འབྲས་སྒོ་མང་གདན་རབས་སུམ་ཅུ་བ་ཧོར་དོན་གྲུབ་རྒྱ་མཚོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-23 16:04:38     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

833390912335520052.jpg

        གདན་རབས་སུམ་ཅུ་པ། ཧོར་དོན་གྲུབ་རྒྱ་མཚོ་འམ་ནག་ཚང་དོན་གྲུབ་རྒྱ་མཚོ་ནི། རབ་བྱུང་༡༡ པའི་ཤིང་ལུག་ཕྱི་ལོ་༡༦༥༥ ལོར་ཀྲེ་བ་ནག་ཚང་གི་ཕྱོགས་སུ་ཡབ་སྤེན་པ་ཚེ་རིང་དང་ཡུམ་དཔལ་བསམ་འཛོམས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་ང་དབུས་སུ་ཆོས་བྱེད་པར་འགྲོ་རྒྱུ་ཡིན་པས་དེར་སྐྱེལ་རོགས་ཞེས་ཡབ་ཡུམ་གཉིས་ལ་ཡང་ཡང་གསུངས་པར་བརྟེན་དགུང་ལོ་བཅུ་གསུམ་པ་མེ་ལུག་ཕྱི་ལོ་༡༦༦༧ ལོར་གཞུང་གི་ནག་ཚང་འགོ་པ་དང་མཉམ་དུ་ཕེབས་ཏེ་ལྷ་སར་འབྱོར་འཕྲལ་འབྲས་སྤུངས་སྒོ་མང་ཁོངས་ཧར་གདོང་ཁང་ཚན་གྱི་ཧོར་མི་ཚན་དུ་སྒྲིགས་ཞུགས་མཛད། གྲྭ་སར་བཞུགས་སྐབས་ཉིན་རེར་ཕྱག་དཔེ་ཤོག་བུ་མདའ་ཚད་མ་བཅུ་རེ་ཙམ་ཐུགས་འཛིན་ཐུབ་པའི་མཁྱེན་རབ་ཀྱི་རྩལ་ཕུལ་དུ་བྱུང་བ་མངའ་བར་བརྟེན། གཞུང་ཆེན་པོད་ལྔའི་སློབ་གཉེར་མཐར་ཕྱིན་ནས་དགུང་ལོ་ཉེར་དྲུག་པ་ལྕགས་སྤྲེལ་ཕྱི་ལོ་༡༦༨༠ ལོར་ལྷ་ས་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་ཨང་དང་པོ་ཐོན། སྨོན་ལམ་གྲོལ་འཕྲལ་རྒྱུད་སྨད་གྲྭ་ཚང་དུ་སྒྲིགས་ཞུགས་མཛད་དེ་ལོ་གཉིས་རིང་སྔགས་ཕྱོགས་ཀྱི་དབང་། ཁྲིད། ལུང་། བཤད་པ། ཆོ་ག་ཕྱག་ལེན་སོགས་གསན་བཞེས་དང་། བསླབ་སྦྱང་མཐར་ཕྱིན་པ་མཛད།

        དགུང་ལོ་ཉེར་བརྒྱད་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ཕྱི་ལོ་༡༦༨༢ ལོར་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་པོར་བསྐོས། དགུང་ལོ་ཞེ་གཅིག་པ་རབ་བྱུང་བཅུ་གཉིས་པའི་ཤིང་ཕག་ཕྱི་ལོ་༡༦༩༥ ལོར་རྒྱུད་སྨད་ཀྱི་མཁན་པོ་དང་། བྱང་རྩེ་ཆོས་རྗེའི་ཁྲི་ཆབས་གཅིག་ཏུ་བསྐྱངས། དགུང་ལོ་ཞེ་བརྒྱད་པ་ཆུ་རྟ་ཕྱི་ལོ་༡༧༠༢ ལོར་དགའ་ལྡན་གསེར་ཁྲིར་ཕེབས་ཤིང་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཡོངས་འཛིན་ཀྱང་མཛད། དེ་ནས་མི་རིང་བར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་རྒྱལ་པོ་ལྷ་བཟང་གཉིས་མི་མཐུན་པའི་འགལ་ཟླ་ཆེ་རུ་སོང་བ་དང་། དུས་མཚུངས་རྒྱལ་བ་ཚངས་དབྱངས་རྒྱ་མཚོས་རབ་བྱུང་གི་སྡོམ་པ་ཕུལ་ནས་ཁྱིམ་པའི་ཚུལ་བཞེས་པ་སོགས་རྐྱེན་མང་པོ་ཞིག་འཛོམས་པར་བརྟེན། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་པོ་ཏཱ་ལའི་གསེར་ཁྲིའི་སྟེང་ནས་ཕབ་སྟེ་པེ་ཅིན་ཕྱོགས་སུ་གདན་དྲངས། པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་ཁྲི་ལ་བཀོད་པ་སོགས་ཛ་དྲག་ཧ་ཅང་ཆེ་བའི་སྐབས་སུ་ཡང་ཁྲི་ཆེན་འདིས་ཚངས་དབྱངས་རྒྱ་མཚོ་རྒྱལ་བ་ལྔ་པ་ཆེན་པོའི་ཡང་སྲིད་འཁྲུལ་མེད་ཡིན་པའི་བཞེད་པ་མཐའ་འཁྱོངས་ཀྱི་སྒོ་ནས་རྒྱལ་པོ་ལྷ་བཟང་ཕྱོགས་ཁག་ལ་མདུང་རྩེ་ཁ་སྤྲོད་ཀྱི་རྩོད་གླེང་གནང་ཡང་། སྐབས་དེར་ལྷ་བཟང་ཕྱོགས་ཁག་ལ་ཆིང་གོང་མ་ཁང་ཤིས་རྒྱབ་སྐྱོར་ཤུགས་ཆེ་བ་ཡོད་སྟབས་འགོག་ཐབས་མ་བྱུང་བར་སྣང་ཞིང་། ཁྲི་ལོ་བདུན་གཙང་ནས་དབུས་སྟོད་བྱ་ཡུལ་དགོན་པར་ཟུར་བཞུགས་མཛད།

        དགུང་ལོ་དོན་གསུམ་པ་རབ་བྱུང་བཅུ་གཉིས་པའི་མེ་ལུག་ཕྱི་ལོ་༡༧༢༧ ལོར་སྐུ་གཤེགས། སྐུ་གདུང་རིང་བསྲེལ་བཞུགས་པའི་མཆོད་རྟེན་དངུལ་གདུང་ཞིག་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ནང་རྟེན་དུ་བཞུགས། རྣམ་ཐར་འདི་སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་མཛད་པ། དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ལས་བཏུས་ཏེ་བཀོད་པར་སྣང་། ཁྲི་ཆེན་འདིའི་སྐུ་ཕྲེང་གཉིས་པ། དགེ་འདུན་བསྟན་པའི་རྒྱལ་མཚན།དབུས་སྟོད་བྱ་ཡུལ་དུ་རབ་བྱུང་བཅུ་གཉིས་པའི་ས་སྤྲེལ་ཕྱི་ལོ་༡༧༢༨ ལོར་འཁྲུངས། སྒོ་མང་ཆོས་གྲྭར་ཞུགས། མཁས་སྙན་ཤིན་ཏུ་ཆེ། ༸རྒྱལ་མཆོག་བདུན་པས་ལྡན་ཆོས་འཁོར་དགོན་གྱི་དབུ་བླར་བསྐོ་བཞག་མཛད། བསྟན་ལར་ཤིན་ཏུ་སྨན་པར་བརྟེན་ཨེར་ཏི་ནི་ད་ལའི་ཧོ་ཐོག་ཐུ་ཞེས་པའི་ཆོ་ལོ་ཡང་གནང་། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི་ཕྱི་ལོ་༡༧༩༠ ལོར་སྐུ་གཤེགས། སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་པའི་རྒྱལ་མཚན། ཁམས་སྡེ་དགེར་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་ཕྱི་ལོ་༡༧༩༡ ལོར་འཁྲུངས། འབྲས་སྤུངས་སུ་ཆོས་ཞུགས་མཛད་སྐབས་འཁྲུངས་ཡུལ་སོགས་ལ་ཁག་བསྙད་པའམ་སྐུ་གོང་མ་ཁམས་ཕྱོགས་སུ་མཛད་འཕྲིན་རྒྱས་པ་སོགས་གང་ལྟར་དེ་ནས་བཟུང་བློ་གླིང་དུ་སྒྲིགས་ཞུགས་མཛད་སྲོལ་བྱུང་བར་སྣང་། དགུང་ལོ་བཅུ་དགུ་པ་རབ་བྱུང་བཅུ་བཞི་པའི་ས་སྤྲུལ་ཕྱི་ལོ་༡༨༠༩ ལོར་སྐུ་གཤེགས། ༼བོད་དང་། བར་ཁམས། རྒྱ་སོག་བཅས་ཀྱི་བླ་སྤྲུལ་རྣམས་ཀྱི་སྐྱེ་ཕྲེང་དེབ་གཞུང་།༽ཞེས་ཁ་བྱང་དུ་འཁོད་པའི་གཞུང་ཡིག་དེར་དགུང་ལོ་ང་གཅིག་པ་ཞེས་འཁོད་པ་ནོར། ཞེས་དུང་དཀར་ཚིག་མཛོད་ལས་གསུངས།

        སྐུ་ཕྲེང་བཞི་པ། ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ། སྤོ་བོ་སྨད་དུ་རབ་བྱུང་བཅུ་བཞི་པའི་ལྕགས་ལུག་ཕྱི་ལོ་༡༨༡༡ ལོར་འཁྲུངས། བློ་གླིང་ཆོས་གྲྭར་ཞུགས། དགུང་ལོ་ཞེ་ལྔ་པ་རབ་བྱུང་བཅུ་བཞི་པའི་ཤིང་ཡོས་ཕྱི་ལོ་༡༨༥༥ ལོར་སྐུ་གཤེགས། སྐུ་ཕྲེང་ལྔ་པ། བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས། རབ་བྱུང་བཅུ་བཞི་པའི་མེ་འབྲུག་ཕྱི་ལོ་༡༨༥༦ ལོར་འཁྲུངས། དགུང་ལོ་ཞེ་བདུན་པ་རབ་བྱུང་བཅོ་ལྔ་པའི་ཆུ་སྟག་ཕྱི་ལོ་༡༩༠༢ ལོར་སྐུ་གཤེགས། སྐུ་ཕྲེང་དྲུག་པ། ཡོངས་འཛིན་གླིང་རྡོ་རྗེ་འཆང་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་དཔལ་བཟང་པོ་སྟོད་ལུང་ཡབ་ཕུར་རབ་བྱུང་བཅོ་ལྔ་པའི་ཆུ་ཡོས་ཕྱི་ལོ་༡༩༠༣ ལོར་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་ཕག་ཕྱི་ལོ་༡༩༨༣ ལོར་དགོངས་པ་གཞན་དོན་དུ་གཤེགས།

                                                                   རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།