འབྲས་སྒོ་མང་གདན་རབས་ཞེ་གཉིས་པ་ཧོར་མཁན་ཆེན་སྐལ་བཟང་དངོས་གྲུབ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-27 20:12:29     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

21593640619325248.jpg

                            བརྒྱུད་འདེབས་ལས།
                                       བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་འཛིན་དབུས། །
                                       མི་འཇིགས་སྤོབས་པ་མཆོག་བརྙེས་འདུས་པའི་གཙོ། །
                                       ཐར་འདོད་རྣམས་ལ་ཐར་ལམ་དངོས་གྲུ༷བ་ཀྱི། །
                                       འབྱུང་གནས་བཤེས་གཉེན་དམ་པར་གསོལ་བ་འདེབས། །ཞེས་བྱུང་།
        གདན་རབས་ཞེ་གཉིས་པ། མཁན་ཆེན་ཧོར་བསྐལ་བཟང་དངོས་གྲུབ་ནི། བྱང་བར་ཐར་འཁྲུངས། སྒོ་མང་གྲྭ་ཚང་དུ་བཞུགས། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས།
        མཁས་བྱའི་གནས་ལ་མི་ཐོགས་པའི་སྤོབས་པ་བརྙེས། རབ་བྱུང་༡༣ ཤིང་ལུག་ཕྱི་ལོ་༡༧༧༥ ལོར་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིར་ཕེབས། འཆད་ཉན་ཡུན་རིང་མཛད། རིགས་ཆེན་ལན་གཉིས་བཏང་། གུང་ཐང་འཇམ་དཔལ་དབྱངས་དགུང་ལོ་བཅུ་བདུན་བཞེས་པ་ས་ཁྱི་ཟླ་བཅུ་པའི་ཚེས་བཅུ་བདུན་ཉིན་སྒོ་མང་ཆོས་གྲྭར་ཞུགས་སྐབས་མཁན་ཆེན་འདི་ཉིད་ཡོངས་འཛིན་གྱི་གཙོ་བོར་བསྟེན། ཆུ་སྟག་ལོར་ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེངྒེ་དང་། ཆུ་ཡོས་ལོར་རྒྱལ་མཁན་ཆེན་གྲགས་པ་རྒྱལ་མཚན་བཅས་སྒོ་མང་ཆོས་གྲྭར་རིམ་བཞིན་ཞུགས་སྐབས་མཁན་ཆེན་འདི་ཉིད་ལས་བརྩི་བཞག་དང་སྤྱི་གཞུང་དཔེ་ཁྲིད་དོགས་གཅོད་སོགས་ཞུས། གཞན་ཡང་མཁན་ཆེན་འདི་ཉིད་སྐབས་འདུ་ཁང་ནང་གི་ཚོན་རྩི་ཉམས་གསོ་མཛད། འདི་ཉིད་ཀྱི་སྐུ་ཕྲེང་རིམ་བྱོན་ལ་བར་ཐ་ཚང་ཞེས་པའི་མཚན་ཆགས།
        གསུང་རྩོམ་ཡང་འདུལ་བ་ཧོར་སྤྱིར་བསྟན་དུ་གྲགས་པ་དེ་འགྲོ་དོན་ཆེ་བས་ཡིག་ཆ་ལྟ་བུ་བྱེད་དོ། །
དེའི་སྐུ་ཕྲེང་གཉིས་པ་སྒོ་མང་གི་ཁྲིར་ཕེབས་པར་གྲགས་ཀྱང་ངོ་མ་འཕྲོད།
        སྐུ་ཕྲེང་གསུམ་པ། བཀའ་འགྱུར་པ་ཆེན་པོ་བར་ཐོག་རིན་པོ་ཆེ་བློ་བཟང་ཆོས་འཕེལ་བསྟན་འཛིན་ཞེས་དབང་ལུང་མན་ངག་གི་མཛོད་དུ་གྱུར་པ་ཞིག་བྱུང་བ་དེའི་མདུན་ནས་གུང་རུ་མཁན་ཆེན་བསྟན་པ་ཆོས་འཕེལ་གྱིས་གསུང་ཆོས་མང་དུ་གསན་པ་ཁྲི་བྱང་རྡོ་རྗེ་འཆང་གི་གསན་ཡིག་སོགས་སུ་གསལ་ལོ། །
         སྐུ་ཕྲེང་རྗེས་མ་བར་ཐ་ཚང་ངམ་བར་ཐོག་ཚང་དུ་གྲགས་པ་དེ་སྒོ་མང་གི་ཁྲིར་ཕེབས། མཛད་རྣམ་རགས་བསྡུས་མཁན་ཐོག་དྲུག་ཅུ་རེ་གསུམ་པའི་སྐབས་གསལ།
                                                                            རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།