འབྲས་སྒོ་མང་གདན་རབས་ཉེར་དགུ་བ་ཐོར་རྒོད་དོན་གྲུབ་རྒྱ་མཚོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-23 15:59:27     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

900520136434455236.jpg

                                བརྒྱུད་འདེབས་ལས།
                                      དོན་གྲུ༷བ་རྒྱ༷་མཚོ་རྒྱ༷་མཚོའི་མཚ༷ན་ཅ༷ན་དང་། །
                                      ཀུ༷ན་དག༷འ་ཕན་བདེ་འོད་ཟེར་འགྱེད་མཛད་པ། །
                                      ལེགས་པར་བཤད་པའི་འོད་སྟོང་འགྱེད་མཁས་པའི། །
                                      དཔལ་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་བྱུང་།
        གདན་རབས་ཉེར་དགུ་པ། ཨོ་རོད་༼ཐོར་གོད་༽དོན་གྲུབ་རྒྱ་མཚོ་སོག་ཡུལ་ཨོ་རོད་དུ་འཁྲུངས། བོད་དུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གསན་བསམ་མཐར་ཕྱིན་མཛད་དེ་མཁས་པ་ཆེན་པོར་གྱུར། བྱང་སེམས་སྦྱོར་ལམ་པར་གྲགས། ༸རྒྱལ་མཆོག་ལྔ་པ་ཆེན་པོ་སོགས་ལས་དབང་ལུང་མན་ངག་མཐའ་ཡས་པ་གསན། རབ་བྱུང་༡༡ ཆུ་གླང་ཕྱི་ལོ་༡༦༧༣ ལོར་སྒོ་མང་མཁན་ཁྲིར་ཕེབས་ནས་འཆད་ཉན་ལེགས་པར་མཛད། མཁན་པོ་ཟུར་རྗེས་རང་ཡུལ་ཨོ་རོད་ཡུལ་དུ་ཕེབས་ནས་བསྟན་པའི་སྲོལ་ཐོག་མར་བཙུགས། ཁུལ་དེར་ཆོས་འཁོར་རྒྱ་ཆེར་བསྐོར། རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་ཕྱི་ལོ་༡༧༠༤ ལོར་སླར་ཡང་དབུས་སུ་ཕེབས། སྒོ་མང་གྲྭ་ཚང་ལ་བསྙེན་བཀུར་རྒྱ་ཆེར་ཞུས། དེའི་རྗེས་གཞུང་གི་བཀས་ལི་ཐང་ཐུབ་ཆེན་དགོན་པའི་མཁན་ཁྲིར་ཕེབས། དེ་ཡང་༸རྒྱལ་བ་ཚངས་དབྱངས་རྒྱ་མཚོ་རབ་བྱུང་༡༢ ས་བྱི་ཕྱི་ལོ་༡༧༠༨ ལོར་ལི་ཐང་ལ་གསང་སྟབས་ཀྱིས་ཕེབས་སྐབས། སྒོ་མང་བླ་ཟུར་ཐོར་གོད་པ་ལི་ཐང་མཁན་པོ་ཡིན་སྟབས་ངོ་ཤེས་དོགས་ཀྱིས་ཞག་གསུམ་ལས་མ་བསྡད་ཅེས་རྣམ་ཐར་དུ་གསལ། ངག་རྒྱུན་དུ་ལི་ཐང་མཁན་ཁྲིར་ཡུན་རིང་བཞུགས་ཤིང་སྡེ་དེར་སྐུ་དྲིན་ཤིན་ཏུ་ཆེ་བ་བྱུང་སྟབས་གདན་སར་ཕྱིར་ཕེབས་སྐབས་ལི་ཐང་དགོན་པས་སྐུ་རྟེན་དུ་གསེར་ཟངས་ཀྱི་རྒྱལ་བ་མི་འཁྲུགས་པའི་སྐུ་བརྙན་ཤིན་ཏུ་བྱིན་ཅན་ཞིག་ཡོད་པ་འབུལ་ཚན་དུ་ཕུལ་བར་རྟེན་འབྲེལ་ལ་དགོངས་ནས་ལྷུ་གཏོར་ཏེ་གདན་དྲངས་པ་ད་ལྟ་སྒོ་མང་གྲྭ་ཚང་གི་གཙང་ཁང་དབུས་མའི་ནང་གི་རྟེན་གཙོ་མི་འཁྲུགས་པ་དེ་ཡིན་ཞེས་གྲྭ་རྒན་རྣམས་མཐུན་པར་གླེང་།
        དེའི་ཡང་སྤྲུལ་ཐོར་གོད་ཡུལ་དུ་གདན་དྲངས། དབུས་སུ་ཕེབས་ནས་སྒོ་མང་ཆོས་གྲྭར་ཞུགས། རབ་བྱུང་༡༢ ཆུ་ཡོས་ཕྱི་ལོ་༡༧༢༣ ལོར་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་སྒོ་མང་ཆོས་གྲྭར་ཞུགས་སྐབས་སྒོ་མང་ཐོར་གོད་སྤྲུལ་སྐུ་དང་ལྷན་དུ་ཡོད་པ་དེབ་རྒྱམ་དུ་གསལ། དུས་དེ་ནས་བཟུང་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པའི་ཡང་སྤྲུལ་ཟམ་མ་ཆད་པར་ཐོར་གོད་ཡུལ་དུ་ཕེབས་ཤིང་། དུས་ད་ལྟ་ཡང་ཐོར་གོད་དོན་གྲུབ་རྒྱ་མཚོའི་མཚན་ཅན་གྱི་སྤྲུལ་པའི་སྐུ་མཚན་དངོས་སྒོ་མང་བློ་བཟང་ཐུབ་བསྟན་བསྟན་པའི་སྒྲོན་མེ་རིན་པོ་ཆེ་མཆོག་ཡུལ་དེ་ཉིད་དུ་བཞུགས་ནས་བསྟན་པ་ལ་བྱ་བ་མཛད་བཞིན་པའི་སྐབས་སོ། །
                                                                              རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།