འབྲས་སྒོ་མང་གདན་རབས་ཉེར་བརྒྱད་པ་ཁྲི་ཆེན་ངག་དབང་བློ་གྲོས་རྒྱ་མཚོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-23 15:41:22     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

 

403773714203453249.jpg

 

 

གདན་རབས་ཉེར་བརྒྱད་པ། ཁྲི་ཆེན་ངག་དབང་བློ་གྲོས་རྒྱ་མཚོ་མཆོག་ནི། རབ་བྱུང་༡༡ ཤིང་ཕག་ཕྱི་ལོ་༡༦༣༥ མོར་མདོ་སྨད་ཙོང་ཁར་གྲགས་པའི་ཕྱོགས། སྐུ་འབུམ་མཆོད་གཞིས་མི་ཉག་རྭ་ལྡིང་དུ། ཡབ་སྟག་ཕྱུག་ཚེ་ཐར་དང་ཡུམ་ཚེ་སྨོན་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་པའི་དུས་ནས་འཇིགས་པ་སོགས་ཀྱི་ཚེ་དམིགས་བརྩེ་མ་དང་། བཛྲ་པཱ་ཎི་གསུངས་པས་དཔྱོད་ལྡན་དག་གིས་འདི་ནི་འདིའི་སྐྱེ་བའོ་ཞེས་བརྗོད་གླེང་དུ་མ་བྱེད་ཀྱང་། རྗེའི་སྤྲུལ་པར་གྲགས་ཆེ། དེབ་རྒྱམ་དུ་སུམ་པ་དམ་ཆོས་རྒྱ་མཚོའི་སྐུ་ཕྲེང་ཕྱི་མར་གསལ། དགུང་ལོ་དྲུག་པའི་དུས་ཡབ་ཚད་པས་གྲོངས། རྗེ་ཉིད་ཀྱང་བསྙུན་པའི་ཚེ་ལྷ་མོ་ཡིན་ཟེར་བ་བུད་མེད་དཀར་མོ། ན་བཟའ་དཀར་པོ་རིན་པོ་ཆེས་སྤྲས་པ་གཅིག རེས་མདུན་གྱི་ནམ་མཁར་སྡོད།རེས་སྐུའི་ལོགས་གཡས་གཡོན་ལ་བཞུགས་ནས་དགྱེས་པར་མཛད་པ་ཞིག་བྱུང་། དེ་འདྲ་ཞིག་ཆུང་ངུའི་དུས་ནས་ཡང་ཡང་བྱུང་གསུངས།
        དགུང་ལོ་བཅུ་གཅིག་ཤིང་བྱ་ལ་སོག་ཡུལ་ཧལ་ཧ་དང་བོད་མཚམས་སྐུ་ཞང་གོང་མ་ཆོས་རྗེས་མཁན་པོ་མཛད་དེ་དགེ་བསྙེན་དང་བར་མ་རབ་བྱུང་མཛད། ཕག་ལོ་བར་ཧལ་ཧར་བཞུགས། དེའི་སྟོན་མཁར་སྔོན་པོར་ཕེབས་ནས་ཡོས་ལོའི་བར་བཞུགས། དེ་ནས་རྗེ་སྐུ་འབུམ་མཇལ་དུ་ཕེབས་སྐབས་གྲྭ་པ་རྣམས་ཀྱིས་བགྲོ་གླེང་མཛད་པ་གཟིགས་དུས་བདག་ཀྱང་དེ་འདྲ་ཞིག་བྱེད་དགོས་སྙམ་པའི་ཐུགས་འདུན་ལྷང་ལྷང་བ་སྐྱེས། འབྲུག་ལོར་སྐྱབས་མགོན་ལྔ་པ་ཆེན་པོ་མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་དུ་ཕེབས་པ་དང་མཇལ་ནས་གསུང་གི་བདུད་རྩིའི་བགོ་སྐལ་ཐོག་མར་མྱངས་ཏེ་མ་འགྱངས་པར་སྐུ་ཞང་དང་ལྷན་དུ་དབུས་སུ་བཏེགས། ཟླ་བ་བཅུ་པའི་ཚེས་བཅུ་བདུན་ཉིན་རྭ་སྒྲེང་དུ་ཕེབས། རྟེན་མཇལ་དང་ཚོགས་ལ་མང་འགྱེད་སོགས་ཕུལ། རྗེ་བསམ་སྒང་པ་ཐོག་མར་དེར་མཇལ་ཏེ་ཚེ་དཔག་མེད་ཀྱི་རྗེས་གནང་སོགས་གདམས་པ་མང་པོ་གསན། ལྔ་མཆོད་ཉིན་ལྷ་སར་ཕེབས། དེ་ནས་སེ་འབྲས་སོགས་མཇལ་ཞིང་། དཔལ་ལྡན་བཀྲ་ཤིས་སྒོ་མང་སོགས་ལ་བསྙེན་བཀུར་དང་རྡོ་རྗེ་འཆང་མིའི་གར་མཛད་སྨིན་གྲོལ་ཞབས་ལ་དངུལ་གྱི་རྣམ་བུམ་ཕུལ་བས་ཕྱིས་སྒོ་མང་མཁན་པོ་ཡོང་བའི་ལུང་བསྟན་མཛད།དེ་ནས་བཀྲ་ཤིས་ལྷུན་པོར་བྱོན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་མཇལ་ཅིང་བརྒྱ་འབུལ་དང་ཚོགས་པར་མང་འགྱེད་བཅས་ཕུལ། པཎ་ཆེན་ཐམས་ཅད་མཁྱེན་པ་ལས་སྨན་བླ་སོགས་ཀྱི་རྗེས་གནང་དང་། དགེ་བསྙེན་ནས་དགེ་ཚུལ་བར་བསྒྲུབས་པ་གནང་། ཟླ་བཅུ་གཉིས་པའི་ནང་ལྷ་སར་ཕེབས། སྨོན་ལམ་ཆེན་མོར་མང་འགྱེད་ཕུལ། དགའ་ལྡན་ཁྲི་རིན་པོ་ཆེ་དཀོན་མཆོག་ཆོས་བཟང་ལས་དམིགས་བརྩེ་མའི་ལུང་དང་། ཆོས་རྒྱལ་རྗེས་གནང་སོགས་ཞུས།
        དེ་ནས་སྐུ་ཞང་མདོ་སྨད་ལ་ཕྱིར་འབྱོན་ཁར་ཆོས་ཚུལ་བཞིན་བྱེད་དགོས་པའི་སློབ་སྟོན་མཛད་དེ་ཆས་ཀ་དང་བཅས་ཞང་པོ་ཤེས་རབ་འབྱུང་གནས་ལ་གཏད། དགུང་ལོ་བཅུ་དགུ་ཆུ་སྦྲུལ་ཧོར་ཟླ་བཅུ་གཉིས་པའི་ཚེས་བདུན་ཕྱི་ལོ་༡༦༥༣ ལ་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཞུགས་ནས་འཇམ་དབྱངས་བླ་མ་སྨིན་གྲོལ་ཞབས་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོའི་ཞལ་སྔ་ནས་ལས་བསྡུས་གྲྭའི་དགའ་སྟོན་ཐོག་མར་མྱངས།
        དེ་ནས་རིམ་བཞིན་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་མཐར་སོན་ནས་དགུང་ལོ་ཉེར་དྲུག་ལྕགས་བྱི་ལོ་དགུན་ཆོས་ཆེན་མོར་གྲྭ་ཚང་དམ་བཅའི་སྐབས་འགའ་ཞིག་གིས་ན་གཞོན་པ་དང་འཛིན་གྲྭ་དམའ་བའི་སྟབས་ཀྱིས་དེ་རིང་ཀླུ་འབུམ་ཁམས་ཕྲུག་ལ་ཡིན་ཟེར་ནའང་འཁོར་གསུམ། མིན་ཟེར་ནའང་འཁོར་གསུམ་བྱེད་དགོས་ཟེར་ནས་བྱུང་བར། ཐོག་མར་སྤང་ལྟུང་ནས་ཚར་གཅོད་རྩིས་བྱས་ཀྱང་རིགས་ལུང་འགྲོ་བ་ཞིག་མ་བྱུང་བས་ལྟ་རྟོག་བྱས་འདུག་ཟེར། དེ་ནས་མཛོད་ཀྱི་ངོས་ལ་ཁ་སྤོས་ནས་བཏང་ཡང་རིགས་ལུང་མ་ཐོན། རིགས་ལམ་པ་ཁོང་སྐུ་ལ་དྲིལ་བུ་བཏགས་ན་འཁྲོལ་བའི་ཚོད་ཙམ་དུ་འདར་ཞིང་། མདུན་དུ་ཇ་ལྷག་བསྐྱིལ་བའི་ནང་དུ་འགྱེལ་བས་ཁོང་ངོ་གནོང་ཞིང་དགེ་འདུན་རྣམས་བཞད་གད་དི་རི་བ་བྱུང་།དགུང་ལོ་ཉེར་བདུན་ལྕགས་གླང་ཕྱི་ལོ་༡༦༦༡ ལོ་སྨོན་ལམ་བཤད་པའི་ཉིན་ལན་ཟླ་བོ་རྣམས་ལས་ལེགས་པ་བྱུང་ཞིང་། ལྷག་པར་དམའ་འབེབས་འདོད་ཅན་འགའ་ཞིག་ཀྱང་མེ་དང་ཨ་རའི་དཔེར་སོང་། ཡོངས་འཛིན་རིན་པོ་ཆེ་སོགས་ཚད་ལྡན་རྣམས་དགྱེས་ཤིང་ལེགས་སོ་མཛད། སེར་བྱེས་ཞལ་སྔ་ནས་ཀྲེ་བོས་ཀྱང་ལེགས་སོར་སྐུ་འགག་ཅིག་གནང་ནས་ཁྱེད་ཀྱིས་སྤྱིར་མཚན་ཉིད་པ་དང་། ཁྱད་པར་ཁམས་སོག་གི་གཏམ་དོན་ལ་ཕན་པ་བྱས་པས་ང་ཤིན་ཏུ་དགའ་གསུངས། སྐབས་དེར་སུས་ཀྱང་རིགས་ལུང་མ་སོང་བས་མཁས་གྲགས་ཤིན་ཏུ་ཆེ་བ་བྱུང་།
        ལོ་དེའི་ཟླ་གསུམ་པའི་ནང་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཁན་པོ་དང་རྗེ་ཐོས་བསམ་གླིང་པས་ལས་སློབ། ལྷ་པ་ཞབས་དྲུང་རིན་པོ་ཆེས་གསང་སྟོན་པ་མཛད་དེ་དགེ་འདུན་གྲངས་ཚང་བའི་དབུས་སུ་སླར་ཡང་དགེ་བསྙེན་དང་། དགེ་ཚུལ། སོ་ཐར་སྡོམ་པའི་མཆོག་དགེ་སློང་གི་དངོས་པོའི་དགའ་སྟོན་གྱི་ཐོག་མ་ལེགས་པར་ཐོབ། སླར་ཡང་དབུས་སུ་ཕེབས། ཡོངས་འཛིན་རིན་པོ་ཆེ་ངག་དབང་དཔལ་འབྱོར་པ་དང་། རྗེ་བསམ་སྒང་པ་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་དགའ་སྟོན་ཞུས། དགུང་ལོ་ཉེར་དགུ་ཆུ་ཡོས་ལོར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཆུ་མིག་ལུང་ནས་ཞུགས། རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་བློ་བཟང་དོན་ཡོད་ཀྱི་ཞལ་སྔ་ནས་རྒྱུད་འགྲེལ་དང་བསྐྱེད་རྫོགས་རྒྱུད་གཞུང་སོགས་རྫོགས་པར་གསན། འབྲས་སྤུངས་སུ་དགེ་བཤེས་གྲལ་འཛིན་བྱས་པའི་ཕྱི་དེ་ཉིན། དཔལ་ལྡན་ཟབ་ཡངས་འཁྱིལ་པ་བདེ་ཡངས་གྲྭ་ཚང་གི་སློབ་དཔོན་བྱེད་དགོས་ཚུལ་གྱི་བཀའ་ཡིག་བྱུང་བར་སྙིང་ནས་དགོངས་པ་ཞུ་དགོངས་ནས་ས་སྐྱོང་འཕྲིན་ལས་རྒྱ་མཚོ་དང་༸གོང་ས་མཆོག་ལ་དགོངས་པ་ཞུས་ཀྱང་མ་ཁྲོལ། ཆོས་སྐྱོང་ཆེན་པོ་མཇལ་སྐབས་སྔ་སོར་མ་འགྲོ་བྱས་པ་འདི་ཡིན།ཁྱོད་ཀྱི་འཕྲིན་ལས་ཀྱི་སྒོ་ཐོག་མར་འདི་ནས་འབྱེད་དགོས་པ་ཡོད་གསུངས། ལོ་དེའི་ཟླ་བཅུ་གཉིས་པའི་ནང་འབྲས་སྤུངས་བདེ་ཡངས་གྲྭ་ཚང་གི་མཁན་ཁྲིར་ཕེབས། དེར་ལོ་ངོ་གསུམ་གྱི་བར་འཆད་ཉན་གནང་། དགུང་ལོ་སུམ་ཅུ་པ་ཤིང་འབྲུག་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གསུམ་ལ་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་བླ་མའི་སྙན་གསན་བྱུང་བར་བརྟེན་གཞུང་སར་དགོངས་པ་ཞུས་ཀྱང་མ་ཁྲོལ། ཆོས་སྐྱོང་ཆེན་པོས་ཀྱང་གྲྭ་ཚང་ལ་འཕྲིན་ལས་རྒྱས་པའི་དུས་ལ་བབས་པ་ཡིན་པས་སུས་ཀྱང་མི་ཁེགས་སློབ་དཔོན་མཐོང་བ་དོན་ལྡན་གྱི་བཀའ་བཞིན་གྱིས་ཞེས་ཕེབས།
        དགུང་ལོ་སོ་གཅིག་པ་ཤིང་སྦྲུལ་ཕྱི་ལོ་༡༦༦༥ ཟླ་གཉིས་པའི་ནང་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིར་ཕེབས་ནས་ལོ་ངོ་དགུའི་རིང་འཆད་ཉན་རྒྱ་ཆེ་མཛད། འབྲས་སྤུངས་ཀུན་དགའ་ར་བར་༸གོང་ས་མཆོག་ལ་བཀྲ་ཤིས་སྒོ་མང་ཡོངས་རྫོགས་ཀྱིས་ཞབས་བརྟན་དང་སྟོན་མོ་འབུལ་བ་རྒྱ་ཆེར་ཕུལ། ཆུ་གླང་ཕྱི་ལོ་༡༦༧༣ ཧོར་ཟླ་གསུམ་པའི་ཚེས་གཉིས་ཉིན་རང་གི་སློབ་མ་སློབ་དཔོན་རིན་པོ་ཆེ་དོན་གྲུབ་རྒྱ་མཚོའི་ཞལ་སྔ་ནས་བཀྲ་ཤིས་སྒོ་མང་གི་ཁྲིར་བཀོད་དེ་ཟླ་བ་དེའི་ཉེར་གསུམ་ལ་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཁྲིར་ཕེབས། དེ་རྗེས་བྱང་རྩེའི་ཁྲིར་ཕེབས། དགུང་ལོ་ཞེ་བརྒྱད་པ་ཆུ་ཁྱི་ཕྱི་ལོ་༡༦༨༢ ལོར་དགའ་ལྡན་གསེར་ཁྲིར་ཕེབས། ལྷོ་མོན་དཔུང་འཇུག་གི་དུས་དྲུག་ཅུ་པ་ཆེན་མོའི་ལྕགས་མཁར་བརྩིགས་ཏེ་བསྒྲལ་ཆོག་མཛད་པས་ཆུ་བྱི་ནག་པོ་གཅིག་ལྕགས་མཁར་གྱི་ཆོས་འབྱུང་ནང་ལ་ཡང་ཡང་འགྲོ་གྲབས་བྱེད་ཅིང་ཁ་གདངས་ནས་ན་བ་ལྟར་བྱས་པ་རབ་འབྱམས་པ་འོད་ཟེར་གྱིས་རྔ་གཡོག་གིས་ཡང་ཡང་ཕྱིར་འཐེན་དགོས་པ་སོགས་ཕ་རོལ་ལ་རྟགས་ཐོན་པའི་མཚན་མ་མངོན་སུམ་དུ་བྱུང་། རྒྱ་ནག་གོང་མས་༸སྐྱབས་མགོན་མཆོག་ལ་བསྟན་འགྲོར་སྨན་པའི་བླ་མ་ཞིག་དགོས་པའི་ཕོ་ཉ་བཏང་བར། གཞུང་ནས་རྗེ་འདི་ལ་ཕྱག་དམ་ཕེབས་༼ལྔ་པ་ཆེན་པོ་གསང་རྒྱའི་སྐབས་༽པ་སྤྱི་བོར་བླངས་ཏེ་ཁྲིར་ལོ་བཞི་སོང་མཚམས་མེ་སྟག་ཕྱི་ལོ་༡༦༨༦ ༼མདོ་སྨད་ཆོས་འབྱུང་དུ་མེ་ཡོས་ཟེར་༽ལོར་རྒྱ་ནག་རྒྱལ་ཁབ་ཏུ་བྱོན། གོང་མ་རྒྱལ་པོ་མཇལ་འཕྲད་གནང་ཞིང་གོང་མས་ཐུགས་དགྱེས་པ་ཁོ་ན་མཛད། དེ་ནས་ཁྲི་རྒྱ་ནག་པར་གྲགས། སྐབས་དེར་སོག་ཡུལ་དུ་རྒྱ་བོད་ཧོར་གསུམ་གྱི་བདེ་དོན་ཚོགས་འདུར་བོད་གཞུང་གི་སྐུ་ཚབ་མཛད་ནས་ཕེབས། ཚོགས་འདུའི་སྟེང་ཁལ་ཁ་རྗེ་བཙུན་དམ་པ་དང་བཞུགས་ཁྲི་འདྲ་མཉམ་མཛད་ཐོག་རྒྱ་ནག་གོང་མའི་བཀའ་ལུང་མ་བསྒྲགས་གོང་ཏཱ་ལའི་བླ་མའི་བཀའ་ལུང་བསྒྲགས་ཐུབ་པ་བྱུང་།
        ཡང་ཁལ་ཁ་དང་ཨོ་རོད་འཁྲུག་གྲབས་བྱས་པ་ལོ་ཤས་ཞི་བར་བྱས། སླར་མདོ་སྨད་དུ་ཕེབས་ནས་དགུང་གྲངས་ལྔ་བཅུ་ང་བཞི་པ་རབ་བྱུང་༡༢ ས་འབྲུག་ཕྱི་ལོ་༡༦༨༨ ལོར་སྙུན་ཟུག་སོགས་གང་ཡང་མེད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་པར་མཛད། གདུང་ལ་རང་བྱོན་གྱི་རྣམ་པ་མང་དུ་སྣང་བ་ལ་དངུལ་གདུང་བཞེངས། སློབ་མ་ཐོར་གོད་དོན་གྲུབ་རྒྱ་མཚོ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས། ལྕང་སྐྱ་ངག་དབང་ཆོས་ལྡན་སོགས་མང་།
        ཁྲི་ཆེན་འདི་ཉིད་ཀྱི་ཡང་སྤྲུལ་བློ་བཟང་བསྟན་པའི་ཉི་མ་༡༦༨༩-༡༧༦༢ མཚན་སྙན་ཤིན་ཏུ་ཆེ། ལྕང་སྐྱ་རོལ་རྡོར་དང་འདི་གཉིས་ནས་བསྟན་འགྱུར་སོག་སྐད་དུ་སྒྱུར་བའི་བརྡ་སྤྲོད་བརྩམས་ཏེ་བསྒྱུར་བར་གྲགས་ཆེ། གསུང་རྩོམ་ཡང་ཕར་ཕྱིན་སྐོར་སོགས་སྣང་།
        སྐུ་ཕྲེང་གསུམ་པ་འཇམ་དཔལ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་༡༧༦༣-༡༧༧༡ སྐུ་ཕྲེང་བཞི་བ་ངག་དབང་ཐུབ་བསྟན་དབང་ཕྱུག་དཔལ་ལྡན་འཕྲིན་ལས་རྒྱ་མཚོ་༡༧༧༢-༡༧༨༡ སྐུ་ཕྲེང་ལྔ་པ་ངག་དབང་ཐུབ་བསྟན་བསྟན་པའི་ཉི་མ།

སྐུ་ཕྲེང་དྲུག་པ་བློ་བཟང་ཐུབ་བསྟན་རྒྱ་མཚོ་༡༨༤༧-༡༩༠༢ སྐུ་ཕྲེང་བདུན་པ་དགེ་འདུན་ལུང་རྟོགས་ཉི་མ་༡༩༠༤-༡༩༣༢ སྐུ་ཕྲེང་བརྒྱད་པ་བློ་བཟང་བསྟན་པའི་རྒྱལ་མཚན་༡༩༣༣-༡༩༦༠ འདི་བ་ལྕགས་བྱི་ལོར་རྒྱ་དམར་ནས་མནར་གཅོད་ཚད་མེད་བཏང་ནས་བཀྲོངས།

སྐུ་ཕྲེང་དགུ་པ་ཆོས་ཀྱི་བློ་གྲོས་རབ་བྱུང་བཅུ་དྲུག་པའི་ལྕགས་ཁྱི་ཕྱི་ལོ་༡༩༧༠ ལོར་ལ་མོ་བདེ་ཆེན་དང་ཐག་ཉེ་བ་ལྕང་ཚང་ཁ་ཞེས་པར་འཁྲུངས། ད་ལྟ་རྗེ་སྐུ་འབུམ་བྱམས་པ་གླིང་དང་། བཀྲ་ཤིས་འཁྱིལ། ལ་མོ་བདེ་ཆེན་བཅས་པར་ཐུགས་གཉེར་ལ་འགྲུས་བཞིན་པ་འདི་ལགས་སོ། །
                                                                          རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།