འབྲས་སྒོ་མང་གདན་རབས་ཞེ་གཅིག་པ་བྲ་ཉེ་མཁན་ཆེན་ངག་དབང་དགེ་ལེགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-27 20:06:43     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

 

271607605902961150.jpg

 

                            བརྒྱུད་འདེབས་ལས།
                                        ང༷ག་ལ་དབ༷ང་འབྱོར་དམ་ཆོས་བདུད་རྩིའི་བཅུད། །
                                        ལེགས་བཤད་པད་མོའི་དགའ་ཚལ་ཁྱོན་ཡངས་པོར། །
                                        བཀྲ་ཤིས་དགེ་ལེགས་རྒྱ་མཚོའི་ཆར་འབེབས་པ། །
                                        མཚུངས་མེད་རྗེ་བཙུན་བླ་མར་གསོལ་བ་འདེབས། །ཞེས་བྱུང་།
        གདན་རབས་བཞི་བཅུ་ཞེ་གཅིག་པ། བྲ་ཉེ་མཁན་ཆེན་ངག་དབང་དགེ་ལེགས་ནི། གཙོས་འབྲོང་ལྕེ་དཔོན་པོ། གནམ་བྱམས་རྒྱལ་པོའི་སྲས་སུ་འཁྲུངས། ཀུན་མཁྱེན་གོང་མས་མདོ་སྨད་དུ་དགོན་པ་གསར་ཚུགས་སྐབས། གཙོས་དཔོན་ཁག་སོ་སོར་གྲྭ་རྒྱུན་རེ་ཞོག་གསུངས་པར་སྟག་ལྷ་ཚང་གིས་འདི་པ་ཕུལ། དེ་དུས་རིགས་གྲྭའི་ཞོགས་ཚོགས་ནམ་གུང་ལྟ་བུ་ཡིན་པས་དང་པོར་མཐའ་གྲལ་འཇུག་ན་ཡོད་པ་གྲོལ་དུས་གདོང་གྲལ་མཇུག་ཏུ་སླེབས་པ་སོགས་སྤྱོད་པ་འཚུབ། བཅུ་དྲུག་པ་ལ་དབུས་སུ་ཕེབས། སྒོ་མང་མཁན་པོ་ཅུན་གར་བློ་བཟང་ཕུན་ཚོགས་ཀྱི་གྲྭ་རྒྱུན་ཡིན། རེ་ཞིག་བར་སྐུ་སྤྱོད་རྩིང་བས་སློབ་གཉེར་མ་མཛད། སྒོ་མང་དཔོན་སློབ་ཀྱིས་ངག་དབང་དགེ་ལེགས་འདི་རྟོགས་པ་མཐོན་པོ་ཡིན་ཞེས་མི་མང་པོའི་དབུས་སུ་གསུངས་པ་དང་། སློབ་གཉེར་བྱུང་ན་རབ་མིན་ཀྱང་སྡིག་པ་གསོག་པའི་རྟེན་མ་བྱེད་ཅེས་འགའ་ཞིག་ལ་བཤད་བཅུག དེས་ཐུགས་གཉེར་གྱི་བསྐུལ་མར་སོང་།

        པཎ་ཆེན་དཔལ་ལྡན་ཡེ་ཤེས་འབྲས་སྤུངས་ལ་ཕེབས་སྐབས་ཤིག་སྒོ་མང་དཔོན་སློབ་ལ་གསུང་འཕྲོས་ཞལ་རྩེད་ཀྱི་རྣམ་པས་ཁྱེད་སྒོ་མང་པ་ལ་རྡོབ་རྡོབ་གྲགས་ཅན་སུ་ཡོད་ཅེས་བཀའ་འདྲི་གནང་བར། དེ་འདྲ་མང་ཡང་བྲ་ཉེ་ངག་དབང་དགེ་ལེགས་བྱ་བ་ཞིག་ཡོད་ཞུས་པས། ཁོང་གྲུབ་ཆེན་བརྒྱད་ཅུའི་ནང་ཚན་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཞིག་གི་སྐྱེ་བ་ཡིན་ཞེས་ལུང་བསྟན། ཉིད་ནས་མགོན་པོ་ཀླུ་སྒྲུབ་ཀྱི་སྐྱེ་བར་ཞལ་གྱིས་བཞེས། འཛིན་གྲྭ་མཛོད་ཀྱི་དུས་དགེ་བསྐོས་ལ་དངོས་ལན་བྱས་པའི་ཆད་ལས་སུ་འཛིན་གྲྭ་སོ་སོའི་སར་ཕྱག་སྦྱང་བྱེད་བཅུག་པས་སྡིག་པ་དག་པའི་མཚན་མ་བྱུང་། དེ་ནས་སློབ་གཉེར་ལ་ཧུར་བསྐྱེད་མཛད་པས་ཕྱིས་དཔོན་སློབ་སངས་རྒྱས་རྡོ་རྗེའི་དུས་ལྷ་རམས་པའི་མཚན་བཏགས་བསྩལ། སྒོ་མང་དགེ་བསྐོས་ཀྱང་མཛད།

        རང་ཡུལ་ལ་ཕེབས་བཞེད་ཆེ་ཡང་སྐྱབས་མཆོག་འཇིགས་མེད་དབང་པོས་ཉིད་དང་ལྷན་ཅིག་ཕེབས་ཆོག་གསུངས། འབྱོན་པར་ཉེ་སྐབས་སྐུ་མདུན་དུ་མཇལ་བར་ཁྱེད་ད་རེས་མ་སོང་བ་བཟང་།ཀུན་མཁྱེན་ཉིད་ཀྱི་དགེ་ཕྲུག་བསོད་ནམས་གཉིས་ལ་མགོ་འདྲེན་རེ་རེམ། འཕྲོར་ལེན་མཁན་བཏང་ཆོག་གསུངས་པས་ཐུགས་ཕམ། གྲྭ་རྐྱང་ཞིག་གིས་གྲྭ་རྐྱང་ཞིག་ལ་མགོ་འདྲེན་ཅི་ལྟར་བྱེད་ཅེས་མ་རངས་པ་ཞུས། རྗེ་ཆོས་ཀྱི་ཉི་མས་ཚེ་སྒྲུབ་ཅིག་བྱས་ན་བཟང་གསུངས། བཀའ་བཞིན་བསྒྲུབས་པས་སྐུ་ལ་གསེར་གྱི་གོ་ཁྲབ་གསོལ་བའི་རྨི་ལྟས་བྱུང་། རྒྱལ་སྲས་ཡེ་ཤེས་གྲགས་པ་སོགས་ལ་གཏུགས། རྒྱུད་སྨད་དུ་སྔགས་ལ་སྦྱངས་པས་སྔགས་ཀྱི་དམ་བཅའ་དཔེ་མེད་ཐོན། རྩེད་ཐང་མཁན་པོ་དང་རྒྱུད་པའི་བླ་མ་དབུ་མཛད་གནང་།
        དེ་སྐབས་ཤིག་ཉིད་ལྕང་ཐང་སྒང་དུ་ཕེབས་མུས་ལྟ་བུ་ལ་ཞོན་པ་གཡག་དང་། གླང་གཉིས་བརྩད་པས་གཡག་གིས་ཐོབ་པའི་རྨི་ལམ་གྱི་མཚན་མ་བྱུང་། ཆེར་མ་འགྱངས་པར་རབ་བྱུང་༡༣ ཤིང་བྱ་ཕྱི་ལོ་༡༧༦༥ ལོར་སྒོ་མང་མཁན་པོར་བསྐོས། ཡོ་ག་ཙ་རི་བླ་མ་ངག་དབང་དོན་གྲུབ་ཀྱི་སྐྱེ་སྤྲུལ་དང་། རྐ་ཕུག་བློ་བཟང་དོན་གྲུབ་གཉིས་རིམ་བཞིན་སྒོ་མང་ཆོས་ཞུགས་སྐབས་མཁན་ཆེན་འདི་ཉིད་ལས་བརྩི་བཞག་གསན། ཁང་ཚན་སྤྱི་ཁང་བརྒྱབ། རབ་བྱུང་༡༣ ས་བྱི་དང་ཤིང་རྟ་གཉིས་ལ་རིགས་ཆེན་ལན་གཉིས་བཏང་།
        ཕྱི་ལོ་༡༧༧༥ ཤིང་ལུག་བརྒྱད་པའི་ཚེས་གཅིག་ཉིན་སྐུ་ལུས་མདའ་ལྟར་དྲང་པའི་ཐུགས་དམ་གྱིས་གཤེགས། འབྲས་སྤུངས་མཁན་པོ་ལས་ཐོག་པ་རྣམས་དང་གྲྭ་མང་གིས་གདུང་མཇལ་དུས། བློ་གླིང་བླ་མ་ཉིད་ནས་ཁོང་ཕོ་ཁྱོ་ཀ་ཞིག་ཡིན། འདས་རྟགས་འདི་ལྟ་བུ་བྱུང་བ་རི་བོ་དགེ་ལྡན་པའི་བསྟན་ལ་སྨན། བསྟན་འགྲོ་ལ་ཕན་པའི་ཡང་སྤྲུལ་འཁྲུལ་མེད་འབྱོན་རྒྱུ་དང་།ཞག་གསུམ་ནས་ཐུགས་དམ་གྲོལ་དགོས་ཚུལ་གྱི་སྙན་མནན། ༸གོང་ས་མཆོག་གི་བཀའ་བཞིན་ཐིག་ས་སྒང་ཞེས་འབོད་པ་འབྲས་སྤུངས་ཀྱི་ནུབ་རིའི་ཡས་ཁུག་དུར་ཁྲོད་དུ་གདུང་ཞུགས་ལ་སྦྱངས། འཇའ་ཤར་བ་སོགས་ལྟས་ངོ་མཚར་བ་བྱུང་བར་༸རྒྱལ་དབང་མཆོག་ནས་ཀྱང་ཆེད་གཉེར་གྱིས་གཟིགས་པར་གྲགས། གདུང་རུས་ལ་མགོན་པོའི་སྐུ་དང་ཡིག་འབྲུ་རིང་བསྲེལ་དུ་མ་ཕེབས།
        དེའི་སྤྲུལ་སྐུ། སྒོ་མང་མཁན་སྤྲུལ་སྐལ་བཟང་དགེ་ལེགས་རྒྱ་མཚོ། འཕན་ཡུལ་གྱི་ས་ཆར་རྔོག་ཆོས་སྐུ་རྡོ་རྗེའི་གདུང་རྒྱུད་དུ་འཁྲུངས། གསོལ་དཔོན་ངག་དབང་ཀུན་བཟང་གིས་བདག་བྱས་ཏེ་སྒོ་མང་ཆོས་གྲྭར་ཞུགས། དགུང་གྲངས་བཅུ་གཅིག་པ་མེ་སྟག་ལོར་ཀུན་མཁྱེན་མཆོག་གི་བཀའ་ལྟར་ལྷན་རྒྱས་མདོ་སྨད་དུ་ཆིབས་བསྒྱུར། བཀྲ་ཤིས་འཁྱིལ་དུ་ཐུགས་གཉེར་མཛད་པས་མདོ་སྔགས་རབ་འབྱམས་ལ་མཁས་པར་གྱུར། བླ་བྲང་གི་གདན་རབས་སོ་གསུམ་པའི་ཁྲིར་ཕེབས་པ་སོགས་མཛད་རྗེས་ཆེའོ། །༼བླ་བྲང་གདན་རབས༽
                                                                       རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།