དགའ་ལྡན་ཁྲི་ཐོག་བརྒྱ་དང་དང་པོ་ལུང་རིག་རྣམ་རྒྱལ་དཔལ་བཟང་པོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།།     སྤེལ་དུས།  2016-11-24 09:14:03     རྩོམ་པ་པོ།   མི་གསལ།།    ཀློག་ཐེངས།  

新建文件夹img_1183.jpg

        དགའ་ལྡན་ཁྲི་ཐོག་བརྒྱ་དང་དང་པོ་ལུང་རིག་རྣམ་རྒྱལ་དཔལ་བཟང་པོ་ནི།རབ་བྱུང་བཅོ་ལྔ་མེ་ཕོ་སྟག་༡༩༢༦ལོར་སྤོམ་འབོར་སྒང་གི་ཉེ་འགྲམ་དུ་ཡབ་བློ་བཟང་ཕུན་ཚོགས་དང༌།ཡུམ་ནོར་འཛོམས་ཆོས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

         དགུང་གྲངས་བདུན་ལ་ཕེབས་པར་འཇོལ་བདེ་ཆེན་གླིང་གི་མཁན་པོ་བློ་བཟང་ཀུན་དགའ་འཕྲིན་ལས་དཔལ་བཟང་པོའི་དྲུང་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང༌།ལི་ཐང་དགོན་ཆེན་གྱི་མཁན་པོ་སྒོ་སོགས་མཆོག་སྤྲུལ་རྗེ་བཙུན་བློ་བཟང་འཇམ་དཔལ་སྙིང་པོ་ལུངརིགས་བསྟན་འཛིན་རྒྱ་མཚོའི་དྲུང་ནས་བསྙེན་པར་རྫོགས།དགུང་གྲངས་ཉི་ཤུ་རྩ་གསུམ་པ་

         རབ་བྱུང་བཅུ་དྲུག་ས་ཕོ་བྱི་བའི་༡༩༤༨ལོར་དབུས་སུ་ཕེབས་ཏེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཤར་རྩེ་ནོར་གླིང་གྲྭ་ཚང་དུ་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ནས་མདོ་སྔགས་གཞུང་ལུགས་རྒྱ་མཚོར་གསན་བསམ་རྒྱ་ཆེར་མཛད་པས་སྙན་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ།

        དགུང་ལོ་སོ་གསུམ་པར་རབ་བྱུང་བཅུ་དྲུག་ས་ཕོ་ཁྱིའི་༡༩༥༨ལོར་བསྟན་དགྲ་རྒྱ་དམར་ཀླ་ཀློའི་དཔུང་གིས་བོད་ལྗོངས་བསྟན་འགྲོའི་བདེ་སྐྱིད་རྨེག་མེད་དུ་བཅོམ་པའི་སྐབས་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས།དེ་ནས་དགུང་གྲངས་བཞི་བཅུ་མ་ཟིན་བར་དུ་སྦག་ས་ཆོས་སྒར་དུ་མཁས་མང་རྒྱ་མཚོའི་དབུས་སུ་མདོ་སྔགས་ཡོངས་རྫོགས་ཀྱི་གནད་ལ་ཤིན་ཏུ་སྦྱངས་པས་མཁས་པ་ཆེན་པོར་གྱུར་ཏེ་ཀུནགྱིས་བཀུར་བའི་འོས་སུ་གྱུར།

          དེའི་ཕྱི་ལོར་རྒྱལ་བའི་བཀའ་དགོངསབཞིན་ཝཱ་ར་ཎ་སི་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དངོས་སུ་གསར་འཛུགས་མཛད་སྐབས།རིས་མེད་མཁས་དབང་སློབ་གཉེར་བ་བརྒྱའི་ཁོངས་སུ་ཕེབས་ཏེ་སློབ་དཔོན་དུ་མའི་དྲུང་ནས་རྒྱ་གཞུ་གཙོ་བོར་གྱུར་པའི་གཞུང་ཆེན་ཁག་ལ་ལོ་གསུམ་བསྐྱར་སྦྱོང་མཛད་པའི་འབྲས་རྟགས་སུ་ཨ་ཙཱརྱ་ཨང་རིམ་དང་པོའི་ཕྱག་ཁྱེར་བཞེས་གནང་མཛད།

         དགུང་གྲངས་ཞེ་བཞི་པར་སློབ་དཔོན་རྒྱུགས་སྤྲོད་ཟིན་པའི་མཁས་དབང་ཡོངས་རྫོགས་རྡ་སར་གཟིམ་ཆུང་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྩོད་རྒྱུགས་བཞེས་སྐབས་ཀུན་གྱི་དབུས་སུ་ལྷ་རམས་པའི་མཚན་གནས་བཞེས།དེ་ནས་ལྷོ་ཕྱོགས་གདན་ས་ཁག་གསུམ་གྱི་གཞུང་ལུགས་རབ་འབྱམས་སྨྲ་བ་མཁས་མང་རྒྱ་མཚོའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔ་ལ་གྲྭ་སྐོར་དང༌།ལྷ་རམས་པའི་དམ་བཅའ་འཇོག་པར་མཛད།

         དགུང་གྲངས་ཞེ་ལྔ་པ་དཔལ་ལྡན་གསང་ཆེན་རྒྱུད་སྟོད་གྲྭ་ཚང་དུ་སྒྲིག་བཞུགས་གནང་སྟེ་ཆོས་འགྲིམ་ཆ་ཚང་དང་ཁ་གཏད་དགེ་བཤེས་ཀྱི་མཛད་འགན་བཞེས།དེའི་རིང་ྋགོང་ས་ྋསྐྱབས་མགོན་རིན་པོ་ཆེ་དང༌།སྐྱབས་རྗེ་རྣམ་པ་གཉིས་གཙོས་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་ཇི་སྙེད་ཅིག་གི་དབང་ལུང་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་སྦྱངས་མཛད་ནས།

         དགུང་གྲངས་ཞེ་དྲུག་པར་སྔགས་དམ་བཅའ་འཇོགདེ་ནས་སླར་ཡང་ཝཱར་ཎ་ཆོས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་ཏེ་རིགས་གཅིག་རྐང་འཛིན་ཉམས་ཞིབ་ལོ་གསུམ་གནང་སྟེ་ཚིག་དོན་ཟབ་ལ་གོ་བདེ་བ།སྡེབ་སྦྱོར་སྙན་འཇེབས་ལྡན་པ་ཉམས་ཞིབ་ཀྱི་ལམ་དང་མཐུན་པ་དེབ་གཞི་ཚད་ལངས་ཅན་ཚད་མ་རིག་པའི་སྐོར་གྱི་གསུང་རྩོམ་ཡང་མཛད། དགུང་གྲངས་ང་བདུན་པར་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་བཞིན་བརྒྱུད་སྟོད་བླ་མ་དབུ་མཛད་དང་དེ་ནས་མཁན་པོ་བཅས་ཀྱི་ཕྱག་རྟགས་རིམ་སྩོལ་བཞིན་སྔར་སྲོལ་རྒྱུད་ཆེན་གོང་མའི་བཞེད་སྲོལ་རྣམས་མི་ཉམས་རྒྱུན་བསྐྱངས་ཐོག་བཀའ་འགྲེལ་གྲྭ་ཚང་འདིར་ཆོས་སྲིད་གང་ལའང་སྨན་པའི་སློབ་གྲྭའི་རྣམ་པར་གཞུངཆེན་ཁག་གི་སློབ་ཚན་གསར་བཟོས་མཛད་གནང་གིས་བཀའ་དྲིན་ཆེ་བར་སྩལ།

         དེ་ནས་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ཕག་སྟེ་༡༩༩༥ལོར་དགུང་གྲངས་དྲུག་ཅུ་རེ་དགུར་སོན་པ་ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོས་ཤར་པ་ཆོས་རྗེའི་མཚན་གནས་མངའ་གསོལ་ཏེ།གཞུང་གནས་དང༌།གདན་ས་གྲྭ་ཚང་བཅས་ནས་ཁྲི་གསོལ་རྟེན་འབྲེལ་ལེགས་པར་མཛད་དེ།ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་དྲི་མ་མེད་པར་འཛིན་བའི་རག་གྲོལ་འཕགས་ཚོགས་འདུས་པ་རྒྱ་མཚོའི་དབུས་སུ་ས་ལམ་གྱི་ཉམས་རྟོགས་ཕུན་སུམ་ཚོགས་ཏེ་མཁས་ཤིང་གྲུབ་པ་བསྙེས་པའི་བསྟན་འཛིན་གྱི་སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟ་བུའི་དབུས་སུ་ལྷུན་པོ་ལྟར་མངོན་པར་འཕགས་བཞིན་བཞུགས་པ་འདིའོ། །

          མི་དབང་པཎིྜཏ་སངས་རྒྱས་རྒྱ་མཚོའི་བཻ་སེར་ལས།འཇམ་མགོན་ཆོས་ཀྱི་རྒྱལ་པོའི་གསེར་ཁྲིར་ཕེབས་པའི་རིམ་པ་འདི་དག་ས་ལམ་གྱི་འགྲོས་དང་ཡང་མཐུན་ཏེ།དང་པོར་རང་ཅག་རྣམས་ཀྱི་ཆོས་ཀྱི་སྡེར་རབ་ཏུ་བྱུང་བའི་སྒོར་ཞུགས་སློབ་གཉེར་བྱེད་འདོད་སྨོན་པ།སྒྲིགས་འགྲིམ་ཞིང་ཆོས་གྲྭ་ལ་ཞུགས་པ་རྣམས་འཇུག་པ་སེམས་བསྐྱེད།བསྡུས་ར་ཆུང་འབྲིང་ཆེ་གསུམ་བརྩི་བ་ཚོགས་ལམ། །གཞུང་ལ་སློབ་པ་སྦྱོར་ལམ།དཀའ་བཅུ་རབ་འབྱམས་ཀྱི་གྲྭ་སྐོར་ཚད་ལྡན་བྱས་པས་མཐོང་སྒོམ་གྱི་ལམ་དུ་ཞུགས་ནས་འཕགས་པའི་ཁོངས་སུ་གཏོགས་པ་རྒྱུད་སྟོད་སྨད་ཀྱི་འཆད་ཉན་དུ་འཁོད་ནས་རིམ་གྱིས་དགའ་ལྡན་གྱི་གསེར་ཁྲི་ཐོབ་ངེས་པ་ས་དང་པོ་དང་ས་བརྒྱད་པར་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་ནས་དུས་སོགས་ངེས་པའི་སངས་རྒྱས་ཐོབ་པར་འགྱུར་བ།

         རྩེ་ཤར་དུ་འཁོད་པ་ས་བཅུ་པར་རྒྱལ་ཚབ་ཏུ་དབང་བསྐུར་བ་ལྟ་བུ་དང༌།དགའ་ལྡན་དུ་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་གསེར་ཁྲིར་འཁོད་ནས་ཆོས་སྟོན་པ་ནི།རྫོགས་པའི་སངས་རྒྱས་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌།འདི་ལས་གཞན་པའི་བླ་མའི་ཐོབ་ཚུལ་ནི་ཉན་རང་དགྲ་བཅོམ་པའི་ཐོབ་རིམ་ལྟ་བུ་སྟེ་མདོར་ན་གསེར་ཁྲི་འདི་ཉིད་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་བའི་འཕགས་པའི་གང་ཟག་གམ་དེ་དག་རྣམས་སུ་ལས་འབྲེལ་གྱི་སྨོན་ལམ་ཐེབས་པའི་རིགས་ལས་གང་ཟག་རང་རྒྱུད་པས་ནོན་པར་མི་འགྱུར་བར་གྲགས་སོ། ཞེས་ཀྱང་གསུངས་སྣང་ངོ༌།

 img_0032.jpg

  མཇུག་རྩོམ།
དེ་ལྟར་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ནས་ཁྲི་རབས་བརྒྱ་དང་གཅིག་རྗེ་བཙུན་ལུང་རིགས་རྣམ་རྒྱལ་བར་དགའ་ལྡན་བསྟན་པའི་ཁྲི་འཛིན་གསེར་གྱི་ཕྲེང་བ་ལྟར་རིམ་པར་བརྒྱུད་པ་རྣམས་ཀྱི་གསང་བ་གསུམ་གྱི་མཛད་པ་དང་འཕྲིན་ལས་བཟང་པོའི་རྣམ་པར་ཐར་པ་རྨད་དུ་བྱུང་བ་རྣམས་རེ་རེ་བཞིན་བརྗོད་ཀྱིས་མི་ལང་ཞིང༌།དེ་དག་གི་རྣམ་པར་ཐར་པ་སྤྱི་སྡོམ་ཙམ་ཞིག་བརྗོད་ན།ཆུང་གཞོན་ནུ་ཉིད་ནས་རྒྱལ་བའི་བསྟན་པའི་སྒོར་ཞུགས་ཏེ་གཞུང་ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན་དུ་མའི་ཞབས་པད་གཙུག་ཏུ་བླངས།མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུར་དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ་ཏེ་དཀའ་བ་ཁྱད་དུ་བསད།བར་དུ་གཞུང་ལུགས་ཐམས་ཅད་རིགས་པས་བཅད་བརྡར་གྱིས་གང་ཟག་གཅིག་འཚང་རྒྱ་བའི་གདམས་པར་ཤར།ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་དང་རྟོགས་པའི་ཡོན་ཏན་བླ་ན་འཕེལ་ཏེ་རིམ་གཉིས་ཀྱི་རྣལ་འབྱོར་ལ་གོམས་པ་ཇི་ཙམ་མཐོན་པོར་བསྐྱེད་ཀྱང༌།ཕྱིར་ཉན་ཐོས་ཀྱི་སྤྱོད་པ་ཞི་ཞིང་དུལ་བས་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དང་ནང་འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་ས་མཆོག་གི་རྣམ་ཐར་གཙང་མ་བདག་གིར་མཛད་པ་མ་གཏོགས་སྐྱེས་མ་ཐག་ནས་དར་ཟབ་ཏུ་སྒྲིལ་ཏེ་ཁྲི་འདོན་བྱས་པ་དང༌།གང་ཡང་མ་བསླབས་ཅི་ཡང་མི་ཤེས་ཀྱང་ཤེས་པའི་ཟོལ་གྱིས་ཆོས་ཁྲི་མཐོན་པོའི་ཐོག་ནས་བཀའ་དབང་གནང་བ།ཐོས་པའི་རྩ་བ་མེད་བཞིན་དུ་ཉམས་རྟོགས་ཀྱི་འབྲས་བུ་ཐོལ་གྱིས་བརྡོལ་བའི་གྲུབ་ཐོབ་ཀྱི་ཟོལ་བཅས་པ།རིམ་གཉིས་ཀྱི་རྟོགས་པའི་གནས་ཚད་ལ་ཁ་གཡར་ཏེ་མགོ་ལ་དོ་ཀེར་བཅིངས་པ་དང༌།བྲང་ལ་རིག་མ་སྦྱར་བ་ལྟ་བུས་གཞར་ཡང་མ་གོས་པར།ལྷ་དང་བླ་མའི་ཞལ་གཟིགས་དང༌།བྱིན་རླབས་དང་དངོས་གྲུབ་ཀྱི་མཚན་མ་ཇི་ཙམ་བྱུང་བ་དེ་ཙམ་གྱིས་སྦེད་པ་དང༌།མངོན་པར་ཤེས་པ་དང་རྫུ་འཕྲུལ་ལ་སོགས་པ་གང་བྱུང་དུ་མི་སྤྱོད་ཅིང༌།གལ་ཏེ་དགོས་དབང་གིས་སྤྱོད་ནའང་ཤིན་ཏུ་གསང་བའི་སྒོ་ནས་གནང་བ་སོགས་ཐུན་མོང་གདུལ་བྱའི་སྣང་ཚུལ་གྱི་རྣམ་པར་ཐར་པ་ཁོ་ནའང་ཤིན་ཏུ་རྨད་དུ་བྱུང་པ་སྟེ།ཐུན་མོང་མ་ཡིན་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་ཚུལ་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་དཀྱིལ་འཁོར་རྒྱ་མཚོ་སྤྲོ་སྡུད་ཀྱི་རྫུ་འཕྲུལ་དང༌།ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དག་ནི།འཇམ་དཔལ་དང་སྤྱན་རས་གཟིགས་ལྟ་བུ་ལས་ཉན་རང་དང་ཕལ་བའི་སྐྱེ་བོ་དག་གིས་བརྗོད་པའི་ཡུལ་ལས་འགོངས་པར་སེམས་སོ། །ཕྱི་རུ་ཉན་ཐོས་སྤྱོད་པའི་རྣམ་ཐར་གཙང༌། །ནང་དུ་ལྟ་སྒོམ་སྤྱོད་པའི་ཡོན་ཏན་གཙང༌། །ཕྱི་གཙང་ནང་གཙང་པདྨའི་སྦུབས་འདྲ་བའི། །དགའ་ལྡན་གསེར་ཁྲི་རིམ་བྱོན་འདི་དག་བསྔགས། །གསང་གསུམ་ཡོན་ཏན་རྒྱ་མཚོའི་གཏིང་ལས་ཟབ། །མཛད་པ་འཕྲིན་ལས་ཀུན་གསལ་མཐོངས་ལས་ཡངས། །ཐུབ་བསྟན་རྒྱལ་མཚན་སུམ་རྩེན་དབྱིངས་ན་སྒྲེངས། །ཞྭ་སེར་ཅོད་པན་འཆང་བའི་རྣམ་ཐར་གཙང༌། ། ཞེས་ཀྱང་སྨྲས་སོ། །

                                   དགའ་ལྡན་ཁྲི་རབས་རིམ་བྱུང་གི་རྣམ་ཐར་ཛམྦུའི་གསེར་གྱི་ཕྲེང་བ་ལས་བཤུས།

          རྩོམ་སྒྲིག་པ། ཀླུ་ཚང་ འཇམ་དབྱངས་ཤེས་རབ།

     གསལ་འདེབས།
    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
       དྲ་བའི་སྦྲེལ་ཐགhttp://www.tb1025. cn

བརྒྱུད་འགོད།