འབྲས་སྒོ་མང་གདན་རབས་སོ་གསུམ་པ་ཧར་གདོང་བློ་བཟང་ཤེས་རབ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-27 19:14:09     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

833390912335520052.jpg

        གདན་རབས་སོ་གསུམ་པ། ཧར་གདོང་བློ་བཟང་ཤེས་རབ་སོགས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ལུང་གིས་ཟིན་པའི་མཁན་ཐོག་བརྒྱད།
ཧར་གདོང་བློ་བཟང་ཤེས་རབ་ནི། གཞོན་ནུ་ནས་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་ཞུགས། མདོ་སྔགས་རིག་གནས་དང་བཅས་པར་མཁས་པར་སྦྱངས་ནས་དམ་བཅའ་དཔེ་མེད་ཐོན། རབ་བྱུང་༡༢ པའི་མེ་ཕག་ཕྱི་ལོ་༡༧༠༧ ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་བརྗེས་མཚམས་སུ་བཀྲ་ཤིས་སྒོ་མང་པའི་ཁྲིར་བླ་མ་སུ་ཕེབས། ཧར་གདོང་པ་སོགས་དང་། གཞན་མང་པོས་རང་རང་གིས་འདོད་པའི་བླ་མ་བསྐོ་དགོས་ཞེས་ཞལ་མ་འཆམས་པ་ལ། ཀུན་མཁྱེན་མཆོག་ནས་ངའི་འཕྲོ་འདི་ལ་བླ་མ་སུ་བསྐོ་ངའི་འདོད་པ་བྱེད་དགོས། དེ་མི་བྱེད་ན་ངས་མགོན་པོའི་མདུན་དུ་གཏོར་མ་བཞག་པ་བཤིག་རྒྱུ་ཡིན་གསུངས་པས། གཞན་ཚོས་ཞུ་མ་ནུས་པར་ཐུགས་འདོད་མཛོད་ཅེས་ཞུས། སྔ་སོར་ཁྲི་རྒྱ་ནག་པའི་དུས་ཀྱི་རྟེན་འབྲེལ་ཞིག་ཀྱང་ཡོད།

        ཧར་གདོང་པ་ཚོས་ཀྱང་འདོད་ལ་རྒན་རིམ་ཡང་ཡིན་པའི་གཤིས་ཀྱིས་ཡིན་གསུངས་ནས་ཉི་མ་ཐང་པ་ཤེས་རབ་རྒྱ་མཚོ་འམ། བློ་བཟང་ཤེས་རབ་ཁྲིར་ཕེབས། བླ་མ་སྔ་མས་ཕྱི་མར་འཇོག་པ་ཆེན་པོ་བྱེད་སྲོལ་མི་འདུག་ཀྱང་ཀུན་མཁྱེན་མཆོག་ནས་མཆོད་གཤོམ་སོགས་འཇོག་པ་བཟང་པོ་བྱས། བླ་བྲང་ནས་རྩམ་དོ་ཡ་ལྔ་དྲུག་ལ་ལྷ་བཤོས་ཆེ་ཚད་མ་གཅིག་བཅོས་ནས་རྟེན་འབྲེལ་བསྒྲིགས་ཏེ་བཞག་པར་བླ་མ་རྗེས་མས་དེ་ཅི་ཡིན་མ་ཤེས་པར་དེ་མ་ཐག་བཤིགས་འདུག་པར་ཀུན་མཁྱེན་མཆོག་ནས་ངས་རྟེན་འབྲེལ་བསྒྲིགས་པ་ཡིན་པས་བཤིགས་འདུག་པ་ཁོ་ལ་རྟེན་འབྲེལ་མ་ལེགས་གསུངས། བླ་མ་ཤེས་རབ་རྒྱ་མཚོ་འདིས་སྒོ་མང་ཁྲི་མཛད་སྐབས་སྒོ་མང་ན་འཐབ་རྩོད་མང་ལ་ཁྲི་ཡང་མཐར་མ་ཕྱིན་ཞེས་༼ཀུན་རྣམ་༽གསལ་ལོ། །
                                                                          རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།