འབྲས་སྒོ་མང་གདན་རབས་སོ་བདུན་པ་ཅུན་གར་པ་བློ་བཟང་ཆོས་གྲགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-27 19:42:11     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

 

596755984661562240.jpg

 

        གདན་རབས་སོ་བདུན་པ། ཅུན་གར་པ་བློ་བཟང་ཆོས་གྲགས་ནི། ཅུན་གར་གྱི་ཡུལ་དུ་འཁྲུངས། དབུས་སུ་ཕེབས་ནས་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་ནས་རིགས་པའི་དབང་ཕྱུག་ཅུན་གར་བློ་བཟང་ཆོས་གྲགས་ཞེས་པའི་མཚན་ཆགས། དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིར་ཕེབས། ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་ཤོག་གྲངས་༡༦༨ ནང་རབ་བྱུང་༡༢ ཤིང་ཡོས་ཕྱི་ལོ་༡༧༣༥ ལོར་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དབུས་སུ་ཕེབས་སྐབས་རྗེ་ལྕང་སྐྱ་རིན་པོ་ཆེ་རོལ་པའི་རྡོ་རྗེ་དགུང་ལོ་བཅུ་དགུ་པ་དེ་ཉིད་ཕེབས་སྐྱེལ་དང་སྦྲགས་ནས་ལྷན་ཕེབས་སྐབས་༧རྒྱལ་བའི་ཕེབས་བསུར་བོད་ཀྱི་བླ་ཆེན་མི་ཆེན་རྣམས་དབུ་མའི་མདོར་ཕེབས།

        དེ་དག་གི་ཁྲོད་ན་སྒོ་མང་དཔོན་སློབ་ཆོས་གྲགས་པོ་ཏི་ཐམས་ཅད་དང་། ཁྱད་པར་རྣམ་འགྲེལ་ལ་མཁས་པར་གྲགས་པ་འདི་ཉིད་ནས་ད་རེས་༸གོང་ས་རྒྱལ་བའི་དབང་པོའི་ཕེབས་བསུར་འགྲོ་དགོས་འདུག་པས་ལྕང་སྐྱ་ཞབས་དྲུང་ལ་སྒོ་མང་བའི་ལ་རྒྱ་ཙམ་གྱིས་མ་མཇལ་ཀ་མེད་འདུག །གོས་ཆེན་གྱི་ན་བཟའ་སོགས་ལེགས་པ་ལས་ཡོན་ཏན་གྱི་རེ་བ་ཅི་ཡོད་སོགས་སྨྲས། དེ་ནས་ལྕང་སྐྱ་ཉིད་དང་མཇལ་གྲལ་དུ་སེར་འབྲས་ཀྱི་བླ་མ་ཐམས་ཅད་འཛོམས་པའི་དབུས་སུ་ལྕང་སྐྱ་ཉིད་ནས་སྒོ་མང་དཔོན་སློབ་རྣམ་འགྲེལ་ལ་མཁས་ཞེས་ཐོས་པས་རང་རེ་གཉིས་རྣམ་འགྲེལ་ལས་བརྩམས་པའི་འཕྲོས་པ་ཞིག་བགྱིས་ན་ཕེབས་པར། ཆོས་གྲགས་ནས། རྣམ་འགྲེལ་ལ་སྦྱངས་པ་དགའ་མོ་བྱས་ཁུལ་ཡིན་པས་སྤྲུལ་པའི་སྐུ་ནས་བཀའ་འདྲི་གནང་ན་ལན་འབུལ་རྒྱུ་ལག་མ་ཐོགས་ཙམ་ཡོད་འགྲོ་ཞེས་ཞུས། དེ་ལ་ལྕང་སྐྱ་མཆོག་ནས། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱི་སྐོར་ལས་བརྩམས་ཏེ་བགྲོ་གླེང་མཛད་པར། སྐབས་ཤིག་ནས་ཅི་ཟེར་འདི་ཟེར་མེད་པ་དང་དངོས་འགལ་ལ་ལན་གསུམ་ཙམ་བུད་པས། བླ་མ་གཞན་ཐམས་ཅད་ཀྱང་བཞད་གད་ཐེག་གེ་བ་དང་། འགའ་ཞིག་ལྕང་སྐྱ་མཆོག་གི་ཐུགས་རིག་དང་རྣམ་དཔྱོད་ཀྱི་སྤོབས་པས་ཡི་རང་སྟེ་ཐལ་མོ་སྦྱོར། ལ་ལས་བླ་མ་ཆོས་གྲགས་ལ་སུན་འབྱིན་གྱི་ཤགས་ཀྱང་བརྒྱབ།

        དེ་ནས་བླ་མ་ཆོས་གྲགས་ཁོང་སྔོན་ལ་འབྲས་སྤུངས་སུ་ཕེབས་ནས་སྒོ་མང་གི་ཆོས་གྲྭའི་ཚོགས་ལབ་ཏུ། བྱང་ཕ་གི་ནས་བརྒྱད་སྟོང་པ་ཤ་སྟག་འདོན་པའི་དགེ་བཤེས་ཀྱི་སྤྲུལ་སྐུ་སྔོ་སེང་ངེ་བ་ཞིག་ཕེབས་ཀྱི་འདུག ངས་ཁོང་གྲྭ་སར་ཐུགས་གཉེར་མ་མཛད་པས་མཚན་ཉིད་ཀྱི་བགྲོ་གླེང་དེ་ཙམ་མེད་འགྲོ་སྙམ་ཡང་། དེ་ཡོན་ཏན་ཐམས་ཅད་ནང་ནས་ཤར་བ་ཞིག་ཡིན་འདུག དབུས་གཙང་གི་ལྗོངས་འདིར་ངེད་རང་སྔར་རྩོད་པས་ཕམ་པ་ཞིག་མི་དྲན་ཡང་ད་རེས་སྤྲུལ་སྐུ་གཞོན་ནུ་དེས་ངེད་རང་ཁ་གྲག་རྒྱུ་མེད་པ་བཟོས་སོང་། ཁྱེད་ཚོ་དགེ་བཤེས་ཆེན་པོ་ཡིན་ཟེར་བ་ཚོ་སང་གནངས་མཇལ་དུས་ཐུགས་རིག་མ་བསྒྲིམས་ན་སྔོ་ལོ་འཕྱར་འཇུག་པ་ལ་ཚེགས་མི་འདུག་ཟེར་བ་སོགས་གསུངས།

        རབ་བྱུང་༡༢ ཆུ་མོ་ཕག་ཕྱི་ལོ་༡༧༤༣ ལོར་འབྲས་སྤུངས་བླ་མ་རྣམས་རྒྱལ་མཆོག་བདུན་པ་ཆེན་པོའི་མཇལ་ཁར་བྱུང་བར་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་ལས་འཕྲོས་པའི་བཀའ་འདྲི་འགའ་ཞིག་གནང་བར་སྒོ་མང་བླ་མ་ཆོས་གྲགས་དང་། ཤག་སྐོར་བླ་མ་བྲ་ཉེ་ཞབས་དྲུང་སོགས་ཀྱིས་ལན་ཕུལ་ཏེ་འབེལ་གཏམ་མང་དུ་མཛད་པས་དེ་རིང་དོགས་པའི་གནས་འགའ་རེ་ཆོད་བྱུང་ཞེས་དགྱེས་མཉེས་ཆེན་པོ་མཛད། སྒོ་མང་བླ་མ་ཆོས་གྲགས་པ་འདི་དང་། གུང་ཐང་རིན་པོ་ཆེ་གཉིས་ནས་བསྐུལ་མ་ཞུས་པ་བཞིན་ལྕང་སྐྱ་རོལ་པའི་རྡོ་རྗེ་ནས་རྟེན་འབྲེལ་བསྟོད་པའི་འགྲེལ་བཤད་ནོར་བུའི་བང་མཛོད་ཅེས་བྱ་བ་མཛད་པ་འགྲོ་དོན་ཆེ། གསུང་རྩོམ་རྟེན་འབྲེལ་ཤོག་གྲངས་༥༤ ཅན་ཞིག་ཡོད་པ་གུང་ཐང་ཚང་གིས་ཐུགས་འཛིན་གནང་ལུགས་གསལ་ལོ། །

                                                                     རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།