འབྲས་སྒོ་མང་གདན་རབས་སོ་བཞི་པ་ཅུན་གར་བློ་བཟང་ཕུན་ཚོགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-27 19:25:17     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

 

77996044631369659.jpg

 

        གདན་རབས་སོ་བཞི་པ། ཅུན་གར་བློ་བཟང་ཕུན་ཚོགས་ནི། ཨོ་རོད་ཅུན་གར་གྱི་ཡུལ་དུ་འཁྲུངས། དབུས་སུ་བྱོན་ནས་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སོགས་རིགས་ཀྱི་ཅོད་པན་དུ་བཞེས་ནས་མདོ་སྔགས་རབ་འབྱམས་ལ་མཁས་པར་སྦྱངས། དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིར་ཕེབས། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད། ཞྭ་སྒབ་པའི་དེབ་ཤོག་གྲངས་༥༡༤ ནང་། རབ་བྱུང་༡༢ མེ་བྱ་ཕྱི་ལོ་༡༧༡༧ ལོར་ཅུན་གར་བའི་དམག་གིས་ལྷ་བཟང་ཁཱང་བསད་རྗེས། ཕོ་ལྷ་ནས་བསོད་ནམས་སྟོབས་རྒྱས་ཞེས་སྐད་གྲགས་ཅན་དེ་ཡང་ལྷ་བཟང་ཁཱང་གི་གསེར་ཡིག་པ་ཡིན་པར་བརྟེན་འབྲས་སྤུངས་སུ་གབ་སྟེ་བཞུགས་ཡོད་པ་ཤེས་ཚོར་གྱིས་འཇུ་བཟུང་བྱས་ཏེ་ཅུན་གར་བའི་དཔོན་རིགས་སྡོད་ཡུལ་ཕུན་ཚོགས་རབ་བརྟན་དཔལ་འབྱོར་དུ་ཁྲིད་དེ་དཔོན་སྨོན་ལམ་ཇའི་སང་ནས་དྲི་བ་འགའ་ཤས་བྱས་མཐར་བཙོན་ཆས་གཡོགས་ཏེ་སེངྒེ་ཤག་ཏུ་འཕྱིང་གུར་ཞིག་ནང་བཅུག་ཐོག །ཉིན་མང་པོར་ཚ་འཇམ་གྱི་དྲི་བ་མང་པོ་བྱས་མཐར་སྲོག་ཐོག་ལ་འགྲོ་ཉེའི་མཚམས། ཕོ་ལྷ་དང་འདྲིས་ཆེ་སྡེ་སྲིད་སྟག་རྩེ་ཞབས་དྲུང་དང་ཅུན་གར་བའི་གྲྭ་རིགས་ཡིན་པ་འབྲས་སྤུངས་སྒོ་མང་མཁན་པོ་ངག་དབང་ཕུན་ཚོགས་༼སམ་བློ་བཟང་ཕུན་ཚོགས་༽ གཉིས་ཀྱིས་ཞུ་བསྐུལ་བྱས་ཏེ་ཕོ་ལྷ་རང་གཞིས་སུ་ཚུལ་མཐུན་བྱས་ཏེ་བསྡད་ཆོག་པ་བྱུང་ཞེས་གསལ།
        སྔོན་ཐོར་གོད་ཀྱི་ཡུལ་དུ་སྒོ་མང་དཔོན་སློབ་དོན་གྲུབ་རྒྱ་མཚོ་བྱོན་ནས་བསྟན་པའི་སྲོལ་བཙུགས་ནའང་། ཨོ་རུ་སུའི་མངའ་འོག་ཏུ་སོང་བས་ཧ་ཅང་འཕེལ་རྒྱས་མ་བྱུང་། དེ་རྗེས་རྒྱ་ནག་གོང་མའི་མངའ་ཞབས་སུ་ཚུད་དེ་དཔོན་ཁག་རྣམས་ཕྱོགས་སོ་སོར་བགོས། དཔོན་པོ་ཤོག་ཐུ་ཧན་ཉིད་སྟོབས་འབྱོར་རྒྱས་པས་ཨོ་རོད་རྒྱལ་ཁམས་ཡོངས་ལ་དབང་བསྒྱུར་ནས་མདོ་སྔགས་ཀྱི་གྲྭ་ཚང་མང་དུ་བཙུགས། དེ་རྗེས་ཨེར་ཏེ་ནི་ཇི་རིག་ཐུ་ཧུང་ཐས་ཅི་ཚེ་དབང་རབ་བརྟན་རྒྱལ་བསྟན་སྤྱི་དང་ཁྱད་པར་དགེ་ལྡན་པར་དད་པ་ཐོབ་སྟེ། བཀྲ་ཤིས་ལྷུན་པོ་ནས་སྔགས་ཆེན་དགེ་ལེགས་རབ་རྒྱས་སོགས་རིམ་པར་སྤྱན་དྲངས། དེ་རྗེས་འབྲས་སྤུངས་ཝ་ཤུལ་བསྟན་པ་རབ་རྒྱས་སོགས་མཁས་པ་མང་པོ་སྤྱན་དྲངས་ཏེ་ཁྱིམ་པ་རྣམས་བསྙེན་གནས་ལ་བཀོད།

        དགེ་ཚུལ་སློང་རྣམས་ལ་བསླབ་བྱ་གནམ་རྩེ་ལྡེང་མ་གཉིས་འཛིན་དུ་བཅུག་ནས་འདུལ་ཁྲིམས་གཙང་མ་བཙུགས། མཚན་ཉིད་ཀྱི་བཤད་གྲྭ་མ་ཚུགས་ཀྱང་ལམ་རིམ་ཆེ་ཆུང་གི་འཆད་ཉན་གཙོ་བོར་བྱས། དགེ་ཚུལ་སློང་རེ་རེར་འབངས་ཁྱིམ་གསུམ་རེ་དང་རྔ་མོང་དྲུག་རེ། རྟ་བཞི་བཅུ་རེ། ལུག་ཉིས་བརྒྱ་རེའི་བདག་རྐྱེན་མཛད་པ་སོགས་བསྟན་པ་ལ་བསྙེན་བཀུར་བོད་ཀྱི་མངའ་བདག་ཁྲི་རལ་དང་ཕྱོགས་མཚུངས་པར་མཛད། དེའི་རྗེས་སུ་དེ་ཉིད་ཀྱི་སྲས་དགའ་ལྡན་ཚེ་རིང་དབང་པོས་བཀྲ་ཤིས་ལྷུན་པོ་ནས་མཁས་པ་ཆེན་པོ་ཐོས་བསམ་གླིང་དཔོན་སློབ་དཔལ་ལྡན་ཡེ་ཤེས་དང་འབྲས་སྤུངས་ནས་གནས་བརྟན་འདུལ་བ་འཛིན་པ་སྒོ་མང་དཔོན་སློབ་བློ་བཟང་ཕུན་ཚོགས་འདི་ཉིད་སོགས་ཆོས་ཀྱི་སྤྱན་ལྡན་མང་པོ་སྤྱན་དྲངས་ཏེ་མཚན་ཉིད་ཀྱི་འཆད་ཉན་བཙུགས། གཙུག་ལག་ཁང་དང་རྟེན་གསུམ་མང་དུ་བཞེངས། དགེ་བཤེས་གསར་དུ་ཐོན་པའི་རིགས་ལ་བདག་རྐྱེན་དང་གཟེངས་བསྟོད་རྒྱ་ཆེར་མཛད་པས་ཅུན་གར་གྱི་ཡུལ་དུ་བསྟན་པའི་སྲོལ་རྣམ་པར་དག་པ་ཡུན་རིང་བར་དུ་གནས་སོ། །གསུང་རྩོམ། སྐྱབས་འགྲོའི་ཁྲིད་ཡིག་དང་། འཇིགས་བྱེད་བསྐྱེད་རིམ་ཤོག་གྲངས་༨༡ ཅན་སོགས་ཡོད་པར་༼ཐུའུ་བཀྭན་༽གསལ་ལོ། །
                                                               རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།