འབྲས་སྒོ་མང་གདན་རབས་སོ་དྲུག་པ་ཧར་གདོང་བློ་བཟང་དམ་ཆོས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-27 19:34:20     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

550010189023728334.jpg

        གདན་རབས་སོ་དྲུག་པ། ཧར་གདོང་བློ་བཟང་དམ་ཆོས་ནི། མདོ་སྨད་བྱང་རྒྱུད་སེམས་ཉིད་བན་སྐོར་དུ་འཁྲུངས། དགུང་ལོ་ཉེར་གཅིག་བར་ཁྱིམ་དུ་བཞུགས་པར། ཁྱིམ་གྱི་ཉེས་པས་ཐུགས་སུན་ཏེ་བྲོས་སྟབས་ཀྱིས་དབུས་གཙང་དུ་བྱོན། ལྕང་སྐྱ་ངག་དབང་ཆོས་ལྡན་ལས་རབ་བྱུང་དང་། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་པར་རྫོགས། འབྲས་སྒོ་མང་ཆོས་གྲྭར་བསམ་བློ་མི་ཐུང་ཞེས་མཁས་གྲགས་ཅན་བསོད་ནམས་རྒྱལ་མཚན་སོགས་དགེ་རྒན་དུ་བསྟེན་ནས་གསན་བསམ་མཛད་པས་མཁས་པའི་ཕུལ་དུ་ཕྱིན། ཀུན་མཁྱེན་གོང་མ་ལ་ཡང་ཁས་ལེན་ཞུས། དམ་བཅའ་ཐོན་ནས་རྒྱུད་སྨད་དུ་སྔགས་ལ་སྦྱངས། སྟོང་ཉིད་མངོན་སུམ་དུ་རྟོགས་པར་གྲགས་ཆེ་ཞིང་ཀློང་རྡོལ་བླ་མས་ཀྱང་དེ་ལྟར་ཚད་ལྡན་དུ་བཞེད། ཀུན་མཁྱེན་མཆོག་གིས་ཕ་བོང་ཁར་ལེགས་བཤད་སྙིང་པོའི་བཤད་ལུང་བསྩལ་བ་གསན་ཏེ་ཕྱིས་སུ་ཁྲི་ཆེན་ངག་དབང་མཆོག་ལྡན་དང་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་སོགས་ལ་གནང་བས་སྨན་ཡོན་ཆེ་བ་བྱུང་། གཞན་ཡང་ལམ་རིམ་ཆེན་མོ་དང་ཁྲིད་ཆེན་བརྒྱད། བསྐྱེད་རྫོགས་ཀྱི་ཁྲིད་སོགས་འཆད་ཉན་དང་། རྟེན་འབྲེལ་མཐའ་དཔྱོད་ཆེན་མོ་དང་རྟེན་འབྲེལ་བསྟོད་ཊཱིཀ་རྣམས་ལྗགས་རྩོམ་མཛད་དེ་འཆད་རྩོད་རྩོམ་པའི་ཕྱག་རྗེས་རླབས་ཆེ་བ་བསྐྲུན། གཞུང་གི་བཀས་སྒོ་མང་མཁན་ཁྲིར་མངའ་གསོལ།

        ཡི་ངོགས་ཆོས་རྗེ་དགེ་འདུན་རྒྱ་མཚོ་སྒོ་མང་ཆོས་གྲྭར་བཞུགས་སྐབས་མཁན་ཆེན་འདི་ཉིད་ལས་བརྩི་བཞག་གསན། ཡང་གུང་ཐང་སྐུ་ཕྲེང་གཉིས་པ་ངག་དབང་བསྟན་པའི་རྒྱལ་མཚན་དགུང་ལོ་བརྒྱད་ལ་ཕེབས་པ་ཕྱི་ལོ་༡༧༣༤ ལོར་སྒོ་མང་ལ་ཆོས་ཞུགས་མཛད་སྐབས་མཁན་པོ་འདི་ཉིད་ཀྱི་དྲུང་ནས་བརྩི་བཞག་དང་བཀའ་ཆོས་འགའ་ཞིག་ཀྱང་གསན་ཅེས་རྣམ་ཐར་ན་གསལ། རི་བོ་དགེ་འཕེལ་སོགས་གནས་དུ་མར་སྒྲུབ་པ་ལྷུར་ལེན་ལ་གཞོལ་བས་ཉམས་རྟོགས་ཀྱི་ཀློང་བརྡོལ། གུང་རུ་ཆོས་འབྱུང་གི་སྐྱེ་བ་དྲན། རང་ཡུལ་དུ་ཕེབས་མ་ཐུབ་པར་ཚབ་ལྟ་བུར་གཞུང་ནས་གནས་བཅུའི་ཞལ་ཐང་བསྐུར།དགུང་ལོ་གྱ་གསུམ་བར་བཞུགས། དེའི་སྤྲུལ་སྐུ་སྒོ་མང་མཁན་སྤྲུལ་བསོད་ནམས་འོད་ཟེར། དེའི་ཡང་སྤྲུལ་བློ་བཟང་ལུང་རྟོགས་ཆོས་འབྱོར་རྒྱ་མཚོ་སོགས་སོ།༼དེབ་རྒྱམ།༽                                                                          རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།