ་སྨོན་ལམ་ལྷན་གཅིག་ཏུ་བྱས་ན་རྟེན་འབྲེལ་ཁྱད་པར་ཅན་ཞིག་ཡོད་གསུངས་ནས་དེ་བཞིན་གནང་། མཁན་པོ་ཉིད་ནས་གོས་ཆེན་ཁྱད་འཕགས་ཤ་སྟག་ལས་བསྒྲུབས་པའི་ཀ་འཕན་ཕྱེ་འཕུར་བླ་བྲེ་སོགས་མཆོད་རྫས་ཡོངས་སུ་རྫོགས་པ་དངུལ་སྲང་སྟོང་གསུམ་གྱི་རྒྱུ་སོང་དང་དེ་མཚུངས་བསམ་བློ་རྒྱུད་ཁང་དུའང་སྲང་ཉིས་སྟོང་ལ་ཉེ་བའི་མཆོད་རྫས་བཞག གླང་གི་ལོར་ལྷ་སའི་སྨོན་ལམ་ལ་ཡང་འགྱེད་ཆེན་བཏང་སྟེ་ཆོས་དང་ཟང་ཟིང་གཉིས་ཀྱི་སྒོ་ནས་གྲྭ་ཚང་གི་འཛིན་སྐྱོང་འགྲན་ཟླ་མེད་པ་གནང་སྟེ་བཞེད་པ་མཐའ་དག་བར་ཆད་ཕྲ་མོ་ཙམ་ཡང་མེད་པར་མཐར་ཕྱིན་ཏོ། །
        སྐབས་ཤིག་རྒྱ་ནག་ཏུ་བླ་མ་བཟང་པོ་ཞིག་གཏོང་དགོས་བཀའ་བབ་པས། ཨམ་བན་གཉིས་དང་བླ་མ་རྣམས་ནས་མཁན་པོ་འདི་ལ་འོས་ཚུལ་གླེང་བ་ཐུགས་མ་བདེ་བར་ཀློང་རྡོལ་རིན་པོ་ཆེར་ཞུས་པས། རིམ་གྲོ་འགའ་ཞིག་དང་། དེ་ནས་ཨམ་བན་ལ་གསེར་སྲང་བཅོ་ལྔ་སྦྱིན་ན་ཟློག་ཐུབ་ཡོང་གསུངས་པ་ལྟར་དེ་ཁོ་ན་བཞིན་བྱུང་།
        ཤིང་སྟག་ལོར་ངག་དབང་ཝང་གི་དཔོན་མོ་དབུས་ལ་ཡོང་བ་དེའི་སྐྱེལ་མ་བླ་བྲང་དྲུང་ཡིག་དགེ་ལེགས་ཀྱིས་མཚམས་སྦྱར། ཀུན་མཁྱེན་འཇིགས་མེད་དབང་པོའི་སྐུ་ཚ་དབོན་པོ་དཀོན་མཆོག་སེང་གེ་གྲྭ་སར་ཡོད་པས་གཞུང་བཟུང་སྟེ་མདོ་སྨད་དུ་ཕེབས་རྒྱུའི་ཞུ་བ་ཕུལ། ཉིད་ནས་ད་སྐབས་སྐུ་ཞབས་རིན་པོ་ཆེ་མི་བཞུགས་པས་ངེད་སོང་སྟེ་ཕན་ཐོགས་ཡོད་མེད་མི་ཤེས་ཆོས་སྐྱོང་ལ་ལུང་བསྟན་ཞུ་དགོས་གསུངས་ཏེ། གནས་ཆུང་ལ་ཞུས་པས། གཟུགས་མེད་དམ་ལྡན་ལ་དྲིས་པ་ལེགས་ཞེས་སོགས་དང་། ལུས་དང་གྲིབ་མ་བཞིན་དུ་འཕྲིན་ལས་བགྱིད་ཞེས་དང་། མདོ་སྨད་དུའང་འཆད་ཉན་ཡར་རྒྱས་གནང་རྒྱུ་སོགས་ལུང་བསྟན། དགའ་གདོང་དང་། བསྟན་མ་གཉིས་ནས་ཀྱང་དེ་བཞིན་བཀའ་ལུང་བྱུང་། དབོན་པོ་དང་དྲུང་ཡིག་ནས་རྒྱལ་དབང་མཆོག་ལ་དགོངས་པ་ཞུས་པས་དགྱེས་བཞིན་ཁྲོལ། ཡོས་ལོའི་སྨོན་ལམ་སྐབས་དགའ་ལྡན་སེ་ར་གཉིས་ཀྱི་བླ་མས་གཙོས་བླ་མ་རྣམས་ཀྱི་བློ་རྩེ་ གཏད་ས་ཡིན། ངེད་ཚོས་གཞུང་ལ་ཞུས་ནས་ཁོང་མི་ཕེབས་པ་ཞིག་བྱེད་དགོས་ཟེར་ནས་དེ་བཞིན་གནང་ཡང་། རྒྱལ་དབང་མཆོག་ནས་དགོངས་པ་ཁྲོལ་ཟིན་པས་འགོག་ཐུབ་པ་མ་བྱུང་། དེ་ནས་མདོ་སྨད་དུ་འབྱོན་པར་ཐག་བཅད་དེ། རྒྱལ་དབང་ཐམས་ཅད་མཁྱེན་པར་མཎྜལ་རྟེན་གསུམ་དང་འབུལ་ཚན། འབྲས་སྤུངས་ཚོགས་ཆེན་དང་གྲྭ་ཚང་ཁང་ཚན་བཅས་པར་སྐྱབས་ཞུས་ཀྱི་མང་ཇའི་ཐོག་འབྲི་གཡག་གང་ཡོད་ཕུལ། གཞན་ཡང་ཇོ་ཤཱཀ་རྣམ་གཉིས་ལ་མཆོད་འབུལ་གཏོས་ཆེ་བ་མཛད། ཚེས་བཟང་པོར་ལྷ་དབང་གླིང་ནས་ཆིབས་བསྒྱུར་བའི་སྐབས་སུའང་ལྷ་དབང་གླིང་གི་སྟེང་ནས་འཇའ་ཚོན་ཞིག་ཤར་བ་གནས་ཆུང་ལྕོག་སྟེང་དུ་ཟུག དེ་ནས་གཅིག་ཤར་བ་གླིང་ཁར་འབྲས་སྤུངས་བླ་སྤྱིའི་ཇ་ཐབ་བཟུང་པའི་སྟེང་དུ་ཟུག་པས། དགོན་པའི་གྲྭ་དཔོན་སློབ་ཐམས་ཅད་ལྷག་པར་ཡང་མོས་གུས་དང་སྐྱོ་ཤས་ཀྱིས་ཡིད་འཁུལ་བ་བྱུང་། དེ་ནས་བྱང་ལམ་བརྒྱུད་ལམ་གྲོགས་ཚོང་པ་འགའ་ཞིག་དང་བཅས། དགྲ་ཇག་ཆུ་སོགས་ཀྱི་འཚེ་བ་ཕྲ་མོ་ཙམ་ཡང་མེད་པར་གླང་ཆེན་དལ་འགྲོས་ཀྱིས་བྱོན་པ་རིམ་བཞིན་ངུར་སྨྲིག་འཆང་བའི་དགེ་འདུན་མཆོད་རྫས་ཐོགས་པས་སེར་སྦྲེང་དང་བཅས་བླ་བྲང་ཆེན་མོར་ཕྱག་བབ། བླ་བྲང་སོགས་ནས་གསོལ་སྟོན་དང་དགེ་འདུན་ཉིས་སྟོང་བརྒལ་བར་མང་ཇ་དང་ཇ་འགྱེད་བཅས་ཕུལ། ཞག་བཅོ་ལྔ་ཙམ་ནས་ཟུར་དུ་སྤོ་སྐབས་བླ་བྲང་ནས་ཐབ་འཛིན་གྱི་སྐུར་གསོས་ལེགས་པར་ཕུལ། ཡོས་ལོའི་དགུན་སྨད་ནས་འབྲུག་ལོའི་སོས་ཀའི་བར་སྐུ་ངལ་གསོ་དང་སྦྲགས། བཅད་རྒྱར་བཞུགས་ཏེ་ཐུགས་དམ་གཙོ་བོར་མཛད། སྟོན་དུས་ཀ་རིང་གི་དགོན་གྲོང་སྤྱི་ནས་གདན་ཞུས་བཞིན་དེར་ཕེབས། ཡུལ་ལུགས་ཀྱི་སྟོན་མོ་གཟབ། ཚོགས་པར་མང་ཇ་དང་ཞྭ་སྣམ་རེའི་འགྱེད་བཅས་ཕུལ།
དེ་སྔོན་ཀ་རིང་དང་། བིས་མདོ་གཉིས་གྱོད་ལ་ཐུག་སྟེ་ཕན་ཚུན་གཉིས་ཀའི་མི་དྲུག་ཅུ་རྩ་བདུན་བསད། བླ་དཔོན་སུས་བཤད་ཀྱང་མ་འགྲིགས་པར་ལོ་དགུ་ཙམ་སོང་བར། སྐུ་ཉིད་ནས་འདུམ་གསུང་དགོས་ཞུས་ཀྱང་འཕྲལ་དུ་ཞལ་བཞེས་མ་མཛད། དགུན་ཐོག་ཐར་པ་གླིང་ན་ཟླ་བ་གཉིས་ཙམ་འཇིགས་བྱེད་ཀྱི་བསྙེན་མཚམས་གནང་ནས་ཁ་མཆུ་དེ་ཉིད་ཞི་བའི་སྤྱན་དམིགས་ཡང་ཡང་གནང་། ནུབ་གཅིག་མནལ་ལམ་དུ་རྒྱ་མོ་ཞིག་གིས་བོང་བུ་རྐང་པ་དྲུག་ཅན་ཞིག་ཞོན་ཏེ་མདུན་དུ་འོངས་ནས་ཉམ་ཐག་པའི་ཚུལ་གྱིས་ཡུན་རིང་ངུས། མཐར་རླུང་འཚུབ་ལྟ་བུ་ཞིག་ཏུ་གྱུར་ཏེ་ལུང་པ་དེ་ནས་སོང་བ་རྨིས། དེ་ནི་ཕན་ཚུན་གཉིས་ཀྱི་རྒྱུད་དཀྲུགས་པའི་གྱོད་འདྲེ་གདུག་པ་ཅན་ཞིག་ཡོད་པ་དེ་རྡོ་རྗེའི་རྣལ་འབྱོར་གྱི་མཐུས་གཟིར་ནས་གཞན་དུ་བསྐྲད་པ་ཡིན་པར་སྣང་། སྦྲུལ་ལོའི་ཟླ་བ་དང་པོའི་ནང་སྡེ་གཉིས་ཀྱི་བར་གཟུ་གསུངས་ཏེ་ཕན་ཚུན་ལན་འགའ་རེ་བྱོན་བཞུད་མཛད་དགོས་བྱུང་ཡང་ཐུགས་སྐྱོ་ངལ་མེད་པར་ཕན་ཐབས་ཁོ་ན་མཛད་པས་གྱོད་ལེགས་པར་འགྲིགས་ཏེ་སྐྱེ་བོ་དུ་མ་ཚེ་འདིར་འཆི་བདག་གི་མཆེ་བའི་ཕྲག་ནས་བླངས་ཤིང་། ཕྱི་མ་ངན་འགྲོའི་སྒོ་ལམ་བཅད་དེ་ཕན་བདེའི་ལམ་ལ་བཀོད།
        བདུན་པའི་ནང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཉིད་ཀྱི་གཟིམ་ཁང་གསར་པར་བཞུགས། དེ་ནས་ཟླ་བ་ལྔ་དྲུག་ཙམ་ལས་མ་འགྱངས་པར་སྐྱབས་མཆོག་ཀུན་མཁྱེན་སྐུ་ཕྲེང་གསུམ་པ་གདན་སར་བཀོད། རྟ་ལོའི་སྨོན་ལམ་སྐབས་གུང་ཐང་འཇམ་དཔལ་དབྱངས་བཀྲ་ཤིས་འཁྱིལ་གྱི་ཁྲི་དགོངས་ཞུས་ཀྱིས་མཁན་ཆེན་འདི་ཉིད་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲིར་བསྐོ་བཞག་མཛད། ས་ག་ཟླ་བའི་ཡར་ཚེས་ལ་ཁྲི་འདོན་མཛད། ཆོས་གྲྭར་བརྩི་བཞག་འཆག་མེད་ལྟ་བུ་དང་། ཤི་གསོན་གྱི་དོན་ལ་ཐག་ཉེ་རིང་གི་གདན་འདྲེན་བྱུང་བར་ཡང་འདུན་པ་བཞིན་ཕེབས། སྒྲིག་གི་རྟིང་གནོན་ཚ་དྲག་སྒོ་མང་མཁན་པོའི་སྐབས་ལྟར་མ་མཛད་ཀྱང་། ཚོགས་གཏམ་སོགས་ཅི་གསུངས་ཐམས་ཅད་རྒན་གཞོན་ཀུན་གྱིས་སྤྱི་བོས་ནོད་པས་ཤིན་ཏུ་ལེགས་པ་བྱུང་། ཁྲིར་བཞུགས་ཀྱི་རིང་ལ་ཆོས་འཆད་ཉན་འཕེལ་ཞིང་གྲྭ་ཚོགས་རྒྱས་པ་དང་། ཡུལ་ཁམས་སུ་བཀྲ་ཤིས་ཀྱི་དགེ་མཚན་མཆོག་ཏུ་འཕེལ། དགུང་ལོ་བདུན་ཅུ་ལྕགས་བྱི་ལོ་སྨོན་ལམ་གྲོལ་ནས་ཁྲིའི་གནང་བ་ཞུས་ཏེ་ཟུར་བཞུགས་མཛད། དེ་ནས་རྒྱུན་པར་བཀྲ་ཤིས་འཁྱིལ་དུ་འཇིག་རྟེན་གྱི་གཡེང་བ་ཅི་ཡང་མེད་པར་ཟབ་མོའི་ཉམས་བཞེས་ཀྱི་རྟོགས་པ་གོང་དུ་འཕེལ་བའི་ངང་དུ་བཞུགས། རྒྱུན་གྱི་ཐུགས་དམ་མཛད་ལུགས་ཀྱང་། ཐོག་མར་ཀུན་སློང་འཆོས་ཚུལ་དལ་བུས་གནད་དུ་འགྲོ་བ་ཞིག་མཛད་དེ། དེ་ནས་ཞལ་འདོན་སོ་སོའི་སྐབས་ཀྱི་དམིགས་རྣམ་སྐྱོང་། འགྲོ་འདུག་ཉལ་འཆག་གསུང་གླེང་ཟས་སྤྱོད་སོགས་གང་གི་ཚེའང་སྟོན་པའི་བཅས་པ་ལ་ཟོན་བྱེད་བཞིན་མི་འདའ་བར་བཞུགས། ཕྱག་རྫས་རྣམས་ཆུད་ཟོས་སུ་མི་གཏོང་བར་དཀོན་མཆོག་གི་ཞིང་ཁོ་ནར་འགྲོ་བ་མཛད།
        དགུང་ལོ་བརྒྱད་ཅུའི་སྟེང་། ཇོ་ཤཱཀ་སོགས་ལ་མཆོད་ཐེབས་དང་། སྒོ་མང་གྲྭ་ཚང་ལ་ཡང་འགྱེད་ཀྱི་ཐེབས་བཅས་བསྐུར། གྱ་གཅིག་བཞེས་པའི་དབྱར་ཐོག་གུང་ཐང་འཇམ་དཔལ་དབྱངས་ཀྱི་སྐུ་མདུན་དུ་ཕེབས་ནས་ཞལ་ཆེམས་ཀྱི་རྣམ་པ་ལྟ་བུ་འགའ་རེ་གསུངས། ཡང་ནུབ་གཅིག་མནལ་ལམ་དུ་སྨད་སོག་འདྲ་བའི་ཕུ་ཐུང་ཅན་ཞིག་འོངས་ནས། ཁྱེད་དབུས་གཙང་ལ་འགྲོ་དགོས་ཟེར་བས། ངའི་དཔེ་ཆ་དང་སྐུ་གསུང་ཐུགས་རྟེན་རྣམས་ལ་བདག་པོ་མེད་པས་ང་མི་འགྲོ་བྱས་པར། ཁྱོད་འགྲོ་དགོས་ཀྱང་ཕྱིར་མྱུར་དུ་འོང་ཆོག་པས། དེའི་བར་ལ་སྐུ་གསུང་ཐུགས་རྟེན་ངས་བསྲུང་ཆོག་ཟེར་ཞུས། ཁྱེད་སུ་ཡིན་གསུངས་པར་རྡོ་རྗེ་དྲག་ལྡན་གྱི་སྤྲུལ་པ་ཡིན་ཟེར་གསུངས། ཡང་བཅུ་གཅིག་པའི་ཚེས་བཅུ་གཉིས་ཞོགས་ཀ་ཡར་བཞེངས་མ་ཐག་ཤིན་ཏུ་དགྱེས་པའི་རྣམ་པས་ཞོ་ཁྱེར་ཤོག་གསུངས་ཏེ་ཐུར་མ་གང་བཞེས། མདང་ངའི་རྨི་ལམ་དུ་རྣལ་འབྱོར་པ་ཞིག་ཕེབས་བྱུང་བར། ངས་ཁྱེད་སུ་ཡིན་དྲིས་པར། ང་བདེ་མཆོག་གི་རྣལ་འབྱོར་པ་ཞིག་ཡིན་ངས་ཁྱེད་ལ་བདུད་རྩི་ཁྱེར་ཡོད་གསུངས། བདུད་རྩི་ག་རེ་ཞུས་པས། ཀ་པཱ་ལི་ནས་བདུད་རྩི་ང་ལ་སྦྱིན་ནས་ད་ཁྱེད་གདན་ཐོག་འདི་ནས་ཞིང་ལ་ཕེབས་རྒྱུ་ཡིན་གསུངས་བྱུང་། དེ་ཡང་རྟགས་གཅིག་རེད་གསུངས་པ་ལ། ཕྱག་མཛོད་ཀྱིས་རྣལ་འབྱོར་པ་དེ་སུ་ཡིན་ཞུས་པར། ངའི་བླ་མ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཚང་ཡིན་གསུངས། བཅུ་གཅིག་པའི་གནམ་གང་ཉིན་གུང་ཐང་འཇམ་དཔལ་དབྱངས་གཟིམ་ཆུང་དུ་གདན་ཞུས་ཀྱིས་དམ་ཚིག་གསོ་བའི་ཕྱིར་དྲིལ་བུ་ལྷ་ལྔའི་དབང་བཞི་རྫོགས་པར་གསན། ཟླ་བ་བཅུ་གཉིས་པའི་ནང་ནུབ་གཅིག་གསོལ་དཔོན་ལ་ཁྱེད་ཡར་ལོངས། ཤར་རྩེ་མཁན་པོ་ཕེབས་ཀྱི་ཡོད། བདེ་མཆོག་གི་ལྷ་ཐམས་ཅད་ཀྱང་ཕེབས་ཀྱི་ཡོད་པ་ཁྱེད་ཀྱིས་ཨེ་མཐོང་གི བདེ་མཆོག་གསུང་གི་ཡོད་པ་ཁྱེད་ཀྱིས་ཨེ་ཐོས་གསུངས། ཡང་ལན་གཅིག་ན་བཟའ་གསར་པ་བཞེས་ཏེ་ཇོ་བོ་རིན་པོ་ཆེ་དང་། ར་མོ་ཆེ་གཉིས་ལ་མཇལ་བར་འགྲོ་གསུང་བ་སོགས་ཉམས་དང་རྨི་ལམ་འདྲེས་པའི་དག་པའི་སྣང་བ་སྣ་ཚོགས་ཤིག་བྱུང་ཚོད་དུ་སྣང་། ཉིན་གཅིག་གསོལ་དཔོན་ལ། གདུང་འཁྲུད་བྱེད་ཀྱི་དྲི་བཟང་ཚགས་གྱིས་གསུངས་པར། ཁོས་ཁྱེད་ཐུགས་དམ་ལ་བཞུགས་ཚེ་གདུང་བཀྲུས་ན་ཐུགས་དམ་ལ་ཨེ་གནོད་ཞུས་པར། ཐུགས་དམ་གྱི་སྐབས་དྲི་བཟང་གིས་འཁྲུད་པ་དང་། སྤོས་སྦྱར་བ་སོགས་ཀྱིས་མི་གནོད་པ་ང་ཚོ་རི་བོ་དགེ་ལུགས་པའི་ཐུགས་དམ་གྱི་ཁྱད་ཆོས་ཡིན་གསུངས་པ་ནི། དགེ་ལུགས་པ་ལ་རྟོགས་པ་མཐོ་དམན་སྣ་ཚོགས་ཡོད་ཀྱང་། ཉིད་འཁྲུལ་བྲལ་བསྟན་པའི་སྙིང་པོར་ཉམས་ལེན་གྱི་རྟོགས་པ་བརྟན་པོའི་གདེང་ཐོབ་པའི་གསུང་དུ་སྣང་། དེ་ལྟར་སྐུ་ཚེ་གཅིག་གི་མཛད་པ་མཐའ་དག་དགོངས་པ་བཞིན་མཐར་འཁྱོལ་ཏེ། དེད་དཔོན་ཆེན་པོ་དགོས་འདོད་གྲུབ་ནས་རང་ཡུལ་དུ་ལྡོག་པ་ལྟར།
        དགུང་ལོ་གྱ་གཅིག་པ་རབ་བྱུང་༡༤ ཆུ་སྤྲེལ་ཕྱི་ལོ་༡༨༡༢ ལོའི་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་དགུའི་ཐོ་རེངས་མངོན་པར་བྱང་ཆུབ་པའི་དུས་སུ་གཟུགས་སྐུའི་བཀོད་པ་བསྡུས་ཏེ་ཆོས་དབྱིངས་སུ་གཤེགས། བདུན་ཕྲག་གཅིག་རིང་ཐུགས་དམ་ལ་བཞུགས། ཞིང་ལ་ཕེབས་རྗེས་གདུང་ཁྲུས་དང་། གདུང་ཞུགས་འབུལ་སོགས་ཐུགས་ཀྱི་དགོངས་པ་རྫོགས་ཐབས་ལ་འདུན་པ་ཆིག་དྲིལ་དུ་འབད།
གསུང་ཆོས་གསན་ཡུལ། ༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ། པཎ་ཆེན་དཔལ་ལྡན་ཡེ་ཤེས། ལྕང་སྐྱ་རོལ་པའི་རྡོ་རྗེ། ཀུན་མཁྱེན་འཇིགས་མེད་དབང་པོ། རྗེ་ཕུར་ལྕོག་ངག་དབང་བྱམས་པ། ཀློང་རྡོལ་གྲུབ་དབང་རིན་པོ་ཆེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། རྒྱལ་སྲས་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་སོགས་མང་ངོ་། །
        འཁྲུངས་རབས་ནི། འཕགས་པའི་ཡུལ་དུ་ཀླུ་སྒྲུབ་ཀྱི་ཡབ་བྲམ་ཟེ་ལེགས་སྐྱེས་དཔལ། གྲོང་ཁྱེར་ཀཽ་ཤམ་བྷི་རུ་རྒྱལ་སྲིད་སྐྱོང་། དེ་ནས་ཆོས་རྒྱལ་ཨ་ཤོ་ཀ དྲི་མེད་བླ་མས་རྗེས་བཟུང་རྣལ་འབྱོར་དབང་པོ། ཙི་ནའི་རྒྱལ་སྲིད་སྐྱོང་མཛད་སིང་ཧའི་མཚན། བོད་རྗེ་རྒྱལ་སྲས་སད་ན་ལེགས་མཇིང་ཡོན། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། རྗེ་སྨོན་ལམ་དཔལ། ཁྲི་ཆེན་དཔལ་འབྱོར་རྒྱ་མཚོ། སྒོ་མང་མཁན་ཆེན་བློ་བཟང་ཆོས་དར། དེའི་སྤྲུལ་སྐུ་ལྷ་ཞིས་ནས་འཁྲུངས་པ་བློ་བཟང་དཀོན་མཆོག་ཆོས་དར། དེའི་སྐུ་སྐྱེ་མཁན་སྤྲུལ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་བཅས་བྱོན་པ་འཇམ་བཞད་སྐལ་བཟང་ཐུབ་བསྟན་དབང་ཕྱུག་གི་གསུང་ལས་ཕྱུངས་པའོ། །
                                                                      རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།