འབྲས་སྒོ་མང་གདན་རབས་སོ་བརྒྱད་པ་སོག་པོ་མཁན་ཆེན་སངས་རྒྱས་རྡོ་རྗེ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-27 19:46:10     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

125582222271342108.jpg

        གདན་རབས་སོ་བརྒྱད་པ། སོག་པོ་མཁན་ཆེན་སངས་རྒྱས་རྡོ་རྗེ་ནི། མཚོ་གཡས་རུའི་བེག་ཆོས་ཧོར་དུ། ཨེ་མིག་གེ་རྡོ་རྗེ་ཟེར་བའི་སྲས་སུ་འཁྲུངས། བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། གནས་བརྟན་དང་རྡོ་རྗེ་གཉིས་ཞེས་འཛིན་གྲྭ་གཅིག་ཅིང་རིགས་སྨྲ་འགྲན་ཟླ་མེད་པར་གྲགས། རིགས་གྲྭའི་སྐབས་ཆོས་འཁོར་གྱི་ཚོགས་ལངས་ཤིག་ལ་བཞེངས་པས་མཁས་པ་རྣམས་མགུ་བའི་མཆོད་སྤྲིན་སྤྲོས།
        དབུས་སུ་ཕེབས་ནས་སྒོ་མང་ཆོས་གྲྭར་ཐུགས་གཉེར་མཐར་ཕྱིན་པ་མཛད་པས་ལྷ་རམས་པ་ཐོན། རྒྱུད་སྨད་དུ་སྔགས་ལ་ཡུན་རིང་སྦྱངས། ༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་བཀས་རྩེད་ཐང་རྒྱུད་པ་དགའ་ལྡན་ཆོས་འཁོར་གླིང་གི་བླ་མར་ཕེབས། དེའི་རྗེས་གོང་གི་བཀས་དཔལ་ལྡན་སྒོ་མང་གྲྭ་ཚང་གི་མཁན་ཁྲིར་ཕེབས། འཆད་ཉན་ལོ་བཅུ་གཉིས་མཛད། རིགས་གྲྭ་ལན་གཉིས་བཏང་བའི་རྗེས་མའི་ནང་སྐྱབས་མཆོག་འཇིགས་མེད་དབང་པོ་དགུང་ལོ་ཉེར་ལྔ་པ། རབ་བྱུང་༡༣ ཆུ་སྤྲེལ་ཕྱི་ལོ་༡༧༥༢ ལོར་སྒོ་མང་ཆོས་གྲྭར་ཞུགས་སྐབས་མཁན་ཆེན་འདི་ཉིད་ལས་བརྩི་བཞག་དང་། དེའི་རྗེས་འཇིགས་བྱེད་ཀྱི་དབང་སོགས་ཆོས་འབྲེལ་འགའ་ཞིག་གསན། བཀའ་ཆོས་མང་པོ་ཞུ་བཞེད་ཀྱང་དགུང་ལོ་མཐོ་བས་བཤོལ། དཔོན་སློབ་འདི་ཉིད་ཀྱིས་ཀྱང་ཀུན་མཁྱེན་འདི་ལ་དངོས་འབུལ་དང་བཅས་རང་རེའི་མདོ་སྨད་མུན་པའི་གླིང་དེར་རྗེ་འཇམ་དབྱངས་བཞད་པས་བཀྲ་ཤིས་འཁྱིལ་བཏབ་སྟེ་བསྟན་པའི་སྒྲོན་མེ་སྦར་བའི་མཛད་རྒྱུན་གོང་འཕེལ་དུ་སྐྱོང་དགོས་ཚུལ་དང་ཁོང་ཉིད་ཀྱང་དགོན་པའི་ཉེ་འཁོར་ཞིག་ཏུ་སྐྱེ་བ་ལེན་རྒྱུའི་ཡིད་མོས་ཡོད་ཚུལ་སོགས་རྒྱུ་མཚན་འགའ་ཞིག་ནང་སྦྱར་གྱི་ཚུལ་དུ་ཞུས་མཐར་ཕྱི་ལོ་༡༧༦༠ ཡས་མས་ལ་གཤེགས་པར་སྣང་།
        དེ་ཉིད་ཀྱི་ཡང་སྤྲུལ་རྒྱལ་མཁན་ཆེན་གྲགས་པ་རྒྱལ་མཚན་ནི། རབ་བྱུང་༡༣ ཆུ་རྟ་ཕྱི་ལོ་༡༧༦༢ ལོར་འབོ་རའི་རྒྱ་སྒང་ཐང་དུ་བསམ་བཞིན་འཁྲུངས། ཕྱག་གཡོན་ལ་དུང་དཀར་དང་། ཞབས་གཡོན་པར་འཁོར་ལོའི་རི་མོ་གསལ་ཞིང་། ཞག་བདུན་ནས་ཨ་མ་ཞེས་འབོད་པ་སོགས་མཚན་ལྟས་ངོ་མཚར་བ་མངའ། དགུང་ལོ་བཅུ་གཅིག་པ་ལ་རབ་ཏུ་བྱུང་། བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་དཔོན་སློབ་ངག་དབང་འཕྲིན་ལས་པ་ལས་བརྩི་བཞག་གསན། དགུང་ལོ་བཅུ་དྲུག་ཐོག་དཔོན་སློབ་སངས་རྒྱས་རྡོ་རྗེའི་ཡང་སྤྲུལ་གོ་སར་བཏོན། དེ་ནས་བཟུང་ལུགས་གཉིས་ཀྱི་མཛད་སྒོ་མཐའ་དག་ཀུན་མཁྱེན་བླ་བྲང་ནས་ཁུར་བཞེས་གནང་། དགུང་ལོ་ཉེར་གཉིས་ཆུ་ཡོས་ཕྱི་ལོ་༡༧༨༣ ལོར་ཡུལ་དབུས་སུ་བྱོན། དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། སྒོ་མང་དཔོན་སློབ་ཧོར་སྐལ་བཟང་དངོས་གྲུབ་པ་ལས་བརྩི་བཞག་གསན། གུང་ཐང་འཇམ་དཔལ་དབྱངས་དགེ་རྒན་དུ་བསྟེན། སྐབས་བཞི་པའི་སྡོམ་འདིའི་འཛིན་ཆོས་སུ་གནང་། དགུང་ལོ་ཉེར་ལྔ་པ་མེ་རྟ་ལོར་གཞུང་ནས་ཆོས་འཁོར་རྒྱལ་གྱི་མཁན་པོར་བསྐོས། དེར་ལུགས་གཉིས་ཀྱི་མཛད་སྒོ་གོང་འཕེལ་དུ་བསྐྱངས། རྒྱལ་མཁན་པོ་ཞེས་པའི་མཚན་དེ་ནས་ཆགས། དབུ་མ་རྙིང་པ་ནས་བཀའ་རམས་འཛིན་གྲྭར་ཕེབས་ཏེ་མཛོད་འདུལ་གཉིས་ཆ་ལྷན་ཅིག་ཏུ་བརྩི་བར་མཛད། བཀའ་པོད་ལྔའི་སློབ་གཉེར་རྫོགས་པ་ན་ལྷ་རམས་པ་ཐོན། དམ་བཅའ་ཨང་དང་པོ་བྱུང་། དེ་ནས་མདོ་སྨད་དུ་ཕེབས་ནས་ཀུན་མཁྱེན་མཆོག་དང་གུང་ཐང་འཇམ་དཔལ་དབྱངས་གཉིས་ཀྱི་ཐུགས་བཞེད་བསྐངས།
        མཐར་དགུང་གྲངས་དོན་དྲུག་རབ་བྱུང་༡༤ མེ་བྱ་ཕྱི་ལོ་༡༨༣༧ ལོར་གཤེགས། གསུང་རྩོམ་པོད་བཞི་བཞུགས། དེའི་ཡང་སྤྲུལ་འཇིགས་མེད་གྲགས་པ་རྒྱ་མཚོ་སོགས་སྐུ་ཕྲེང་རིམ་པར་བྱོན་པ་རྣམས་སོ།༼མདོ་སྨད་ཆོས་འབྱུང་།༽
                                                                       རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།