འབྲས་སྒོ་མང་གདན་རབས་སོ་གཉིས་པ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-23 16:47:42     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

403773714203453249.jpg

                             བརྒྱུད་འདེབས་ལས།
                                    བློ་གྲོས་འོད་ཟེར་འབུམ་བཀྱེ་འཇ༷མ་དཔལ་དབྱ༷ངས། །
                                    ཞལ་གྱི་པད་མོ་རྣམ་པར་བཞ༷ད་པ༷འི་དཔལ། །
                                    རྒྱས་མཛད་མཁས་དང་གྲུབ་པའི་དབང་ཕྱུག་ཆེ། །
                                    ང༷ག་དབ༷ང་བརྩོན་འགྲུ༷ས་ཞབས་ལ་གསོལ་བ་འདེབས། །ཞེས་དང་།
        དཔལ་ལྡན་ཆོས་རྗེའི་དབུ་ཕར་དགའ་སྟོན་དུ། པཎ་ཆེན་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོས་ཀྱང་།
                                    ང༷ག་གི་དབ༷ང་ཕྱུག་འཇམ་མགོན་བླ་མ་ཡི། །
                                    མདོ་སྔགས་བསྟན་པའི་རྒྱ་མཚོ་སྤེལ་བ་ལ། །
                                    བརྩོ ན་འགྲུ༷ས་ལྷོད་པ་མེད་པའི་སྙིང་སྟོབས་ཅན། །
                                    དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །
                                                ཞེས་བསྔགས་པ་མཛད། ཅེས་བྱུང་།
        གདན་རབས་སོ་གཉིས་པ། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་ཡིན་ལ། རྗེ་འདི་ཉིད་མ་གཅིག་ལབ་སྒྲོན་དང་བཀའ་གདམས་གླེགས་བམ་སོགས་ལས་སྤྱན་རས་གཟིགས་ཀྱི་སྤྲུལ་པར་གསུངས་ཤིང་། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱིས་གསང་བདག་གི་སྤྲུལ་པར་ཡང་གསུངས་ལ། སྐྱེས་རབས་གསོལ་འདེབས་ལས།སྟོན་པའི་དུས་ཀྱི་རྒྱལ་སྲས་དྲི་མེད་གྲགས་པ་དང་། དེ་ནས་སློབ་དཔོན་སངས་རྒྱས་བསྐྱངས་དང་། ཕྱོགས་ཀྱི་གླང་པོ། ཟླ་བ་གྲགས་པ། གྲུབ་ཆེན་ཛེ་ཏཱ་རི། པོ་ཏོ་བ། བླ་མ་དབུ་མ་པ། ཞྭ་ལུ་བ་ལེགས་པ་རྒྱལ་མཚན། རྒྱུད་ཆེན་བརྩོན་འགྲུས་འཕགས། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ་སོགས་སུ་འཁྲུངས་པར་གསུངས་ན་རྗེ་འདིའི་གསང་གསུམ་གྱི་ཡོན་ཏན་གཏིང་མཐའ་དཔོག་ཅིང་བརྗོད་པར་ག་ལ་ནུས། འོན་ཀྱང་འདིར་ས་ཁོངས་ཙམ་འགོད་ན།
        འཁྲུངས་པའི་ཡུལ་ནི། སྔོན་གེ་སར་རྒྱལ་པོས་བསང་བཏང་པའི་དབང་གིས་བསང་གཞུང་དུ་མིང་ཆགས་པའི་ཡུལ་གྱི་ནང་ཚན་རྡོ་གེར་དང་ཉེ་བ་རྟིང་རིང་ལྷས་ཁྲ་ཞེས་པ་ཡིན་ལ། རུས་ནི། བོད་མིའི་ཐོག་མ་བསེ་དང་། རྨུ་དང་། ལྡོང་དང་། སྟོང་སྟེ་བཞི་བྱུང་བའི་ལྡོང་ཡིན་ལ། དེ་ལ་ཤུལ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་དབལ་ཤུལ་གྱི་དཔོན་རྒྱུད། ཡབ་དཔལ་འབུམ་ཟེར་བ་སྙིང་སྟོབས་ཅན་དང་ཡུམ་ཁ་རྒྱའི་མཁར་མོ་སྐྱིད་ཟེར་བ་དད་པ་ཅན། དེ་ལྟ་བུའི་རིགས་རུས་ཕུན་སུམ་ཚོགས་པའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་ཕོ་བྱི་བ་ཕྱི་ལོ་༡༦༤༨ ལོ་ཧོར་ཟླ་དང་པོའི་ཚེས་བརྒྱད་ཉིན་སྐུ་བལྟམས་པ་དང་དུས་མཉམ་འབྲུག་གྲགས་པ་དང་། ཆར་བབས་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་མངལ་གྱི་རྒྱ་ལས་གྲོལ། དེའི་གོང་དུ་མེས་པོ་བླ་མ་སྐྱབས་ཀྱི་རྨི་ལམ་དུ་དུང་དཀར་པོ་དྲི་མ་མེད་པ་ཞིག་ནམ་མཁའ་ནས་ཁང་པར་ལྷུང་བྱུང་བ་རྨིས། འཁྲུངས་ནས་རྩིས་མཁན་ལ་རྩིས་བྱས་པས་རི་རབ་ལ་འཕོངས་སྟེགས་བྱས་ནས། རྒྱ་མཚོ་ལ་ཞབས་བཞག་པ་ཞིག་བབས། འཁྲུངས་མ་ཐག་བསྙལ་ནའང་མི་ཉལ་བར་ཙོག་པུར་སྤྱན་ཕྱེ་ཞིང་འཛུམ་པ་དང་བཅས་བཞུགས་པ་སོགས་ཡ་མཚན་པའི་ངང་ཚུལ་བརྟས་ལ་དེའི་སྐབས་གཟིགས་སྣང་ཁྱད་པར་ཅན་ཅི་བྱུང་ནི།
                       རྣམ་ཐར་དད་པའི་སྙེ་མ་ལས།
                                        ཞི་དུལ་མཛེས་མའི་མངལ་རྒྱ་གྲོལ་མ་ཐག །
                                        མཇའ་ཚོན་ཟླུམ་པོའི་འོད་ཀོར་ཡང་ཡང་གཟིགས། །
                                        དེ་ནི་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་ལ། །
                                        སྐུ་ཚེ་དུ་མར་འདྲིས་པའི་ལག་རྗེས་གསུངས། །ཞེས་དང་།
        གཞན་ཡང་དེ་སྐབས་གཙུག་ཏོར་གྱིས་མཛེས་པའི་བདེ་བར་གཤེགས་པ་དཔག་ཏུ་མེད་པའི་གཟིགས་སྣང་བྱུང་བ་ཡང་རང་རྣམ་ལས། ཀུན་འདུས་ཕྱོགས་བཅུར་ནས་སམ་འབྲས་སྤུངས་ལྟར། །ཨུཥྞཱི་ཥ་ལྡན་དཔག་མེད་སྤྲིན་བཞིན་འཁྲིགས། །གང་གང་བལྟས་བལྟས་མང་པོ་དེ་དེ་རང་། །ཞེས་སོ། །འདི་སེམས་དབེན་གྱི་རྟོགས་པ་བརྙེས་པའི་རྟགས་སུ་གསུང་ཟུར་ལ་ཐོན་པར་བཤད།
        དགུང་གྲངས་ལྔ་པ་ཆུ་འབྲུག་ལོར་༸རྒྱལ་མཆོག་ལྔ་པ་ཆེན་པོ་རྒྱ་ནག་ཏུ་ཆིབས་བསྒྱུར་སྐབས་མཚོ་ཁར་ཕེབས་པ་དང་མཇལ་ཞུས་ཆོས་འབྲེལ་དང་ཕྱག་དབང་ཐོབ། དགུང་ལོ་བདུན་པའི་ཚེ་ཡབ་ཀྱི་ཕུ་བོ་དགེ་སློང་བློ་བཟང་དོན་གྲུབ་བྱ་བ་ཕྱག་རྡོར་འབྱུང་འདུལ་གྱི་བསྙེན་པ་ཚད་དུ་འཁྱོངས་པ་དེ་ལས་ཡི་གེ་འབྲི་ཀློག་སོགས་བསླབས་པས་ཚེགས་མེད་པར་ཐུགས་སུ་ཆུད།དགུང་ལོ་བཅུ་གསུམ་པའི་ཚེ་འདུལ་འཛིན་ཡེ་ཤེས་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་ཡེ་ཤེས་རྒྱལ་མཚན་ཞེས་བཏགས། མཁན་པོ་དེ་ཉིད་ཀྱི་དྲུང་ནས་འཇིགས་བྱེད་ཀྱི་རྗེས་གནང་གསན་ནས་སྒྲུབ་ཐབས་ཆག་མེད་དང་སྐུ་མཚམས་མཛད་དེ་ཡ་མ་ར་ཛ་བྱེ་ཆེན་སོང་སྐབས་རྭ་ལོ་ཙཱ་བ་ཡིན་ཟེར་བའི་དགེ་སློང་ཞིག་གིས་ཕྱག་མཚན་བྷི་དྷི་པཱ་ལ་གཏད་དེ་འདི་བདུད་ཀུན་སྲུང་བའི་སྲིང་མོ་བཅུ་གསུམ་ཡིན་པས་ཕྱིན་ཆད་ཁྱོད་ཀྱིས་ཟུངས་བཟླས་པ་དེས་ཆོག་གསུངས། ད་དུང་མང་དུ་བཟླས་པས་སླར་ཡང་སྔར་ལྟར་བྱུང་ནས་བཟླས་པ་རྩ་སྔགས་དེས་ཆོག ལྷ་འདིའི་སྒོ་ནས་ལས་རབ་འབྱམས་ཐམས་ཅད་གྱིས་ཞེས་པའི་མཚན་མ་ཁྱད་པར་ཅན་ཐོབ་ལ། ཚུལ་འདི་གསང་རྣམ་ལས། འབིགས་བྱེད་སྐྱོང་གཏད་འདི་ནི་མཱ་ར་ཎ། །ཀུན་སྲུང་སྲིང་མོ་བཅུ་གསུམ་ཡིན་ད་ཟུངས། །མུ་ལ་དེས་ཆོག་སླར་ན་ཛ་པཀྟོ། །ཞེས་སོ། །སྐུ་ན་ཆུང་དུས་གསང་བདག་འབྱུང་འདུལ་གྱི་བསྙེན་པ་མཛད་པའི་སྐབས་ཤིག་གཙུག་ལག་ཁང་གཅིག་ན་ཕྱག་ན་རྡོ་རྗེ་འབྱུང་འདུལ་སྐུ་བོངས་ཆེ་བ་སྐུ་སྨད་དར་དཀར་པོས་དཀྲིས་པ་ཞིག་གི་གཟིགས་སྣང་དང་། རྗེ་ཡི་གསང་བའི་རྣམ་ཐར་ཞལ་འདོན་མཛད་པའི་ཚེ་རྗེ་རིན་པོ་ཆེས་ཞལ་གཟིགས་པའི་ལྷ་དང་ཆོས་སྐྱོང་པཎ་གྲུབ་ཐམས་ཅད་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་མཐའ་དག་རི་མོ་བྲིས་པ་བཞིན་དུ་གསལ་བར་ཤར་བའི་ཉམས་འཆར་བ་ནི་གསང་རྣམ་ལས། གསང་རྣམ་འདོན་དུས་དེ་དེ་བྲིས་བཞིན་དུ། །ཆུང་དུས་འབྱུང་འདུལ་སོགས་ཀྱི་བསྙེན་དུས་ཡིན། །ཞེས་སོ། །དགུང་ལོ་བཅུ་དྲུག་གི་དུས་དགེ་སྦྱོར་གྱི་ཆེད་དུ་སྐུ་ཆིངས་བཀྲོལ་ནས་མི་གཟིམ་པའི་དམ་བཅའ་མཛད། དགུང་ལོ་ཉི་ཤུའི་བར་དགེ་སྦྱོར་གྱི་ཞར་ལ་སྔགས་ཀྱི་ཀློག་ཐབས་དང་སྨན་རྩིས་རི་མོ་འབྲི་བ་ས་དཔྱད་མཁྱུད་དཔྱད་སོགས་ལ་ལེགས་པར་སྦྱངས་ཤིང་དེ་དག་གི་སྒོ་ནས་སྐྱེ་བོ་མང་པོ་ཉེ་ཞོ་ལས་བསྒྲལ་བས་ནུས་པ་ཆེ་བར་ཡོངས་སུ་གྲགས་སོ། །ཡབ་ཡུམ་ལས་གནང་བ་ཐོབ་ཏེ་དབུས་སུ་ཕེབས་ཁར་ཅུང་ཟད་བསྙུན་པར་གྲུབ་པའི་དབང་ཕྱུག་ཤར་སྐལ་ལྡན་རྒྱ་མཚོའི་དྲུང་ནས་འཇམ་དཔལ་ནག་པོའི་རྗེས་གནང་ཞུས་པས་ཉམས་དང་གྲིབ་ཚོགས་ཐམས་ཅད་རང་སར་དེངས་པར་གྱུར།
        དགུང་ལོ་ཉེར་གཅིག་པ་ལ་དབུས་གཙང་དུ་ཆིབས་བསྒྱུར་མཛད་པར་སྔ་ཉིན་ནས་ཕྱི་ཉིན་གང་དུ་འབྱོན་པའི་རི་ཐང་སོགས་འཆར་བ་དང་། གཞི་བདག་རྣམས་ཀྱིས་བསུ་སྐྱེལ་བསྙེན་བཀུར་སོགས་ཚུལ་བཞིན་བྱེད་ཅིང་། ལྡང་ལར་བཞུགས་པའི་མཚན་མོ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྣང་སྟོང་སྒྱུ་མའི་གར་བཞིན་གཟིགས་ཤིང་། ནམ་མཁར་མི་སྙིང་གཅིག་ལ་བུང་བ་མང་པོ་འཕྲོ་འདུ་བྱེད་པ་འདྲ་བ་ལ་ཞིབ་ཏུ་གཟིགས་པས་སངས་རྒྱས་དཔག་མེད་བྱོན་ནས་སྙིང་དེ་ལ་ཐིམ་པ་དང་། དེ་ཡང་རང་གི་ཐུགས་ཀར་ཐིམ་པ་དང་དུས་མཉམ་དུ་ཤངས་བུག་ནས་རླུང་དྲི་ཞིམ་པོ་བྱུང་བ་སོགས་ཀྱིས་དགའ་བདེ་ཚད་མེད་པ་འཁྲུངས་པ་ནི། གསང་རྣམ་རྩ་བ་ལས། དགའ་དང་དད་རྣམས་རྨི་ལམ་ཉམས་དང་འདྲེས། །ལམ་དུ་འགྲོ་དུས་གང་བབས་དེ་དག་དང་། །ལྡང་ལར་ཙིཏྟ་ཨིཥྚ་དེ་ཝ་འཆར། །ཞེས་སོ། །ལྷ་སར་མཆོད་མཇལ་སྐབས་ཇོ་བོ་ཤཱཀྱ་མུ་ནི་དང་། འཇམ་དབྱངས་གྱང་ཐིམ་མ་གཉིས་ལ་མཇལ་དར་ཕུལ་བ་ལྷ་གཉིས་ཀྱིས་སྙན་དར་ཕྱག་གིས་བཞེས་ཏེ་ཞལ་འཛུམ་མཛད་ཅིང་གསུང་བྱོན་པའི་གཟིགས་སྣང་བྱུང་ཚུལ་ནི་གསང་རྣམ་སྙེ་མ་ལས། ཆོས་འཁོར་ལྷ་སར་ཤཱཀྱ་མུ་ནི་དང་། །འཇམ་དབྱངས་སྐུ་ཡིས་སྙན་དར་ཕྱག་བཞེས་ཏེ། །འཛུམ་བཞད་གསུང་བྱོན་དགྱེས་པའི་ཉམས་མང་མཛད། །ཅེས་སོ། །དེར་མ་ཟད། འཇམ་དབྱངས་གྱང་ཐིམ་མ་ཕྱིས་ནམ་མཇལ་སྐབས་གཟིགས་སྣང་ཁྱད་པར་ཅན་རེ་འབྱུང་བར་གསུངས། དེ་ནས་འཇིག་རྟེན་དབང་ཕྱུག་ལྔ་པ་ཆེན་པོར་མཇལ་འབུལ་མཛད་པར་བཀའ་ཡི་ཕེབས་སྒོ་དང་དགྱེས་བརྩེ་ཚད་མེད་མཛད། དེ་ནས་འབྲས་སྤུངས་སུ་ཕེབས་པར་འབྲས་སྤུངས་ཚོགས་དུང་བཏང་བ་དང་། དན་འབག་སྣ་ནས་དགོན་པ་མཇལ་བ་དུས་མཚུངས་བྱུང་བས་རྟེན་འབྲེལ་ལེགས་པར་འགྲིགས། འབྲས་སྤུངས་མཆོད་མཇལ་སྐབས་༸རྒྱལ་དབང་གོང་མའི་ལྡེར་སྐུ་ཞིག་བཞུགས་པ་སྐུ་དངོས་སུ་གྱུར་ཏེ། དབུ་ལ་ཕྱག་བཞག་ནས་ཁྱོད་ལ་ནད་མེད་ཡོན་ཏན་ཡོང་སོགས་གསུང་མང་པོ་བྱོན། ༸རྒྱལ་དབང་བསོད་ནམས་རྒྱ་མཚོས་བཞེངས་པའི་རྗེ་ཙོང་ཁ་པའི་སྐུ་བརྙན་ཀྱང་རྗེ་དངོས་གནས་པར་གྱུར་ཏེ་ཁྱོད་ལྔ་བཅུ་འོག་ཏུ་བཞག་ན་འདིར་བྱུང་གསུངས་པས་ཕྱིས་སུ་དགུང་ལོ་ལྔ་བཅུ་ང་གསུམ་པའི་ཚེ་བཀྲ་ཤིས་སྒོ་མང་གི་ཁྲིར་ཕེབས་དགོས་པའི་ལུང་བསྟན་དུ་སྣང་གསུངས། སྔགས་པ་གྲྭ་ཚང་གི་རྟེན་གཙོ་རྡོ་རྗེ་འཇིགས་བྱེད་མཇལ་བར་དགྱེས་པའི་ཉམས་འགྱུར་ཅི་ཡང་མཛད། དེ་དག་ཀྱང་རྣམ་ཐར་བཀའ་རྩོམ་ལས། འདུ་ཁང་སྟེང་དང་ལམ་རིམ་ལྷ་ཁང་གི །ལྟས་བཟང་སྔགས་ཁང་འཇིགས་བྱེད་ལྷ་ཁང་གི །ལྟས་རྣམས་ལེགས་རྨིས་ཕལ་ཆེར་དོན་མཐུན་བྱུང་། །ཞེས་སོ། །
        དེ་ནས་ཧོར་ཟླ་བཅུ་པའི་ཚེས་ལྔའི་ཉིན་སྒོ་མང་སློབ་དཔོན་མདོ་སྔགས་རབ་འབྱམས་དབང་ལུང་མན་ངག་གང་ལའང་མི་འཇིགས་པའི་སྤོབས་པ་མངའ་བ་ཀླུ་འབུམ་བློ་གྲོས་རྒྱ་མཚོའི་དྲུང་ནས་བརྩི་བཞག་ཞུས། ལོ་དེར་དགུན་དུས་ཟླ་ཤས་རིང་རྩོད་པ་ཅི་སོང་ནི། རྣམ་ཐར་བཀའ་རྩོམ་ལས། །ལོ་དེར་རྒྱན་འཇུག་གྲུབ་མཐའི་རྣམ་བཞག་དང་། །བློ་རྟགས་མན་ཆད་བསྡུས་ཚན་ཉེར་ལྔ་ཀུན། །ཞིབ་བཟུང་བརྒལ་བརྟག་སྒོ་ནས་གཏན་ལ་ཕབ། །ཅེས་པ་ལྟར་དེ་དུས་ནས་ཀྱང་རྩོད་པ་ལ་འགྲན་ཟླ་མེད་པའི་གྲགས་པ་ཐོབ།
        དགུང་ལོ་ཉེར་གཉིས་པ་ལ་གཞུང་གསར་དུ་ཕེབས་ཏེ་བསམ་བློ་ལྕང་སྐྱ་ངག་དབང་ཆོས་ལྡན་དགེ་རྒན་དུ་བསྟེན་ཏེ་དགེ་བཤེས་ཆེན་པོ་དེས་ཕུལ་དུ་བྱུང་བའི་ལེགས་བཤད་ཀྱིས་ཐུགས་ཀྱི་བང་མཛོད་ཡོངས་སུ་བཀང་། དགུང་ལོ་ཉེར་གསུམ་དུས་འཛིན་གྲྭ་སྐབས་དང་པོར་སླེབས། བརྩི་བཞག་སྦྱོར་ལམ་ལ་སླེབས་དུས་འཇམ་དབྱངས་ཀྱི་སྐུ་ཞིག་མདུན་དུ་བཞག་སྟེ་གང་བློ་མས་བསྟོད་སྒྲུབ་ཀྱི་སྒོ་ནས་གསོལ་བ་དྲག་ཏུ་བཏབ་པས་འོད་སྔོན་པོ་སྒོར་འཁྱིལ་ལེ་བ་ཞིག་གི་ནང་དུ་འཇམ་པའི་དབྱངས་མིའི་བོངས་ཚོད་དང་མཉམ་པ་ལྟ་བས་ཆོག་མི་ཤེས་པ་ཞིག་ཡུན་རིང་པོའི་བར་དུ་གཟིགས་པས་ཤེར་ཕྱིན་རྒྱན་གྱི་དོན་ལྷག་མ་མེད་པར་ཐུགས་སུ་ཆུད། དེ་ཕྱིན་ཆད་མདོ་རྒྱུད་གང་གཟིགས་ཀྱང་ཚིག་དོན་དངོས་ཤུགས་མ་འདྲེས་པ་ཆུ་དྭངས་པའི་ནང་གི་རྡེའུ་འམ་ཤེལ་ལ་ཚོན་བཞིན་དུ་འཆར་བ་ནི། བཀའ་རྩོམ་ལས། བིཥིཙའི་ཀྲྀ་ཧར་འོད་སྔོན་དབུས་སུ་ཡབ། །འདོད་པའི་ལྷ་མཐོང་ཞེས་དང་། དེ་དུས་རྣམ་པར་དཔྱོད་པའི་ཀློང་བརྡོལ་ལྟར། །གྲུབ་པའི་མཐའ་དང་ཡིག་འཇོག་སོ་སོ་ལ། །བལྟས་པ་ཙམ་གྱིས་ཆུ་དྭངས་རྡེའུ་ལྟར། །དངོས་ཤུགས་མ་འདྲེས་ཤེལ་ལ་ཚོན་བཞིན་འཆར། །ཞེས་སོ། །ལོ་དེའི་དགུན་དུས་ཕོ་བྲང་པོ་ཏ་ལར་རྒྱལ་མཆོག་ལྔ་པ་ཆེན་པོའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ཞུས་ཏེ་བསླབ་བྱ་རྣམས་མིག་འབྲས་བཞིན་དུ་བསྲུངས། སྐབས་དེ་ཤེད་དཔྱིད་དུས་འཛིན་གྲྭ་གཏུགས་སྐབས་ཀླུ་འབུམ་ལྷ་བྲིས་པ་ཞེས་གྲགས་པ་རིགས་པའི་དབང་ཕྱུག་དེ་དང་། དེ་སྐབས་ཝ་ཤུལ་ངག་དབང་ཞེས་པ་༼ཀུན་མཁྱེན་༽ གཉིས་ཕྱོགས་གླང་ཆོས་གྲགས་དངོས་སུ་རྒོལ་བ་ལ་ཞུགས་པ་ལྟར་རྒོལ་བ་སྔ་ཕྱི་བྱས་ཏེ་བརྩད་པས་ལྷ་བྲིས་པའི་འཛིན་གྲྭ་དཀའ་པོ་བྱུང་། ཆོས་གྲྭ་གྲོལ་ནས་ལྷ་བྲིས་པའི་ཤག་ཏུ་ཕེབས་ནས་ཁྱེད་རང་ལེགས་ལྡན་གྱིས་ཟླ་གྲགས་ང་ལ་གླགས་ག་ནས་ཁེལ་ཞེས་གསུངས་པ་ངག་རྒྱུན་དུ་གྲགས། འཇམ་དབྱངས་ཆོས་སྐོར་ལ་བསྙེན་པ་མཛད་དུས་འབྲས་སྤུངས་དན་འབག་སྟེང་གི་ནམ་མཁའ་ལ་བཀྲ་ཤིས་རྟགས་བརྒྱད་འཁོར་ལོ་བུམ་པ་པད་མ་སོགས་བུ་ཡུག་འཚུབ་པ་ལྟར་ཡང་ཡང་གཟིགས་པ་ནི། བཀའ་རྩོམ་ལས། འཇམ་དབྱངས་སྐོར་བསྙེན་ཨཥྚ་ཙི་ཧྣཾ། །མང་པོ་ནམ་མཁར་དན་འབག་སྟེང་སོགས་ནས། །ཞེས་སོ། །ཆོས་གྲྭར་འབྱོན་པའི་སྐབས་དེ་དག་ཏུ་སྐུ་ཆས་བཀྲེན་པོ་བྱུང་སྟེ་སྲན་མ་ཆུ་ལ་སྦངས་ནས་བཞེས་པ་མཛད་པས་འཚོ་བ་བསྐྱལ་བར་ཐམས་ཅད་ཀྱིས་ཝ་ཤུལ་ངག་དབང་ཞེས་དཀའ་སྤྱད་དང་སྙིང་རུས་ཀྱི་ཚད་དུ་འཛིན་པ་བྱུང་།
        དགུང་ལོ་ཉེར་བཞི་པ་ལ་ཕར་ཕྱིན་འཛིན་གྲྭར་ཕེབས། དགུན་ཆོས་ཕར་ཕྱིན་དམ་བཅའ་བསྐོར་བར་བཀའ་རམས་འཛིན་གྲྭར་ཕེབས་པར། བཀའ་རམས་ནས་བགྲོ་གླེང་གནང་བྱུང་བར་རྗེ་འདིས་ཁྱི་ཡི་ལུས་རྟེན་ཅན་གྱི་བྱང་སེམས་ཀྱི་ལུས་རྟེན་ཁྱི་ཡི་ལུས་རྟེན་ཡིན་ཞེས་དམ་བཅས་པར་དེ་ལ་བྱ་བྲལ་རབ་འབྱམས་པ་རག་མས་འཁོར་གསུམ་མཛད་དེ། དེ་འདྲའི་བྱང་སེམས་དེའི་ལུས་རྟེན་ཆོས་ཅན། ཁྱིའི་ལུས་རྟེན་མ་ཡིན་པར་ཐལ། བྱང་སེམས་དེའི་ལུས་རྟེན་ཡིན་པའི་ཕྱིར་ཞེས་ཁྱབ་པ་བཅད། དེ་ལ་མ་ཁྱབ་གསུངས། ཡང་ཁོས། དེ་ཆོས་ཅན། བདེ་འགྲོའི་ལུས་རྟེན་ཡིན་པར་ཐལ། བྱང་སེམས་དེའི་ལུས་རྟེན་ཡིན་པའི་ཕྱིར་ཞེས་འཕངས་བྱུང་བར་ཁྱབ་པ་གཏན་ནས་མེད་ཅེས་གསུངས་པར་ཁོང་ཆད། གཞན་མང་པོས་ཁས་ལེན་དེ་བསྒྲུབས་ཀྱང་ལྕགས་ཀྱི་ཕ་བོང་ལ་ཁུ་ཚུར་བསྣུན་པ་བཞིན་གྱུར། དེའི་རྗེས་སྨྲ་བའི་ཁྱུ་མཆོག་སྒོ་མེ་གྲགས་པ་རྒྱ་མཚོས་དགེ་འདུན་ཉི་ཤུ་བཏང་ནས་ཡིག་ཆ་དང་མི་མཐུན་ཟེར་ནས་ངར་ངར་བྱས་ཀྱང་གནོད་བྱེད་མ་ཐོངས། དེ་དག་ནི། བཀའ་རྩོམ་ལས། དགུན་ཆོས་ཕར་ཕྱིན་སྟོན་མོའི་དམ་བཅའ་སོགས། །རྗེ་ཡི་ཡིག་ཆ་དང་མཐུན་ཚད་མས་དྲངས། འོན་ཀྱང་འཇིག་རྟེན་རྨོངས་ཡུས་གནའི་སྲོལ་གྱི། །དྲང་མིན་ཡུར་བར་ཞེན་པའི་ཉལ་འགྲོ་རྒྱུགས། །ཞེས་སོ། །
        དགུང་ལོ་ཉེར་ལྔ་ཆུ་བྱི་ལ་འཛིན་གྲྭ་དབུ་མར་ཕེབས་ཏེ་རྒྱ་བོད་ཀྱི་དབུ་མའི་གཞུང་ལུགས་སྤྱི་དང་ལྷག་པར་རྗེ་ཡི་དབུ་མའི་གཞུང་ལྔ། སྟོང་ཐུན་དང་བཅས་པར་ཞིབ་གཟིགས་ཀྱིས་ལྟ་བའི་གནད་ལ་དཔྱད་པ་རྫོགས་པར་མཛད། དཀའ་བཅུའི་མིང་བཏགས་མཛད་རྩིས་ཀྱིས་གསང་ཕུར་ཕེབས། ཀ་བསྒྱུར་བྱས་པས་མཁས་གྲུབ་རིན་པོ་ཆེའི་ཀ་བ་ཐོབ་པས་སྨྲ་བའི་སེང་གེར་འོང་བའི་རྟེན་འབྲེལ་འགྲིགས། བསེ་ཁྲབ་པ་ཞལ་གཟིགས་ཏེ་འོག་ནས་འབྱུང་བའི་ལུང་བསྟན་བྱས། ཆུ་གླང་གི་ལོ་དགུང་ལོ་ཉེར་དྲུག་ལ་གསང་ཕུ་ནེའུ་ཏོག་ཏུ་དཀའ་བཅུའི་གྲྭ་སྐོར་ལ་ཕེབས་པར་བཀའ་པོད་གཞན་ལ་སུས་ཀྱང་རིགས་ལུང་མ་སོང་། འདུལ་བ་ལུང་རིགས་གཏེར་མཛོད་གཞིར་བཞག་བྱས་པས་འཁོར་གསུམ་གཅིག་བྱུང་། དམ་བཅའ་གྲོལ་ནས་ཁས་ལེན་ངས་ཤོར་བ་མ་རེད། ལུང་རིགས་གཏེར་མཛོད་པས་ཤོར་བ་རེད་ཅེས་ཀྱལ་ཀ་གསུངས། དོན་འདི་དག་གསང་རྣམ་ལས། ནེ་འུ་ཐོག་ཏུ་གྲྭ་སྐོར་མཛད་པའི་ཚེ། །ལུས་རིང་མདོག་སྔོན་མིག་ཟབ་ཨ་ཙ་རས། །ཁྱོད་ཀྱི་སྙན་གྲགས་ས་སྟེང་ཐམས་ཅད་དུ། །ཁྱབ་པར་འགྱུར་ཞེས་གསལ་བར་ལུང་བསྟན་མཛད། །ཅེས་སོ། །དགུང་ལོ་ཉེར་བདུན་པ་ཤིང་སྟག་ལོར་ཕོ་བྲང་པོ་ཏ་ལ་ཆེན་པོར་རྒྱལ་མཆོག་ལྔ་པ་ཆེན་པོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་འདུལ་བ་འཛིན་པའི་ཁྲོད་ན་ཉེ་བར་འཁོར་ལྟ་བུར་གྱུར་ཏོ། །
དགུང་ལོ་ཉེར་དགུ་པར་གངས་ཅན་སྔགས་གྲྭའི་ཡང་རྩེ་རྒྱུད་སྨད་གྲྭ་ཚང་དུ་ཞུགས། ལོ་དེར་ཊཱིཀྐ་ཆུང་བའི་སྐྱོར་དཔོན་མཛད། ཆུ་མིག་ལུང་དུ་ཁྲི་ཁང་བརྩི་བཞག་ཏུ་གྲགས་པ་རིམ་ལྔའི་དམར་ཁྲིད་ཀྱི་ཕྱག་ལེན་བྱིན་རླབས་བདུད་རྩིའི་དྲི་ངད་མ་ཉམས་པའི་བཅུད་མྱངས་པས་ཉམས་མྱོང་ཁྱད་པར་ཅན་སྐྱེས། ཚལ་ཆོས་ཐོག་མཇུག་ཏུ་གཞུང་གི་བཀས་ཁྲི་བློ་གྲོས་རྒྱ་མཚོ་དང་ལྕང་སྐྱ་བློ་བཟང་ཆོས་ལྡན་རྗེ་ཉིད་སོགས་བསྙེན་སོང་ཉེར་གཅིག་གིས་ལྷོ་འབྲུག་ར་ལུང་པ་ལ་ལྕགས་མཁར་ཆེན་མོ་བརྩིག་དགོས་བྱུང་བས། ལིངྒའི་གནས་ཡིག་སོགས་རྗེ་འདིས་འབྲི་བར་མཛད། དེས་དུས་དམིགས་པ་ཆེར་མ་བྱས་ཀྱང་། དམིགས་ཡུལ་རྣམས་ཁུག་རྟགས་ཡང་ཡང་བྱུང་། ཉིན་གཅིག་ཚོགས་སུ་གཟིམ་ཅུང་ཟད་ཡུར་བའི་མནལ་ལམ་དུ། མི་ནག་པོ་ཞིག་གིས་མོན་པ་སྐྲ་ཟིང་བ་ལུས་རིད་པ་སྐེ་ལ་ཐག་པ་བཏགས་པ་མང་པོ་ཁྲིད་འོང་སྟེ་གྲྭ་པ་རེ་རེ་ལ་རེ་རེ་གཏད་དེ་གསོད་དགོས་ཟེར་བར་སྙིང་རྗེས་སྐྱེས་ཏེ་གསོད་ག་ལ་ནུས་དགོངས་པ་དང་མནལ་སད།
                          དེ་ཡང་རྣམ་ཐར་ལས།
                                     འདི་ན་མ་འོངས་དུས་སུ་གསང་འདུས་ཀྱི། །
                                     འདུས་སྡེ་འབྱུང་ཞེས་ལུང་བསྟན་ངག་རྒྱུན་དུ། །
                                     གྲགས་པའི་ཆུ་མིག་ལུང་དུ་རིམ་ལྔ་ཡི། །
                                     དམར་ཁྲིད་ཕྱག་ལེན་བྱིན་རླབས་བདུད་རྩིའི་བཅུད། །
                                     དྲོན་པོ་མ་འཆུག་ཉམས་མྱོང་ལྗགས་ཀྱིས་མྱངས། །ཞེས་དང་།
                                     རིང་ནས་ཡིད་ལ་བརྣག་པའི་ཡབ་གཅིག་རྗེའི། །
                                     ཐུགས་བཅུད་མར་མིའི་ཁ་ཕོ་འབྲུག་ལྟ་བུར། །
                                     སྒྲོགས་པ་རྒྱལ་ཀུན་ཕྱག་བྱས་མཁའ་འགྲོ་མའི། །
                                     སྙིང་གི་བཅུད་དེ་ཐོབ་སྙམ་དུས་ཀུན་དགའ། །ཞེས་དང་།
        སེམས་ལ་ད་ནི་མར་པ་མི་ལ་ཡིས། །རྡོ་རྗེའི་སྐུ་དེ་མིན་པ་གསུང་འདི་ལས། །ཅི་ཞིག་ཕེབས་སྙམ་རྗེ་བཙུན་ཙོང་ཁ་པར། །དད་པ་ཕྱོགས་ཞེན་མིན་པ་དེ་དུས་རྙེད། །ཅེས་སོ། །སྐབས་དེར་སྡེ་སྲིད་གཞུང་གི་འཕྲུལ་འཁོར་ལོག་སོང་ཟེར་བ་ཞིག་རྨིས་པར། ཆུ་མིག་ལུང་གི་ཁྲིད་གྲོལ་ནས་རྒྱུད་ཆེན་བློ་གྲོས་རྒྱ་མཚོར་རྨི་ལམ་དེ་ཞུས་པས། བདེན་པར་འདུག ཞྭ་ལུ་མཁན་པོས་འབྲི་གུང་ལུགས་ཀྱི་ལྕགས་སྡིག་འཁོར་ལོ་བྱས་པ་ལོག་སྐད་འདུག་གསུངས། ༼རྗེ་ཉིད་སྟོད་ལུང་ཆབ་ཚན་ནས་ཚུར་ཕེབས་སྐབས་ཕྱི་མིག་ཅིག་གཟིགས་པས་ཕྱོགས་དེར་གསང་བ་འདུས་པའི་ལྷ་ཚོགས་རྣམས་ཐིམ་པར་གཟིགས་པས། དེར་སྔགས་གྲྭ་ཞིག་འབྱུང་བར་ལུང་བསྟན་པས་ཕྱི་མིག་ལུང་ཞེས་གྲགས་པ་ཞལ་རྒྱུན་ཁུངས་མ་ལ། ཆུ་མིག་ཅེས་བྲིས་པ་སྒྲ་ཟུར་ཉམས་པ་རེད་གསུང་སྲོལ་ཡོད།༽ སྟོད་ལུང་རྩྭ་སྒྱེར་བཞུགས་སྐབས་མེ་ཏོག་གི་ཆར་དང་བཅས་ཏེ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཞལ་གཟིགས་ཤིང་། དེ་ནས་བཟུང་འབྲོམ་སྟོན་ཞལ་ཡང་ཡང་གཟིགས་པ་ནི། །རྩྭ་སྒྱེར་མེ་ཏོག་ཆར་བཞིན་གསལ་སྣང་དང་། །ཕ་རྒན་ལན་འགར་མཐོང་འདྲ་ཨེ་མ་ཧོ། །ཞེས་སོ། །འབྲས་སྤུངས་སུ་བཞུགས་སྐབས་ཤིག་ཞལ་ནས་མདང་ངའི་རྨི་ལམ་དུ་བུ་མོ་དཀར་ཞིང་ཡིད་དུ་འོང་བ་རྒྱན་དང་ལྡན་པ་ཞིག་གིས་ཐོད་ལེ་ཀོར་ཞིག་སྟེར་བ་རྨིས། ད་དབྱངས་ཅན་མའི་བསྟོད་པ་ཞིག་བྲི་དགོས་གསུངས་ནས་འཕགས་མ་ཟླ་ཟེར་མ་ལ་བསྟོད་པ་དོན་ཡོད་ཞགས་པ་ཞེས་པ་དེ་བརྩམས་ཞེས་ཐུའུ་བཀྭན་ཆོས་ཀྱི་ཉི་མས་གསུངས།
                           དེ་ཡང་གསང་རྣམ་ལས།
                                      བསྟོད་ཚིག་དོན་ཡོད་ཞགས་པའི་འཕྲུལ་འཁོར་གྱིས། །
                                      མངོན་སུམ་མགྲོན་དུ་བཀུག་པའི་དབྱངས་ལྡན་མ། །
                                      མགྲིན་པར་འཁྱུད་པས་སྔོན་མེད་ལེགས་བཤད་ཀྱི། །
                                      དགའ་སྟོན་སྤེལ་བའི་སྤོབས་པ་བླ་མེད་ཐོབ། །ཅེས་སོ། །
        ཤར་གྱི་རྭ་མཁན་གནས་ཏེ་གྲྭ་ཚང་ནས་བརྩིས་པའི་ཤར་སྒོ་མང་གི་ཆོས་གྲྭ་འོག་གི་ཉེ་འགྲམ་གུང་རུའི་ཁང་སེར་མའམ་རྭ་སྒྲེང་ཁང་པའི་ཟུར་དུ་ཁྱི་ཞིག་གིས་རྨུག་པའི་ཕྱིར་རྒྱུགས་བྱུང་བར་ལྷག་པའི་ལྷ་དྲན་པའི་མོད་ལ་དེའི་སྟེང་དུ་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པར་འོད་འཁྱིལ་ལེ་བ་ཞིག་གཟིགས་ཤིང་དེ་ནས་བཟུང་དུས་ཀུན་ཏུ་གཡེལ་མེད་དུ་སྐྱོང་བའི་ངེས་པ་རྙེད་པ་ནི། ཤར་གྱི་རྭ་མཁན་གནས། །ཤིང་ཟུར་ནོར་སྐྱོང་སྟེང་སར་མི་ཉལ་མིན། །མུ་ཁ་ཀ་ར་ཡོངས་རྫོགས་འོད་འབར་ལོ། །ཞེས་སོ། །སྐབས་ཤིག་སྙེ་ཐང་གི་གཙང་པོའི་གྲུར་ཞུགས་པ་ཆུ་འཁོར་ཆེན་པོ་གཅིག་ཏུ་ཡུན་རིང་འཁོར་ཞིང་བསྡད་པས་ཐོན་དཀའ་བ་འདྲ་དགོངས་པས་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པ་འོད་གོར་རེ་བ་ཞིག་ནམ་མཁར་བྱོན་པ་གཟིགས་པ་དང་ཆུ་ཡང་མ་འཁོར་བར་བདེ་བླག་ཏུ་ཆུ་འགྲམ་དུ་ཐོན་པས་དད་པའི་ཆུ་གཏེར་རྒྱས་པ་ནི་གསང་རྣམ་ལས། སྙེ་གྲུར་འཇིགས་རུང་ཆུ་འཁོར་འཁོར་བ་ལས། །སྒྲོལ་བའི་མཉན་པར་རྟའི་དགྲའི་ཤི་རེ་ཧ། །སྔར་བཞིན་བྱུང་བས་མ་འཁོར་མ་ནུབ་པར། །ཆུ་བརྒལ་དགའ་དང་དད་པའི་ཆུ་གཏེར་རྒྱས། །ཞེས་སོ། །ཐེངས་གཅིག་མནལ་ལམ་དུ། དགེ་འཕེལ་གྱི་ཟམ་ཆུང་དེའི་ཁར་དགེ་སློང་ཞིག་གིས་འདི་ན་རྭ་ལོ་ཙཱ་བའི་གཏེར་ཡོད་པས་དེ་ཐོན་ཟེར་བ་བྱུང་བས། རྒྱུད་རྒྱལ་ཟབ་དོན་འགྲེལ་བའི་བསྐུལ་མར་དགོངས་ནས། རྩ་རྒྱུད་རྟོག་བདུན་གྱི་དཀའ་བའི་གནད་ཀྱི་མཆན་འགྲེལ་རིན་ཆེན་ཕྲེང་བ་ཞེས་པ་བཀའ་རྒྱ་ཅན་ཟབ་གསང་ངོ་མཚར་བ་མཛད།
                              དེ་ཡང་གསང་རྣམ་ལས།
                                    ཟམ་པར་རྭ་གཏེར་འདོན་པའི་མཚན་མ་སོགས། །
                                    རྒྱུད་དོན་ལེགས་རྙེད་དམ་པ་དེའི་དྲིན་གྱིས། །
                                    རྒྱུད་བཤད་མཁའ་འགྲོའི་གསང་མཛོད་ཡིད་ཆེས་གནས། །
                                    ལེགས་ཟུངས་དངོས་གྲུབ་རྒྱ་མཚོའི་དགའ་སྟོན་ཡིན། །ཞེས་སོ། །
        དགུང་ལོ་སོ་བརྒྱད་པ་ཁྲོ་བོ་ཞེས་པ་ཤིང་གླང་ནག་པའི་ཉ་ལ་གར་འདུག་ཐེག་ཆེན་ཆོས་ཀྱི་ཕོ་བྲང་དུ་༼དགེ་འཕེལ་རི་ཁྲོད་ཀྱི་སྒྲུབ་ཁང་༽དྲང་ངེས་མཐའ་དཔྱོད་ཆེན་མོ་བཻ་ཌཱུརྱ་དཀར་པོའི་གན་མཛོད་སྐལ་བཟང་རེ་བ་ཀུན་སྐོང་བརྩམས། དགུང་ལོ་བཞི་བཅུ་པ་རྣམ་བྱུང་གི་ལོ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པའི་ཉིན་རི་བོ་དགེ་འཕེལ་དུ་བསམ་གཟུགས་ཆེན་མོ་བརྩམས། འདི་ཉིད་ཀྱི་མཇུག་ཏུ། བསྡུས་འབྲིང་རྒྱས་གསུམ་གྱི་ཁྱད་པར་ཕྱེ་ནས་འཛིན་ན་དེའི་སླད་དུ་སྡོམ་ནི། རང་ལུགས་ཙམ་བཟུང་བསྡུས་པ་སྤྱི་དོནའང་ཡིན། །སྨྲ་ལ་རྒྱུ་སྐར་དབུས་ན་པ་སངས་བཞིན། །ཞི་ལྷག་ཡན་ཆད་རང་ལུགས་ཙམ་གཞན་དཀྱུས། །འབྲིང་ཟུངས་རྒྱུ་སྐར་དབུས་ན་ཟླ་བ་རྒྱས། །ཀུན་ཚང་རྒྱས་པ་ཟུངས་ཤིག་དེ་ཏིང་འཛིན། །འབྱམས་ཀླས་སྨྲ་ལ་ཉི་མ་བཞིན་དུ་འབར། །གསུམ་ཀར་ཞིབ་ཀློག་ཞིབ་ཆའི་ཚོན་རིས་ཀྱིས། །དུས་ཀུན་མཁས་རྣམས་ཡིད་འཕྲོག་རྒྱལ་པོར་འགྱུར། །ཞེས་དབང་པོ་རབ་འབྲིང་ཐ་གསུམ་དང་འཚམ་པ་རྒྱས་འབྲིང་བསྡུས་གསུམ་དུ་གསུངས་འདུག་པས། བསམ་གཟུགས་པ་རྣམས་སྒྱིད་ལུག་དགོས་པ་མི་སྣང་ངོ༌། །
        དགུང་ལོ་ཞེ་གཉིས་པ་ས་སྦྲུལ་ལོར་རི་བོ་དགེ་འཕེལ་དུ་གྲུབ་མཐའི་རྣམ་པར་བཞག་པ་འཁྲུལ་སྤོང་གདོང་ལྔའི་སྒྲ་དབྱངས་བརྩམས་ནས་རང་འགྲེལ་གྱི་དབུ་བརྩམས། དགུང་ལོ་ང་གཉིས་པ་ས་མོ་ཡོས་ཀྱི་ལོར་གྲུབ་མཐའ་ཆེན་མོ་ཀུན་བཟང་ཞིང་གི་ཉི་མ་རྫོགས་པར་བརྩམས། དེ་ཡང་འཕགས་པའི་གནས་བརྟན་ཆེན་པོ་སྒོ་མང་ཇུན་གར་བ་བློ་བཟང་ཕུན་ཚོགས་ཀྱིས་མཛད་པའི་གསང་རྣམ་གསོལ་འདེབས་ལས། གྲུབ་མཐའ་རྩ་བ་རྩོམ་དུས་པི་ཝང་སྒྲ། །དངོས་སུ་གསན་ནས་ཕྱག་བྲིས་མཛད་པ་དང་། །ཡིག་འབྲུ་ཡན་ཆད་མ་ལུས་གདམས་པར་འཆར། །ཞེས་གསུངས། དེ་ཡང་། གདུལ་བྱའི་ཁམས་བཞིན་གསང་གསུམ་བརྟན་གཡོའི་གར། །ཞེས་སོགས་ཀྱི་མཆོད་བརྗོད་དང་པོ་འདི་དབྱངས་ཅན་མའི་པི་ཝང་གི་སྒྲ་ལས་དངོས་སུ་ཐོན་པ་དེ་རང་ཡིན་ཞེས་གསུང་རྒྱུན་དུ་འདུག་ལ་དེ་དུས་དབྱངས་ཅན་མའི་ཞལ་འདི་ནས་གཟིགས་པ་ཡིན་ཞེས་དགེ་འཕེལ་ཁང་ཆུང་ཞིག་གི་ཐོག་མཚམས་སུ་སྐར་ཁུང་ཆུང་ངུ་ཞིག་འདུག་པ་རྒྱ་མིའི་དུས་འགྱུར་བར་དུ་ཡོད་ཅིང་། ཁང་པ་དེར་གྲུབ་མཐའི་རྩ་བ་བརྩམས་པ་ཡིན་ཞེས་སྒོ་མང་བགྲེས་པ་རྣམས་གླེང་།
        དགུང་ལོ་ཞེ་བརྒྱད་པ། ཤིང་ཕག་གི་ལོར་དབུ་མ་ཆེན་མོ་ལུང་རིགས་གཏེར་མཛོད་བརྩམས། ཀུན་མཁྱེན་བླ་མས་དབུ་མའི་མཐའ་དཔྱོད་ཀྱི་བརྩི་བཞག་ཐོག་མར་གནང་བའི་འཛིན་གྲྭ་དེར་དབུ་མའི་ལྟ་བ་མ་རྙེད་པ་མེད་པ་སྒོ་མང་བླ་མ་ཇུན་གར་བ་བློ་བཟང་ཕུན་ཚོགས་དང་། ཐུགས་སྲས་ངག་དབང་བཀྲ་ཤིས་གཉིས་ཀྱི་གསུང་རྒྱུན་ཡིན་འདུག དགུང་གྲངས་ཞེ་དགུ་ལ་རྡོ་རྗེ་ཕྲེང་བའི་དབང་ཆེན་གནང་བཞེད་ལ། དམ་ཉམས་འགས་དགོན་པར་གནང་ན་མི་ལེགས་ཚུལ་གྱི་ལུང་བསྟན་རྫུན་མ་ཞིག་ཁྱེར་འོངས་ནས་དཀྲུག་ཤིང་བྱས་པས་སྟབས་མ་འགྲིགས་ཀྱང་ཕྱི་ལོ་དགུང་གྲངས་ལྔ་བཅུ་ཐམ་པའི་ལོར་རི་བོ་དགེ་འཕེལ་དུ་སྐལ་ལྡན་གྱི་སློབ་མ་སྟོང་དུ་ཉེ་བར་དབང་ཆེན་རྫོགས་པར་བསྩལ་ཏེ་རྡོ་རྗེ་ཐེག་པའི་བསྟན་པ་ཉིན་མོ་ལྟར་སྤེལ་བར་མཛད།
དགུང་གྲངས་ང་གཉིས་ལོར་འབྲས་སྤུངས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བསྡུས་ཚན་དུ་ཡོད་དྲིས་པའི་ལན་དུ། བསྡུས་གྲྭའི་རྩ་ཚིག་གི་དབུར། ཤེས་བྱའི་ནེའུ་གསིང་ངོས་ཡངས་པོར། །ཞེས་པ་ནས། མཇུག་ཏུ། ཀུན་མཁྱེན་ཐོབ་པའི་དངོས་རྒྱུ་ཡིན། །ཞེས་པ་འདི་ཉིད་བརྩམས་པར་བཤད། སྐབས་ཤིག་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྒྲའི་དཀའ་གནས་ཀྱི་དྲི་བ་བཞི་བཀྲམས་པར་སྒྲ་པ་གཞན་རྣམས་སོ་སོས་ལན་ཕུལ། ཀུན་མཁྱེན་ནས་དྲི་བ་གསུམ་ལ་ལན་མཐའ་ཆོད་པ་བརྩམས། གཅིག་ལ་འདིའི་དཔེ་ཆ་ཡོད་ན་ལས་སླ་ཞེས་ཕུལ་བར་གསུམ་པ་ཡན་ཆད་བསྒྲིགས་ཚར་བ་དང་གཅིག་གི་ལན་མེད་པས་ཨང་བཞི་པར་བཞག་པར་ཕྱིས་སྡེ་སྲིད་ཀྱིས། ཁྱེད་ཀྱིས་སྒྲ་དེ་ཙམ་མཁྱེན་པ་ངས་མ་ཤེས། ཁྱེད་འོས་ཐོ་དང་པོར་འོས་པ་འདུག་ཀྱང་།ལན་འཕྱིས་ནས་འོས་ཐོ་བཞི་པའི་སྐབས་སུ་འབྱོར་བ་དང་། དྲི་བ་གཅིག་ལ་ལན་ཡང་མི་འདུག་པས་བཞི་པར་བཞག་པ་ཡིན་ཟེར་འདུག ལོ་དེར་བྱང་ཆུབ་ལམ་གྱི་རིམ་པའི་མཆན་འགྲེལ་གསེར་གྱི་འཁོར་ལོ་རིན་པོ་ཆེ་ཞེས་བྱ་བ་སླ་སར་རྒྱས་འགྲེལ་བྱེད་པ་ལྟ་བུ་མ་ཡིན་པར་དཀའ་གནས་ཀུན་ལ་དོན་གྱི་ཁོག་ཕུབ་པའི་ཞིབ་མཆན་ཡོད་པ་ཞིག་མཛད་པས་བྱང་ཆུབ་ལམ་རིམ་ལ་ལྟ་བའི་མིག་བྱིན་ཅིང་། འདི་ལ་འཇམ་དབྱངས་བཞད་པའི་མཆན་ཞེས་བསྔགས་བརྗོད་ཤིན་ཏུ་ཆེ། མཆན་གྱི་མཇུག་ཏུའང་། འབྱམས་བཤད་རྣམས་ལ་དོན་འབྲུའི་ས་བཅད་དང་། །ཚིག་དོན་དཀའ་གནས་ལུང་རིགས་བརྒྱ་སྟོང་གི །འོད་ཟེར་འཁྲུལ་བྲལ་བི་ཤྭ་ཀརྨ་ཡིས། །ལན་བརྒྱར་བརྡར་བའི་མཆན་འགྲེལ་སྔོན་མེད་བྱས། །ཞེས་སོ། །
        དགུང་ལོ་ང་གསུམ་པ་ལྕགས་འབྲུག་ལ། ཇི་སྐད་དུ། མཐའ་དཔྱོད་ཀྱི་དབུར། མི་དབང་གནས་ལྔ་གཟིགས་པའི་ཀུན་མཁྱེན་གྱིས། །རྒྱ་གཞུང་འཐད་ལྡན་གཞིར་ཞོག་བཀའ་བསྩལ་བཞིན། །ཞེས་གསུངས་པ་ལྟར། སྡེ་སྲིད་སངས་རྒྱམ་ནས་མཁས་གྲུབ་རྗེ་དགག་འདོད་ཀྱི་བསམ་པས་སློབ་དཔོན་ཆོས་མཆོག་གི་འཐད་ལྡན་གཞིར་བཞག་གི་རྣམ་འགྲེལ་ཡིག་ཆ་རྩོམ་པར་བསྐུལ་བར་རྣམ་འགྲེལ་ལེའུ་དང་པོའི་མཐའ་དཔྱོད་སྐལ་བཟང་འཇུག་ངོགས་བརྩམས་ནས་གཟིགས་སུ་ཕུལ། དེར་མཁས་གྲུབ་རིན་པོ་ཆེའི་གསུང་མང་དུ་དྲངས་པ་ལ་ཁོང་ཐུགས་མ་མཉེས་པར་ལེའུ་ཕྱི་མ་རྣམས་རྩོམ་པའི་རྟིང་བསྐུལ་མ་མཛད་ཀྱང་། མུ་མཐུད་ལེའུ་གཉིས་པའི་མཐའ་དཔྱོད་ཆ་ཚང་དང་། ལེའུ་གསུམ་པའི་མཐའ་དཔྱོད་རྩོམ་འཕྲོ་བཅས་མཛད་པར་གྲགས། ཤར་སྐལ་ལྡན་མཚོའི་སྤྲུལ་སྐུའི་ངོར་མ་ཏི་ལུགས་ཀྱི་འཇམ་དཀར་སྒྲུབ་ཐབས་མཛད། འདི་ལ་ཀུན་མཁྱེན་འཇིགས་མེད་དབང་པོའི་སྦྱིན་སྲེག་དང་། གུང་ཐང་འཇམ་པའི་དབྱངས་ཀྱི་བསྟོད་སྤྲིན་རྒྱ་མཚོ་བཅས་ཡོད།
        དེ་ལྟར་དགུང་ལོ་སོ་གསུམ་ནས་ང་གསུམ་བར་གནས་མཆོག་རི་བོ་དགེ་འཕེལ་དུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་ཞོར་དུ་ལམ་རིམ་ཁྲིད་ལྔ་བཅུར་ཉེ་བ་དང་། དབང་ལུང་མན་ངག་སོགས་མཐའ་ཡས་པ་བསྩལ། ནུབ་གཅིག་མནལ་ལམ་དུ་སྒོ་མང་ཆོས་གྲྭ་གོང་གི་བཞུགས་ཁྲིའི་རྒྱབ་ངོས་ན་རྒྱལ་མཚན་གཅིག་མགོ་ཤར་དུ་བསྟན་ནས་བསྙལ་འདུག་པར་དེ་ཅི་ཡིན་དྲིས་པས་བཙུན་པ་ཞིག་གིས་འདི་ཁྱོད་ཀྱིས་མ་འོངས་པར་སློང་རྒྱུ་ཡིན་ཟེར་བ་རྨིས་པར་ཐུགས་ལ། ལུང་བསྟན་འགའ་ཞིག་གི་བབས་དང་བསྟུན་ན་སྒོ་མང་བླ་མ་བྱེད་དགོས་པ་འདྲ་དགོངས།
        དགུང་ལོ་ང་གསུམ་པ་ལྕགས་འབྲུག་ལོའི་སྟོན་ཀ་སྒོ་མང་དཔོན་སློབ་འོད་ཟེར་པས་རིགས་གྲྭ་བཏང་ནས་བརྗེས་མཚམས་སྒོ་མང་པ་ཐམས་ཅད་འདུན་པ་གཅིག་བསྒྲིལ་གྱིས་ད་ལམ་དགེ་འཕེལ་ངག་དབང་སྒོ་མང་བླ་མར་དགོས་ཞེས་གཞུང་ལ་ཞུས་པར། ༸རྒྱལ་བ་ཚངས་དབྱངས་མཆོག་ནས་གྲྭ་ཚང་གི་ཐུགས་བཞེད་ལྟར་བསྐོ་བཞག་བསྩལ། སྒོ་མང་ཁྲི་པ་མཛད་ན་ཕན་ཐོགས་ཡོང་མིན་བརྟག་པ་གནང་བའི་མནལ་ལམ་དུ། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །ཞེས་པ་ནས་ཀུན་འགྲུབ་ཤོག །ཅེས་པའི་བར་དབྱངས་རིང་པོ་འཐེན་པ་རྨིས་པས་ལྟས་བཟང་བར་དགོངས།
        དགུང་ལོ་ང་གསུམ་པ་རབ་བྱུང་༡༢ ལྕགས་འབྲུག་ཕྱི་ལོ་༡༧༠༠ ཧོར་ཟླ་བཅུ་པའི་ཚེས་ལྔ་ལ་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་མི་འཇིགས་ཆོས་ཀྱི་ཁྲི་ལ་ཞབས་ཟུང་ཉེ་བར་བཀོད། དེའི་ཉིན་གུང་ཚིགས་ཆོས་གྲྭར་ཕེབས་ནས་པོ་ཏི་ལྔའི་བརྩི་བཞག་རེ་གནང་། ཟླ་བ་དེའི་བཅོ་ལྔ་ལ་འབྲས་སྤུངས་ཚོགས་ཆེན་དུ་སོ་ཐར་གྱི་མདོ་གསུངས་པར་མཛད། རྡོ་གཅལ་ཆེན་མོའི་གླིང་བསྲེ་སྐབས་མཁས་པ་དུ་མའི་ཡིག་ཆ་ལ་ལུང་རིགས་ཀྱིས་དགག་བཞག་དང་བཅས་པོ་ཏི་ལྔ་ལ་འབྱམས་བཤད་མཛད་པས་གཟུར་གནས་མཁས་པ་རྣམས་ཀྱི་ཐུགས་ཡིད་རང་དབང་མེད་པར་འཕྲོགས་ཏེ་བསྔགས་བརྗོད་ཀྱི་རོལ་མོ་འཁྲོལ་བར་མཛད། གསུང་བཤད་ཉན་པའི་ཚོགས་པའང་རྡོ་གཅལ་ཆེན་མོར་མ་ཤོང་བར་བྱུང་། འབྲས་སྤུངས་གླིང་བསྲེའི་སྲོལ་ཐོག་མར་འཛུགས་པ་པོ་བློ་གླིང་དཔོན་སློབ་མཁས་གྲགས་ཅན་འབྲུག་ལྟག་པ་ངག་དབང་དཔལ་བཟང་ཡིན་པར་གྲགས།
        དགུང་གྲངས་ང་བཞི་པ་ལྕགས་སྦྲུལ་ལོར་ལྷ་སའི་སྨོན་ལམ་གྲྭ་སྐོར་བ་རྣམས་ཀྱི་གཞུང་ལས་པ་མཛད། སྒོ་མང་གི་བཅའ་ཡིག་རྗེ་བློ་གྲོས་རྒྱ་མཚོ་འཕོས་མཚམས་བོར་འདུག་པ་ལོ་འདིར་རྙེད་ནས་ཆོས་གྲྭར་བཀླགས་ཏེ་ཚོགས་གཏམ་ཞིབ་རྒྱས་གནང་། གུང་རུ་ངག་དབང་དགེ་འདུན་ཟེར་བ་ཞིག་གིས་དཔོན་སློབ་རིན་པོ་ཆེས་གྲྭ་ཚང་ལ་ཕོགས་རྒྱག་རྒྱུ་ཡིན་པ་འདྲ། ཁ་སང་བཅའ་ཡིག་ཀྱང་བཀླགས་སོང་ཞེས་ཆོས་གྲྭ་ནས་ཤགས་ཕུལ་བར་ལ་ཉེ་བཟང་བཟང་གསུངས་ནས་མཉེས་མཉེས་མཛད། ལོངས་སྤྱོད་ཀྱང་ཁྲིར་བཞུགས་འཕྲལ་དཀོན་པོ་བྱུང་ནའང་སྐབས་ཤིག་ཐུག་གི་སྟེང་དུ་བྱ་རོག་གིས་ཛམ་བྷ་ལའི་སྐུ་ཞིག་བསྐྱལ་བ་བླངས་ནས་ཆུ་སྦྱིན་དང་མཆོད་པ་མཛད་པ་དེ་ནས་བཟུང་མཁོ་དགུའི་ལོངས་སྤྱོད་ཆར་བཞིན་བབས་པ་བྱུང་།
འབྲས་སྤུངས་སྔགས་ཁང་གི་འཇིགས་བྱེད་བྱིན་རླབས་ཅན་རྭ་ལོའི་སྐུ་གདུང་ནང་རྟེན་དུ་བཞུགས་པ་སྐྱོན་ཞུགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཞིག་གིས་བཅོས་དགོས་པའི་ལུང་བསྟན་ངག་རྒྱུན་ལྟར་༸རྒྱལ་བ་ཚངས་དབྱངས་ལ་ཞུས་པས་སྒོ་མང་བླ་མ་ལ་ཞུས་གསུངས་པ་ལྟར་སྐུ་ལ་བྱི་བས་སྐྱོན་ཞུགས་པ་རྗེ་འདིས་ལེགས་པར་བཅོས།
        སྡེ་པ་བློ་བཟང་དོན་འགྲུབ་ཀྱིས་སློབ་སྟོན་ལྟར་བཀའ་རམས་འཛིན་གྲྭས་ཐུགས་ཁུར་བཞེས་ཏེ་ཁང་ཚན་སོ་སོའི་དགེ་རྒན་བཅས་ཀྱིས་ཆོས་གྲྭར་མཎྜལ་རྟེན་གསུམ་འབུལ་ཚན་བཅས་ཕུལ་ཏེ་གྲྭ་ཚང་གི་བརྩི་བཞག་ལ་གཏོང་རྒྱུའི་ཆེད་དུ་འདུལ་མཛོད་ཕར་ཕྱིན་དང་བཅས་པའི་ཡིག་ཆ་བཀའ་རྩོམ་མཛད་དགོས་ཞེས་མགྲིན་གཅིག་ཏུ་ཆོས་གྲྭར་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ་འདུལ་མཛོད་ཀྱི་མཐའ་དཔྱོད་ཆེན་མོ་གཉིས་རྩོམ་པའི་དབུ་ཚུགས་ཤིང་བརྩམས་ཚར་རིམ་ནས་བརྩི་བཞག་ལ་གནང་སྟེ་དགུང་གྲངས་ང་བདུན་པ་ཤིང་སྤྲེལ་ཕྱི་ལོ་༡༧༠༤ ལ་ལྗགས་རྩོམ་གྲུབ་པར་མཛད།
        ལོ་དེར་སོག་ཡུལ་ནས་སྒོ་མང་ཟུར་པ་ཐོར་གོད་དོན་གྲུབ་རྒྱ་མཚོ་ཕེབས་ནས་གྲྭ་ཚང་དུ་བསྙེན་བཀུར་ཚད་མེད་པས་མཉེས་པར་བྱས། རྗེ་འདི་ལའང་འབུལ་བ་རྒྱ་ཆེར་ཕུལ་ཏེ་ཆོས་འབྲེལ་ཞུས། ཐོར་གོད་པའི་ཞལ་ནས་ས་བརྒྱད་པའི་ཟད་པར་གྱི་ཏིང་ངེ་འཛིན་གྱི་འཛིན་སྟངས་ཀྱི་ཡུལ་ཨེ་ཡོད་དྲིས་པར་རྗེ་འདིས་མེད་གསུངས། འོ་ན་ལོག་རྟོག་ཏུ་མི་འགྱུར་རམ་གསུང་པ་ལ་དགོས་དབང་གིས་དེ་ལྟར་བཟུང་བ་ཡིན་གྱི་ཞེ་ཐག་པ་ནས་མི་འཛིན་པར་མ་ཟད་ཐེ་ཚོམ་གྱིས་ཀྱང་མི་འཛིན་པས་ལོག་རྟོག་ཏུ་མི་འགྱུར་ཞེས་ཞུས་པས་ཐུགས་དགྱེས་དགྱེས་མཛད། རྗེ་འདིས་ཁོང་ལ། མཆོག་གི་སྤྲུལ་སྐུའི་རྒྱུད་ལ་དགེ་སློང་གི་སྡོམ་པ་ཡོད་ན་ལོངས་སྐུ་ཡང་དགེ་སློང་དུ་ཁས་ལེན་མི་དགོས་སམ་ཞུས་པས་དེ་གཉིས་རྒྱུད་གཅིག་ཡིན་པས་སྤྲུལ་སྐུས་དགེ་སློང་གི་སྡོམ་པ་ཐོབ་ན་ལོངས་སྐུས་ཀྱང་དེ་ངེས་པར་ཐོབ། དེ་ལྟ་ན་ལོངས་སྐུ་ཡང་དགེ་སློང་དུ་ཁས་ལེན་དགོས་ཤིང་། ལྷ་ལ་དགེ་སློང་མི་འདོད་པ་གྲུབ་མཐའ་འོག་མའི་ལུགས་ཡིན་གསུངས་པས་རྗེ་རང་གི་དགོངས་པ་དང་མཐུན་པར་བྱུང་། དགུང་ལོ་ང་དྲུག་པ་ཆུ་ལུག་ལོར་སྐུ་བསྙུངས་ནས་བླ་བྲང་དང་གྲྭ་ཚང་གཉིས་ནས་ཞབས་རིམ་མང་པོ་བསྒྲུབས། གྲྭ་ཚང་ནས་༸གོང་ས་ཚངས་དབྱངས་རྒྱ་མཚོར་བརྟན་བཞུགས་ཞབས་བརྟན་ཞིག་ཞུས་པར།
                                 དུས་མཐའི་སྡོམ་བརྩོན་གསུམ་ལྡན་ཚུལ་འཛིན་པ། །
                                 རང་གཞན་དོན་གཉིས་ཕུན་ཚོགས་ལ་རོལ་ཞིང་། །
                                 གནས་ལྔའི་མཁས་མཆོག་འཇམ་དབྱངས་བཞད་པ་ཁྱོད། །
                                 སེམས་ཅན་འགྲོ་ལ་ཕན་ཕྱིར་རྟག་བརྟན་ཤོག །
        ཅེས་གནང་བ་གྲྭ་ཚང་ལ་བཙུགས། གྲགས་རྒྱལ་མ་ལ་ཞུས་པས་ཁྱེད་ལ་གཞན་གྱིས་མཐུ་བྱེད་ཀྱིན་འདུག་པས་ཐུགས་རྟོག་མཛོད། མིས་ཚོར་ན་འདྲེའི་གནས་ཁང་ཤོར་ཡོང་ཞེས་གསུངས། ཡང་དུས་དེར་འཇིགས་མཛད་རྡོ་རྗེའི་རྣལ་འབྱོར་པ་གྲུབ་ཆེན་སངས་རྒྱས་ཆོས་འཕེལ་ཆེད་གཉེར་དུ་བྱོན་ནས། གྲྭ་ཚང་ལ་བླ་མ་འདི་ཞིང་གཞན་ལ་འཕེན་པ་བཏང་བཞག མགྱོགས་པོར་ཞབས་བརྟན་ཕུལ་ན་ལེགས་གསུངས་པ་ལྟར་གྲྭ་ཚང་ནས་བརྟན་བཞུགས་ཕུལ། གྲུབ་ཐོབ་ནས་ཀྱང་ཚེ་དཔག་མེད་ཀྱི་སྐུ་ཞིག་ཞབས་བརྟན་དུ་ཕུལ་བར། སྐུ་འདི་ཆེན་པོ་མི་འདུག་པས་ཚེ་འབྲིང་ཞིག་ཐུབ་གསུངས། གྲུབ་ཆེན་ནས་བརྟན་བཞུགས། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །ཞེས་སོགས་བརྩམས་ནས་གྲྭ་ཚང་ལ་བཙུགས་ཏེ་ཉིན་ཤས་སོང་ནས་སྙུང་གཞི་ལྷག་མེད་དུ་སངས། ལོ་དེར་བསྟན་པའི་གསལ་བྱེད་བྲག་གཡབ་སྤྲུལ་སྐུ་བློ་བཟང་བསྟན་པ་མཆོག་ནས་འཇིགས་བྱེད་ཆོས་འབྱུང་རྩོམ་པར་གསོལ་བ་བཏབ་པ་ཞལ་གྱིས་བཞེས། སྔ་སོར་རྗེ་བློ་གྲོས་རྒྱ་མཚོས་འཇུག་པ་སེམས་བསྐྱེད་དྲུག་པ་བར་བཙུགས་ནའང་འཕྲོ་ལུས་པར་རྗེ་འདིས་ཉིན་གཅིག་ཆོས་གྲྭར་ཚོགས་གཏམ་མཛད་ནས་འཕྲོ་འདི་ནས་ཅི་ཡོང་མི་ཤེས་པས་ཤེར་ཕྱིན་གྱི་མདོ་ལས། སུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འབྲི་ན་ཡང་མྱུར་དུ་བྲིས་འདོན་ན་ཡང་མྱུར་དུ་ཐོན། ཅེས་གསུངས་པ་ལྟར་བདུད་ཀྱི་བར་ཆད་ཀྱི་དབང་གིས་ལུས་མི་འགྲོ་བའི་ངེས་པ་མི་འདུག་གསུངས་ནས་འཕྲལ་དུ་འཛུགས་པར་མཛད།
        ཡང་འགའ་ཞིག་གིས་དུག་གི་སྦྱོར་བ་ལན་དུ་མར་ཕུལ་ཀྱང་རེ་འབྲས་ལྟ་ཅི་ལྕང་ཐང་སྒང་དུ་དུག་སྦྱོང་མཛད་པའི་ཤུལ་དུ་གྲགས་པའི་རྡོ་ཕ་བོང་ཞིག་རྒྱ་དམར་གྱི་དུས་འགྱུར་བར་སྟོན་རྒྱུ་ཡོད། དེ་བཞིན་རྒྱལ་པོ་ལྷ་བཟང་སོགས་གཞན་དང་གཞན་ལ་སྦྱར་དུག་བྱུང་བ་ཀུན་མཁྱེན་ནས་བུམ་ཆུ་སྟེར་ཞིང་བཀྲུ་བྱབས་གནང་བས་སངས་དྲག་བྱུང་བ་ཆེས་མང་། ལྷ་བཟང་དང་སྡེ་སྲིད་གཉིས་ནང་མ་འཆམས་པས་༸རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོ་དང་། པད་དཀར་འཛིན་པ་གཉིས་ཀྱི་སྐོར་འུར་ཟིང་ཅི་ཆེ་བྱུང་ཡང་། ཀུན་མཁྱེན་རང་གི་གསུང་རྒྱུན་སྡེ་པ་བློ་བཟང་དོན་གྲུབ་ཅེས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སྐུ་མདུན་པ་ཡང་བྱེད་མྱོང་བ་དེ་ཉིད་ནས་རིམ་བཞིན་བརྒྱུད་པ་དབལ་མང་པཎྜིཏས་བཀོད་པ་ནི།
                                        བཀའ་གདམས་ལུང་བསྟན་ལས།
                                        བོད་ཁ་བ་ཅན་གྱི་གདུལ་བྱ་རྣམས། །
                                        བུ་སྙིང་མེད་ཕ་ལ་གཤེ་བ་བཞིན། །
                                        ང་ཕན་བདེའི་འབྱུང་གནས་རིན་ཆེན་ལ། །
                                        སེམས་རྟོག་པ་ཆེ་ཞེས་སྨོད་པར་བྱེད། །
                                  ཅེས་པས་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་དང་།
                                         ཀྱེ་ཁྱུང་ཆེན་མཁའ་ལ་ལྡིང་པ་ལ། །
                                         བྱ་མཚལ་ལུས་ཁྱིམ་ནས་འཕྱ་བ་བཞིན། །
                                         ང་ཡེ་ཤེས་ཁྱུང་ཆེན་ནམ་མཁའ་ལྡིང་། །
                                         སེམས་ཁོང་སྐྲན་ཅན་དེས་འཕྱ་བར་བྱེད། །
        ཅེས་པས་དྲུག་པ་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་ལུང་བསྟན་པར་བཤད་ཅིང་། སྐབས་དེར་གཉིས་ཀའི་མཛད་པ་ལ་ཕྱོགས་ལྷུང་གིས་གནོད་པར་གསུངས་པའི་ལུང་བསྟན་ཐོག་ཏུ་བབས་ཏེ་འུར་ཟིང་ཅི་ཆེ་བྱུང་བར་རྗེ་འདིས་རང་གཞན་ཀུན་ཕན་གྱི་གསུང་མང་པོ་བྱོན་པ་ལ། ༸རྒྱལ་མཆོག་ཚངས་དབྱངས་པ་ཆེན་པོས་ཀྱང་།
                                     དགེ་འདུན་སྤྱོད་ལོག་དམག་གི་དཔུང་ཚོགས་གཤོམ། །
                                     བློ་ངན་སེམས་ཀྱིས་མི་མཐུན་ནག་པོའི་ཕྱོགས། །
                                     འཇིག་རྟེན་མི་བདེ་སྡུག་བསྔལ་སྤྱོད་པ་ཀུན། །
                                     ཞི་མཛད་འཇམ་དབྱངས་བཞད་པར་གསོལ་བ་འདེབས། །
        ཞེས་སོགས་ཀུན་མཁྱེན་མཆོག་ལ་ཐུགས་ཡིད་ཆེས་པའི་གསུང་རྗེན་པར་གནང་།
བཻ་སེར་ལས་ཤོ་ལོ་ཀ་དང་པོ་ལྔ་པའི་ལུང་བསྟན་དུ་སྦྱར་ཡང་ལྔ་པའི་ལུང་བསྟན་ཀུན་མཁྱེན་རིན་པོ་ཆེ་ཉིད་ཀྱི་གསུང་རྒྱུན་ལྟར་དཔྱོད་ལྡན་ངོ་མཚར་སྐྱེད་པ་ཞིག་སྤྲོ་བ་ནི། གླེགས་བམ་ལས། མིའི་ས་བོན་ལ་རུས་བྱས་པ། ཞེས་པ་ནས། འུ་ཡུག་ཏུ་བཙུན་པ་བྱས། དམུ་རུ་བཏུལ། ཞེས་པའི་བར་དང་། གཞན་ཡང་། བཟང་པོ་བཟང་པོ་འགའ་རེ། ཞེས་དང་། མི་རིང་བ་ནི་ལྕང་མ་ཅན། ཞེས་དང་། ཚངས་པའི་དབྱངས་ཀྱིས་འདི་སྐད་དོ། །ཞེས་སོགས་ཐོར་བུ་ཡང་སྣང་བ་བཅས་ལོགས་སུ་སྣང་ངོ༌། །
        སྒོ་མང་གི་ཆོས་གྲྭ་གོང་མ་རྒྱ་བསྐྱེད་དེ་ཆོས་གྲྭའི་གཙང་ཁང་གི་ནུབ་ཀྱི་མདུན་ཟུར་དུ་སེང་གདོང་མའི་ཕོ་བྲང་ཟེར་བའི་ཕ་བོང་གི་རྩར་ཕུག་པ་ཞིག་ཡོད་པར་མཁའ་འགྲོའི་ཚོགས་འཁོར་བྱེད་ཟེར་ནས་གྲྭ་པ་གློ་བུར་དུ་མེད་འགྲོ་བ་ཞིག་ཡོད་པ་སྔར་སུས་ཀྱང་བཅོས་སུ་མ་བཏུབ་པ་ལ་གྲྭ་མང་གིས་རྗེ་འདི་ལ་གསོལ་བ་བཏབ་པར་བརྟེན་རྗེ་འདིས་ཕུག་པའི་སྒོ་རྩིག་པས་བཅད་དེ་རྭ་སྒྲེང་གི་ཤུག་པ་གསེར་ལྡན་ཞིག་བཙུགས་ནས་འདི་ཡག་པོ་སྐྱེས་ན་འདི་ལྟར་བཞག་པས་སྐྱོན་མི་འོང་། སྐམ་སོང་ན་བྲག་ཕུག་གི་སྒོ་མ་ཕྱེ་ན་འཆད་ཉན་ལ་ཅུང་ཟད་གནོད་གསུངས། རྗེས་སོར་ཤུག་པ་ཆེར་སྐྱེས་ཏེ་སྡོང་པོ་༼གུང་མཁན་ཆེན་རྣམ་ཐར་ནང་ཀུན་མཁྱེན་གྱི་བླ་ཤིང་ཞེས་འབྱུང་བ་འདི་ཡིན་པར་སྣང་།༽དེའི་རྩ་བ་རྒྱས་ན་སྒོ་མང་གྲྭ་ཚང་དང་རྩེ་མོ་རྒྱས་ན་བཀྲ་ཤིས་འཁྱིལ་ལ་ལེགས་པོ་ཡོང་ཞེས་སྒོ་མང་གྲྭ་རྒན་རྣམས་གླེང་། ཤུག་སྡོང་འདི་དང་སྡེ་སྲིད་གཙང་པ་ནས་དུག་བཏབ་སྟེ་སྐམ་པ་མགོན་པོའི་བླ་ཤིང་གི་རྩ་བ་གཉིས་ཀ་ཕྱི་ལོ་༡༩༥༩ དུས་འགྱུར་སྐབས་རྗེས་ཤུལ་ཙམ་ཡང་མི་མངོན་པ་བྱས་འདུག
        ཕ་བོང་གི་མདུན་དབུ་མ་གསར་པའི་འཛིན་གྲྭའི་ས་གནས་དེར་སྔོན་སེང་གདོང་མའི་བླ་མཚོ་ཟེར་བའི་ཆུ་མིག་ཅིག་ཡོད་པ་དགག་བྱའི་དབང་གིས་ཀླུ་འབུམ་རིན་པོ་ཆེ་སྐུ་ཕྲེང་ཞིག་གིས་ཁ་བཀབ་པ་ཡིན་ཞེས་ངག་རྒྱུན་ཡོད། དེ་ཡང་སྒོ་མང་ཆོས་གྲྭ་སྒེར་གྱི་སྲུང་མ་སེང་གདོང་མ་ལ་མཛད་ཅིང་། དགོང་མོའི་ཆོས་གྲྭར་སེང་གདོང་མའི་རྟ་ཆེན་རྔམ་བརྗིད་ཅན་ཞིག་འཆར་ཅན་གཏོང་སྲོལ་དང་། སེང་གདོང་མའི་རྟ་ཆེན་འདི་དབུས་གཙང་ཁམས་སོགས་ཀྱི་ཆོས་སྡེ་གཞན་གང་ལ་མེད་པ་སྒོ་མང་གི་ཐུན་མོང་མ་ཡིན་པ་ཞིག་ཡིན། གྲྭ་ཚང་ནས་སེང་གདོང་མའི་གཏོར་སྒྲུབ་དང་། ཕུར་སྒྲུབ་སྦྱིན་སྲེག་དང་བཅས་པ་ལོ་ལྟར་ཚུགས་མུས། མགོན་ཁང་དུའང་ཉིན་ལྟར་སེང་གདོང་མའི་མངོན་རྟོགས་བསྐང་བཤགས་བཟླས་པ་བསྟོད་བསྐུལ་དང་བཅས་ཆག་མེད་བྱེད་དགོས། སྐབས་ཤིག་ཀུན་མཁྱེན་མཆོག་ནས་གཏམ་གསར་པ་ཞིག་ཐོས་པར་འདུག་པས་ང་རང་ཚོ་ལྷ་སར་འགྲོ་གསུངས་ནས་དཔོན་སློབ་རྣམས་ཕེབས་ཏེ་ལྷ་སར་མཆོད་མཇལ་མཛད་པས། ཀུན་མཁྱེན་རིན་པོ་ཆེ་ལ་ལྷ་དུ་མས་འབྱུང་འགྱུར་གྱི་ལུང་བསྟན་མང་པོ་གནང་བ་རྗེ་བློ་བཟང་དོན་གྲུབ་པས་གསན་ཡང་མ་གསན་པ་ལྟར་མཛད། ཡང་ལྷ་ཁང་གཞན་ཞིག་ཏུ་ཕེབས་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་བརྙན་ཞིག་གིས་སྔོན་ཀླུ་མེས་ཀྱི་དུས་ཟེར་ནས་གསུང་མང་པོ་ཞིག་གནང་སོང་པར་རྗེ་འདིས་མང་པོ་ཞིག་བཤད་ཀྱིན་འདུག་པ་དེ་སུ་རེད་ཅེས་མ་མཁྱེན་པ་ལྟར་ཞུས་པས་ཀུན་མཁྱེན་ནས་སྲོང་བཙན་གྱི་སྐུ་འདིས་ད་རེས་གཅིག་པུ་མ་ཡིན་པར་ནམ་མཇལ་དུས་གསུང་གླེང་མང་པོ་གནང་གི་ཡོད་གསུངས། དེ་ནས་ཆེར་མ་འགྱངས་པར་དཔོན་ཇུ་ནང་ཡབ་ཡུམ་ནས་མདོ་སྨད་དུ་འབྱོན་པའི་གསོལ་བ་བཏབ་པ་ཡིན་འདུག དགུང་ལོ་ང་དགུ་པ་མེ་ཁྱིའི་ལོ་དེར་རིགས་གྲྭ་གཏོང་བར་མཛད་དེ་ཟང་ཟིང་གི་མཆོད་པ་ལོག་འཚོའི་རྙོག་པ་དང་བྲལ་བས་དགེ་འདུན་འདུས་པ་རྒྱ་མཚོར་བསྙེན་བཀུར་བླ་ན་མེད་པ་དེ་ཕན་སུས་ཀྱང་མ་ཐུབ་པ་ཞིག་གཏོང་བར་མཛད།
        དགུང་ལོ་དྲུག་ཅུ་པ་མེ་ཕག་ཕྱི་ལོ་༡༧༠༧ ལོར་གྲྭ་ཚང་གི་བླ་མར་ཉི་མ་ཐང་པ་བློ་བཟང་ཤེས་རབ་བསྐོས་ཏེ་རང་ཉིད་སེ་ཆེན་ཞབས་དྲུང་གི་ཁང་པར་སྤོས་ནས་ཟུར་བཞུགས་མཛད། གཞུང་གི་བཀའ་ལྟར་པོ་ཏ་ལར་བྱོན་ནས་གཟིམ་ཆུང་བཀྲ་ཤིས་བཀོད་པར་ཐམས་ཅད་མཁྱེན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་དང་། རྒྱལ་པོ་ལྷ་བཟང་། བྱང་རྩེ་མཁན་པོ་དགེ་འདུན་ཕུན་ཚོགས་སོགས་ལ་ཐིག་ལེ་བཅུ་དྲུག་སོགས་བཀའ་དབང་འབུལ་བར་མཛད། ཕྱག་གཡོག་ལ་ད་ཕྱིན་ངེད་ཚོ་གང་དུ་སོང་བའི་ས་ལ་བཀྲ་ཤིས་ཟེར་བ་འོང་། ཐོག་མར་བཀྲ་ཤིས་སྒོ་མང་གི་བླ་མ་བྱས། དེ་ནས་མཆོད་གཞིས་བཀྲ་ཤིས་རྩེ་བྱུང་། འདི་བཀྲ་ཤིས་བཀོད་པ་ཡིན་འདུག་གསུངས། སྔ་སོར་དགའ་གདོང་ཆོས་སྐྱོང་ནས་འདྲེ་ངའི་གནས་ཁང་དུ་རིབ་ཙམ་ཕེབས་ནས་ངོས་མཇལ་བྱུང་ན་ལེགས་ཚོགས་ཆེ་བར་ཞུས་ཡོད་པར་བརྟེན་དགའ་བ་གདོང་དུ་བྱོན། ཆོས་སྐྱོང་གིས་ཕེབས་བསུ་མཇལ་དར་ཕུལ། རྗེ་ཉིད་ནས་འཕྲིན་ལས་བཅོལ་བའི་ལན་དུ། འདྲེ་ངས་རྣམ་པ་ཀུན་ཏུ་འཕྲིན་ལས་གང་དྲག་ཨེ་འབྱུང་ལྟ། དགོན་པ་ཡང་བཀྲ་ཤིས་འཁྱིལ་ཟེར་བ་ཞིག་ལ་བཏབ་ན་ལེགས་ཞེས་མི་འགྱུར་རྡོ་རྗེའི་ཚིག་གི་ལུང་བསྒྲགས། དེ་ནས་སླར་འབྲས་སྤུངས་སུ་ཕེབས་ནས་ཚོགས་ཆེན་གྲྭ་ཚང་ཁག་སོ་སོར་བསྙེན་བཀུར་རྒྱ་ཆེར་བསྩལ། དགུང་ལོ་རེ་གཅིག་ལ། གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བའི་བཤེས་གཉེན་དུ་མ་ལ་ལེགས་བཤད་སྙིང་པོའི་བཤད་ལུང་རྒྱས་པར་བསྩལ། ཕར་ཕྱིན་སྐབས་དང་པོ་དང་བཞི་པ་གཉིས་ལོ་དེར་ལྗགས་རྩོམ་མཛད།
དེ་ལྟར་དགུང་ལོ་ཉེར་གཅིག་ནས་སོ་གཉིས་བར་གཙོ་བོར་དབུས་གཙང་དུ་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱོང་མཐའ་ཆོད་པར་སྦྱངས། དགུང་གྲངས་སོ་གསུམ་ནས་ང་གསུམ་བར་གྲུབ་པའི་གནས་མཆོག་རི་བོ་དགེ་འཕེལ་དུ་མདོ་སྔགས་ཡོངས་རྫོགས་ཀྱི་ཉམས་བཞེས་ལ་ཤིན་ཏུ་འགྲུས་པར་མཛད་དེ་སྒྲུབ་པའི་རྒྱལ་མཚན་འཛིན་པའི་ཞོར་དུ་ལམ་རིམ་ཆེན་མོ་ཚར་ལྔ་བཅུ་ལ་ཉེ་བ་དང་། གཞན་ཡང་དབང་ལུང་མན་ངག་གི་ཟབ་ཆོས་ཀྱིས་སྐལ་ལྡན་མཐའ་ཡས་པའི་རེ་བ་བསྐངས། དགུང་གྲངས་ང་གསུམ་པ་ལྕགས་འབྲུག་ནས་དྲུག་ཅུ་པ་མེ་ཕག་བར་སྒོ་མང་བླ་མ་མཛད་ནས་ཆོས་སྲིད་གཉིས་ཀྱིས་གྲྭ་ཚང་ལེགས་པར་བསྐྱངས། རེ་གཅིག་ནས་རེ་གཉིས་པ་ས་མོ་གླང་གི་བར་ཕ་བོང་ཁའི་མཁན་པོ་མཛད་དེ་ཆོས་ཀྱི་ཆར་ཕབ།
        དེ་ལྟར་དབུས་གཙང་གི་ཕྱོགས་སུ་བསྟན་པ་རྒྱས་པར་མཛད་ནས། མདོ་སྨད་དུ་རྒྱལ་བའི་ལུང་གིས་བསྔགས་པའི་ཆོས་སྡེ་ཆེན་པོ་འདེབས་པའི་དུས་ལ་བབས་པ་དང་། དཔོན་ཇུ་ནང་ཡབ་སྲས་ཀྱིས་མདོ་སྨད་དུ་འབྱོན་པའི་གསོལ་བ་ཡང་ཡང་བཏབ་པ་ལ་བརྟེན་ནས་ལོ་དེའི་ཟླ་བ་དྲུག་པའི་ཚེས་བཅུ་གསུམ་ཉིན། རབ་འབྱམས་པ་གྲགས་པ་རིན་ཆེན་དང་། རབ་འབྱམས་པ་བློ་བཟང་དོན་གྲུབ། ཐུགས་སྲས་ངག་དབང་བཀྲ་ཤིས། གུང་རུའི་རབ་འབྱམས་པ་འཕགས་པ་ཚེ་རིང་སོགས་གཞུང་ལུགས་རབ་འབྱམས་ལ་མཁྱེན་སྤྱན་མངའ་བའི་བཤེས་གཉེན་མང་པོའི་འཁོར་དང་བཅས་ཏེ་འབྲས་སྤུངས་ནས་ལྷ་ས་དང་དེ་ནས་རིམ་བཞིན་མདོ་སྨད་དུ་ཕྱག་བཏེག་སྟེ་དཔོན་སློབ་ཐམས་ཅད་ས་གནས་བཀྲ་ཤིས་འཁྱིལ་དུ་ཕེབས་པ་ཙམ་ནས་ཉམས་སྣང་བདེ་ལ་བག་ཕེབས་པ་བྱུང་།
དེ་ནས་ས་གནས་ཁག་གསུམ་ལ་མར་མེའི་བརྟག་པ་མཛད་པས་བཀྲ་ཤིས་འཁྱིལ་ལེགས་གསུངས་ནས་བཀྲ་ཤིས་འཁྱིལ་ལ་གསོ་སྦྱོང་མཛད་ནས་གནས་དེར་དགོན་པ་འདེབས་པར་ཐག་བཅད་པ་ལྟར་རབ་བྱུང་བཅུ་གཉིས་པའི་ས་མོ་གླང་ཕྱི་ལོ་༡༧༠༩ ལོ་ཟླ་བ་བདུན་པ་ཕྱི་མའི་ཚེས་བཅུ་གསུམ་ལ་ཆོས་གྲྭ་འཚོགས་ཏེ་ཕྱག་བཏབ། སྔོན་དགེ་འཕེལ་དུ་བཞུགས་སྐབས་མདོ་སྨད་ཕྱོགས་སུ་དགོན་པ་བཏབ་ན་འཕེལ་རྒྱས་ཅི་ཡོང་བརྟག་སླད་འཇམ་དཔལ་ཞི་ཁྲོའི་ལས་སྦྱོར་དུ་མ་དང་། དགེ་འདུན་འདུ་བའི་འཁོར་ལོ་སྒྲུབ་པ་གནང་བས་དགེ་འདུན་ཁྲི་ཚོ་བརྒྱད་འདུས་པའི་མཚན་མ་ཤར་བར་གསུངས་པ་ཕྱིས་ལྷ་ལྡན་ནོར་འཛིན་དགའ་ཚལ་དུ་གྲུབ་དབང་ཀློང་རྡོལ་བླ་མ་རིན་པོ་ཆེ་དང་ཀུན་མཁྱེན་འཇིགས་མེད་དབང་པོ་རྣམ་གཉིས་གསུང་སྒྲོས་སྐབས་ཀུན་མཁྱེན་གོང་མར་བཀྲ་ཤིས་འཁྱིལ་ལ་དགེ་འདུན་ཁྲི་བརྒྱད་ཚོགས་པའི་ལུང་བསྟན་བྱུང་བ་ཡང་། ལམ་ཞུགས་ཁྲི་ཚོ་བརྒྱད་ཚོགས་པའི་ལུང་བསྟན་ཡིན་པར་ཞལ་འཆམ་བྱུང་བ་གུང་ཐང་འཇམ་དཔལ་དབྱངས་གསུངས་ཞེས་དབལ་མང་པས་གསུངས་སོ། །
        དགུང་ལོ་རེ་དྲུག་ལ་ཕར་ཕྱིན་སྐབས་གཉིས་པ་དང་གསུམ་པ། རྣམ་འགྲེལ་ལེའུ་གཉིས་པ་རྣམས་བཀའ་རྩོམ་མཛད། ལམ་རིམ་ཆེན་མོའི་ཊཱིཀྐ་གསར་རྩོམ་གྱི་དབུ་ཡང་བཙུགས།
        དགུང་ལོ་རེ་བདུན་ལ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་ཐུགས་བཅུད་རྒྱུད་སྡེ་བཞི་ཡི་བང་མཛོད་རྣལ་འབྱོར་དབང་ཕྱུག་བྱེ་བའི་དགའ་སྟོན་དམ་པ། མི་ཏྲ་བརྒྱ་རྩའི་དབང་ཆེན་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ལེགས་པར་བསྩལ།
བཀྲ་ཤིས་འཁྱིལ་གྱི་དགོན་པ་གསར་འདེབས་ཀྱི་ལོ་ནས་གཏེར་འདོན་དགོས་ཀྱི་གསུང་སྒྲོས་མང་པོ་ཕེབས་ཀྱང་རིམ་འགྱངས་སུ་ལུས་པར། དགུང་ལོ་དོན་གཅིག་པ་ས་ཁྱིའི་ལོར་གཏེར་གསར་དུ་འདོན་རྒྱུ་ཡོད་གསུངས་པར། ས་ཆ་ཇི་འདྲ་ཡོད་ཅེས་ཞུས་པའི་ལན་དུ་ཀླུ་བདུད་ནག་པོའི་ཕོ་བྲང་ཡོད་པ། འོག་ཏུ་ཕ་བོང་བོང་བུ་ཉལ་བ་འདྲ་བ་ཆུ་མིག་གྲུ་གསུམ་ཡོད་པ།ཕུག་པའི་བྱང་ཕྱོགས་ན་བྲག་སེང་གེ་ཁ་བྱང་ཕྱོགས་སུ་བལྟས་ནས་ཉལ་བ་འདྲ་བ། ལའི་རི་རྒྱུད་ན་མཆོད་རྟེན་བརྩེགས་པ་འདྲ་བ་ཡོད་པའི་སར་སྦས་ཏེ། ཆོས་སྐྱོང་ཆོས་རྒྱལ་དང་། གཉན་མགོན་ཞལ་བཞི་པ་གཉིས་ལ་གཏད་ཡོད། ལབ་སྒྲོན་གྱིས། མ་འོངས་དུས་ཀྱི་སྙིགས་མ་ལ། །རྡོ་རྗེ་མིང་དུ་སྤྲུལ་ནས་ཀྱང་། །གཏེར་ཆོས་འདི་ལ་སྤྱོད་པར་ཤོག །ཅེས་གསུངས་པ་དེ་ང་ཡིན་གསུངས་ནས་དཔྱིད་ཀར་གཏེར་འདོན་པའི་ཆེད་གཏེར་ལུང་ཕྱོགས་སུ་བྱོན། སྒོ་མང་བླ་མས་གཏེར་འདོན་པ་ལ་འགྲོ་ཞེས་འུར་ལང་གིས་མཇལ་མི་ལུང་པའི་ཕུ་མདར་མི་ཤོང་བ་ལྟར་འདུས། གཏེར་ཁ་ནོར་བ་དང་མ་རྙེད་པའི་ཚུལ་གྱིས་ཆོས་སྐྱོང་གཉིས་དང་ཀླུ་བདུད་ལ་བསང་བཏང་བས་ཆོས་སྐྱོང་གཉིས་བྱ་རོག་གི་རྣམ་པར་བྱོན་ཏེ་ཤུག་སྡོང་གི་ལོ་མ་ཕྲ་མོ་བཅད་ནས་འཕངས་པའི་སར་བཙལ་བ་ན་གཏེར་ཁང་གི་སྒོ་དངོས་གཞི་རྙེད་དེ་གཏེར་སྤྱན་དྲངས་པའི་ཤུལ་དུ་ཛམ་ལྷ་འབྲུག་ཞོན་གྱི་བུམ་གཏེར་སྦ་བར་མཛད། དེ་ནས་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ་གཏེར་ནས་བཞེས་པའི་ཚེ་དཔག་མེད་པའི་སྐུ་དང་། གཏེར་བུམ་མཇལ་ཁ་གནང་། གཏེར་རྫས་བུ་སློབ་སྦྱིན་བདག་རྣམས་ལ་གནང་སྦྱིན་མཛད། ཐུའུ་བཀྭན་ངག་དབང་ཆོས་རྒྱ་མཚོ་ལ་གཏེར་སྐལ་བསྐུར་བར་ཐུའུ་བཀྭན་ནས་ཐུགས་རྗེ་ཆེ་ཡང་། གཏེར་ཡིག་སྦ་དགོས་པའི་ནོངས་པ་མེད་ཅེས་ཞུས་པའི་ལན་དུ། གཏེར་ཡིག་འགག་སྡོམ་ཤོག་དྲིལ་ཞིག་ཀྱང་གནང་།
        དགུང་ལོ་དོན་གསུམ་པ་ལྕགས་ཕོ་བྱི་བའི་ལོར། པེའི་ཅིང་ནས་གོང་མ་ཆེན་པོས་རྗེ་འདི་པར་བསྟན་པ་འཛིན་སྐྱོང་བྱེད་པའི་ཨིར་ཏེ་ནི་ནོ་མོན་ཧན་ཞེས་པའི་ཆོ་ལོ་དང་གསེར་ཐམ་གསེར་ཡིག་ཕུལ་ཏེ་གཟེངས་བསྟོད་དང་། ལྕང་སྐྱ་ངག་དབང་ཆོས་ལྡན་གྱི་མཆོག་སྤྲུལ་དོགས་གནས་རྣམས་ཐག་མ་ཆོད་པར་རྗེ་འདི་ལ་བརྟག་ཞུས་ཀྱི་ལན་དུ། ཞྭ་དམར་ཕ་ཁྲའི་ཕྱོགས་སུ་འཁྲུངས་པ་འདི་ཉིད་ང་ཡི་བླ་མའི་སྤྲུལ་སྐུ་འཁྲུལ་མེད་ཡིན་ཞེས་ངོས་འཛིན་མཛད་པ་ནི་མཁས་གྲུབ་བྱེ་བའི་གཙུག་རྒྱན་ལྕང་སྐྱ་རོལ་བའི་རྡོ་རྗེ་ཞེས་སྙན་གྲགས་ཀྱི་བ་དན་སྲིད་རྩེར་མཐོ་བ་དེ་ལགས། དེ་ནས་རིམ་བཞིན་རྒྱུད་པ་གྲྭ་ཚང་དང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་། མཚན་ཉིད་གྲྭ་ཚང་སོགས་དབུས་གཙང་གི་ཆོས་སྡེ་ཆེན་པོ་དག་དང་ཚོད་མཉམ་པའི་ཆོས་སྡེ་ཆེན་པོ་གསར་དུ་ཚུགས་ཤིང་། དགོན་ལག་ཀྱང་བརྒྱ་ཕྲག་ལས་བརྒལ་བར་བྱུང་བ་འདི་ནི་བསྟན་པ་བྱང་ནས་བྱང་དུ་དར་བར་གསུངས་པའི་ལུང་གིས་ཟིན་པར་གསུངས་སོ། །འདིར་མདོ་ཙམ་ལས། མདོ་སྨད་ཕྱོགས་སུ་ཐུབ་དབང་རང་ཉིད་སླར་བྱོན་པ་དང་མཚུངས་པའི་མཛད་འཕྲིན་ཇི་ལྟར་བསྐྱངས་པའི་ཚུལ་ནི་རྣམ་ཐར་རྒྱས་པ་རྣམས་སུ་བཞུགས་པས་ཤེས་སོ། །
        མདོར་ན་མཁས་བཙུན་བཟང་གསུམ་གྱི་སྙན་གྲགས་ཉི་ཟླ་ལྟར་ཁྱབ་ཅིང་། དབུས་གཙང་ཁམས་གསུམ་དུ་འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་ནས་མཐར་དགུང་གྲངས་དོན་བཞི་པ་ལྕགས་མོ་གླང་གི་ལོའི་ཧོར་ཟླ་དང་པོའི་ཚེས་བཞི་ནས་བསྙུན་ཚུལ་བསྟན་ཏེ་ཧོར་ཟླ་གཉིས་པའི་ཚེས་ལྔ་ཉིན་གཟུགས་སྐུའི་བཀོད་པ་ཉེ་བར་བསྡུས་ཏེ་ཐམས་ཅད་སྟོང་པ་དོན་དམ་པའི་བདེན་པ་མངོན་དུ་མཛད་པའི་མོད་ལ་སྐུ་དཀྱིལ་སྔར་ལས་ཀྱང་གཟི་མདངས་རྒྱས་ཤིང་གསེར་བཙོ་མའི་མདོག་ལྟར་ལྷང་ངེར་གསལ་བ་དེར་ཡོད་ཀུན་གྱིས་མངོན་སུམ་དུ་གྲུབ་བོ། །ཞག་བདུན་བར་ཐུགས་དམ་མ་གྲོལ་ཅིང་། མཐར་རིན་ཆེན་སྣ་ཚོགས་ཀྱི་ཕྲ་བཀོད་པའི་བྱང་ཆུབ་མཆོད་རྟེན་གྱི་ནང་དུ་སྐུ་གདུང་ཧྲིལ་པོ་བཞུགས་སུ་བཅུག་སྟེ་རབ་ཏུ་གནས་པའི་ཆོ་ག་རྒྱས་པར་མཛད་དེ་སྲིད་པ་གསུམ་གྱི་མཆོད་སྡོང་བླ་ན་མེད་པར་བཞུགས་ཀྱང་དུས་ཕྱིས་བཀྲིས་འཁྱིལ་ཚོགས་ཆེན་འདུ་ཁང་མེས་འཇིག་དུས་མེ་དགྲ་བཞེས་འདུག
        བུ་སློབ་ཀྱང་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ། མདོ་སྔགས་ཡོངས་རྫོགས་ཀྱི་བཤེས་གཉེན་ཆེན་པོ་ཁྲི་ཆེན་དགེ་འདུན་ཕུན་ཚོགས། ཁྲི་ཆེན་དཔལ་ལྡན་གྲགས་པ། ཁྲི་ཆེན་རྒྱལ་མཚན་སེངྒེ། ཁྲི་ཆེན་ངག་དབང་མཆོག་ལྡན། ཐུའུ་བཀྭན་ཧོ་ཐོག་ཐུ་ངག་དབང་ཆོས་ཀྱི་རྒྱ་མཚོ། ཐང་སག་པ་དངོས་གྲུབ་རྒྱ་མཚོ། ཕུར་བུ་ལྕོག་བྱམས་མགོན་རིན་པོ་ཆེ། གྲུབ་དབང་དབྱངས་ཅན་དགའ་བློ་འམ་མཚན་དངོས་བློ་བཟང་འཇམ་དཔལ་རྒྱ་མཚོ། མཁར་རྡོ་སྒོམ་ཆེན་བཟོད་པ་རྒྱ་མཚོ། ཁྱ་དགེ་དཔོན་སློབ་བློ་གྲོས་རྒྱ་མཚོ། བཀྲས་ལྷུན་ཐོས་བསམ་གླིང་སློབ་དཔོན་དཔལ་ལྡན་ཡེ་ཤེས། སྒོ་མང་དཔོན་སློབ་གྲུབ་དབང་བློ་བཟང་ཤེས་རབ། སྒོ་མང་སློབ་དཔོན་གནས་བརྟན་བློ་བཟང་ཕུན་ཚོགས། སྒོ་སློབ་རིགས་པའི་དབང་ཕྱུག་ངག་དབང་ནམ་མཁའ། སྒོ་སློབ་གཞུང་བརྒྱ་སྨྲ་བ་བློ་བཟང་དམ་ཆོས། སྒོ་སློབ་སྨྲ་བའི་དབང་ཕྱུག་བློ་བཟང་ཆོས་གྲགས། སྒོ་སློབ་སྦྱང་ཡོན་མཐར་ཕྱིན་སངས་རྒྱས་རྡོ་རྗེ། བློ་གླིང་སློབ་དཔོན་འདུལ་འཛིན་བློ་བཟང་སྦྱིན་པ། སེར་བྱེས་སློབ་དཔོན་མཁས་མཆོག་བློ་བཟང་ནོར་བུ། དགའ་ཤར་སློབ་དཔོན་མཁས་གྲུབ་བྱམས་པ་རིག་འཛིན་སོགས་རྒྱས་པར་རྣམ་ཐར་རྣམས་སུ་གསལ་བ་ནི་སློབ་དཔོན་དཔའ་བོས།
                                       ཁྱེད་ཀྱི་སློབ་མ་བཟང་པོའི་ཤིང་། །
                                       དགེ་བའི་མེ་ཏོག་ཆེར་རྒྱས་པ། །
                                       དཔྱིད་ཀའི་ཤིང་ནི་མེ་ཏོག་གིས། །
                                       བརྒྱན་པ་ལྟ་བུར་མཛེས་པ་ལགས། །
                                       ཞེས་པ་ལྟར་ཆེས་ངོ་མཚར་གྱི་གནས་སུ་སྣང་ངོ་། །
        གསུང་རྩོམ་གྱི་དབང་དུ་བྱས་ན་གཞུང་ཆེན་བཀའ་པོད་ལྔ་ཡི་ཡིག་ཆ་ཚང་མ། ལམ་རིམ་ཆེན་མོའི་མཆན་འགྲེལ། འཇིགས་བྱེད་ཀྱི་ཆོས་འབྱུང་ཆེན་མོ། རྟོག་བདུན་མཆན་འགྲེལ། གསང་འཇིགས་ཀྱི་བསྐྱེད་རྫོགས་དང་བསྙེན་ཡིག ཞི་ཁྲོ་སྦྲགས་སྒྲུབ་ཀྱི་རྣམ་བཤད་རྣམ་པ་གསུམ་སོགས་བསྡོམས་ན་པོད་བཅོ་ལྔ་བཞུགས་པ་དེར་མ་འདུས་པའི་གསུང་བཀའ་རྒྱ་མ་གཉིས་ཀྱང་ཡོད་ལ།
        གཞན་ཡང་། མཁས་བཙུན་བཟང་པོ་རིན་པོ་ཆེ་ནས་ཕྱོགས་བསྒྲིགས་མཛད་པའི་བཀའ་གདམས་གསར་རྙིང་རྗེས་འབྲངས་དང་བཅས་པའི་བླ་མ་བརྒྱུད་པའི་རྣམ་ཐར་ཀུན་བཏུས་ནོར་བུའི་དོ་ཤལ་ཞེས་བྱ་བའི་ཤོག་གྲངས་༦༥༩ ནང་གསལ། ཀུན་མཁྱེན་རྣམ་ཐར་གྱི་མཇུག་ཏུ། གསུང་འབུམ་པོད་བཅོ་ལྔ་ནང་པར་དུ་མ་འཁོད་པའི་མཚན་བྱང་། ཕར་ཕྱིན་སྐབས་བདུན་པ། དབུ་མ་བདེན་གཉིས་ཀྱི་མཐའ་དཔྱོད། འདུལ་བའི་དུས་ཚིགས་ལོ་ཆེན་བློ་བཟང་འོད་ཟེར་གྱིས་ཟིན་བྲིས་མཛད་པ། ཙནྜ་པའི་ཊཱིཀྐ་རྩོམ་འཕྲོ། བསྟན་རྩིས་ཚིགས་བཅད་མ། སྣ་ཚོགས་ཡུམ་གྱི་བུམ་ཚོགས། གཏོར་མའི་བཤད་པ། འཕྲུལ་འཁོར་དང་ལྕགས་མཁར་སྐོར་གྱི་དོགས་གཅོད་ཡིག་ཆུང་མང་པོ། ཁྲོ་བཅུའི་ཆོ་ག་མི་འདྲ་བ། ནག་པོ་མདའ་འགེངས་ཀྱི་སྐོར་ལེ་ཚན་མང་པོ། རྣམ་འགྲེལ་ཊཱིཀྐ་སོགས་དང་། གཞན་ཡང་མིང་མ་ཐོས་པ་མང་དུ་ཡོད་པར་སྣང་ཞེས་གསལ།
        མདོར་ན་གཞུང་ལུགས་འབུམ་སྡེའི་ཆུ་ཀླུང་གཅིག་ཏུ་འཁྱིལ་བ་ལྟ་བུའི་བཀའ་རྩོམ་ཐོས་བསམ་སྒོམ་སྒྲུབ་པ་རྣམས་ཀྱི་སྤྱི་ནོར་དུ་བསྩལ་བ་མངོན་སུམ་དུ་གྲུབ་པ་འདི་ལགས་ཤིང་། དེ་ཡང་ཀུན་མཁྱེན་ཉིད་ཀྱིས་ཚིག་གསལ་སྟོང་ཐུན་ལས།
                                 དང་པོ་མཁས་མང་བསྟེན་ནས་ཐོས་བསམ་བྱས། །
                                 བར་དུ་སྒོམ་པས་སྒྲོ་འདོགས་རབ་བཅད་ཅིང་། །
                                 ངེས་ཤེས་རྙེད་ནས་ཐ་མར་སྐལ་ལྡན་ལམ། །
                                 བྱས་ཕྱིར་ཡིག་ཧྲུལ་གཞན་དང་ཇི་ལྟར་མཚུངས། །
                                 ཞེས་ཞལ་གྱིས་བཞེས་པ་ལྟར་རོ། །
       ༼སྐུ་ཕྲེང་ཕྱི་མ་རྣམས་ཀྱི་རྣམ་ཐར་འོག་ཏུ་མཁས་གྲུབ་གཞན་གྱི་སྐབས་ན་གསལ།༽
                       བརྒྱུད་འདེབས་ལས།བློ་བཟང་ཤེས་རབ་བློ་བཟང་ཕུན་ཚོགས་དང་། །
                                       ངག་དབང་མཚན་ཅན་བློ་བཟང་དམ་ཆོས་ཞབས། །
                                       བློ་བཟང་ཆོས་གྲགས་སངས་རྒྱས་རྡོ་རྗེ་སྟེ། །
                                       དཔལ་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་བྱུང་།
        དཔོན་སློབ་བློ་བཟང་ཤེས་རབ་ནས་སངས་རྒྱས་རྡོ་རྗེའི་བར་གྱི་མཁན་རབས་དྲུག་པོ་འདི་རྣམས་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ལུང་གིས་ཟིན་པའི་མཁན་པོ་དྲུག་ཟེར་སྲོལ་ཡོད། རྒྱུ་མཚན་ནི། ཀུན་མཁྱེན་མཆོག་སྒོ་མང་གི་ཁྲིར་ཕེབས་སྐབས། ཧར་གདོང་ཁང་ཚན་ནས་གསོལ་སྟོན་དྲངས་པའི་ཚེ་འབོལ་སྟན་བདུན་བརྩེགས་པས་རྗེ་ཉིད་ཀྱི་ཞལ་ནས། ཧར་གདོང་ཁང་ཚན་ལ་ཉིད་ནས་བརྩིས་པའི་སྒོ་མང་མཁན་པོ་བདུན་བར་མ་ཆད་པར་འབྱུང་བར་གསུངས་པ་དོན་ལ་གནས་པ་ནི་འབྱུང་འགྱུར་གསལ་བར་གཟིགས་པའི་གསུང་དུ་སྣང་ངོ་། །

                                                                 རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
                རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།