འབྲས་སྒོ་མང་གདན་རབས་ཉེར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-22 09:31:48     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

862307448297528702.jpg

        གདན་རབས་ཉེར་གསུམ་པ། གུང་རུ་སངས་རྒྱས་བཀྲ་ཤིས་ནས། གདན་རབས་ཉེར་དྲུག་པ། རྒ་རུ་པ་ངག་དབང་དཔལ་འབྱོར་བར།
                       བརྒྱུད་འདེབས་ལས།
                               གསུང་རབ་ཀུན་མཁྱེན་སང༷ས་རྒྱ༷ས་བཀྲ༷་ཤིས་ཞབས། །
                               བྱང་སེམས་མཐར་ཕྱིན་དགེ་ལེགས་དཔ༷ལ་འབྱོར་དང་། །
                               ལེགས་བཤད་འབྱུང་གནས་བློ་བཟ༷ང་ང༷ག་གི་དབ༷ང་ ། །
                               བཤེས་གཉེན་དམ་པ་གསུམ་ལ་གསོལ་བ་འདེབས། །ཞེས་བྱུང་།
        གདན་རབས་ཉེར་གསུམ་པ། གུང་རུ་རབ་འབྱམས་པ་སངས་རྒྱས་བཀྲ་ཤིས་ནི་མདོ་སྟོད་གུང་རུའི་ས་ཡི་ཆ་བྱ་ཕུད་ཅེས་པར་འཁྲུངས། གཞོན་ནུ་ནས་རྟ་ཚག་རྗེ་དྲུང་ངག་དབང་དཀོན་ཅོག་ཉི་མ་ལས་རབ་ཏུ་བྱུང་། དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་རྗེ་བྱམས་པ་ལྷུན་གྲུབ་དང་། གཞུ་ཁང་པ་དགེ་ལེགས་ལྷུན་གྲུབ། ཆུ་བཟང་ཆོས་གྲགས་རྣམ་རྒྱལ་གསུམ་བསྟེན་ནས་གཞུང་ཆེན་རྣམས་ལ་སྦྱངས་པས་གཞུང་ལུགས་རབ་འབྱམས་ལ་བློ་གྲོས་ཉི་མ་བརྒྱ་ལྟར་གསལ་བར་གྱུར་པས་ཐམས་ཅད་ཀྱིས་མཁས་པར་གླེང་། བཙུན་མ་གསུམ་ཐེ་བའི་བླ་མ་བརྒྱ་རྩ་ལ་རང་གཞན་གྱི་ཆོས་ཤིན་ཏུ་མང་པོ་གསན་པས་དབང་ལུང་མན་ངག་གི་མཛོད་དུ་གྱུར། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ནས་གསང་ཆེན་རྒྱུད་སྡེ་རྒྱ་མཚོར་སྦྱངས་པ་མཐར་ཕྱིན་མཛད། སྙན་གྲགས་ཤིན་ཏུ་ཆེ་ཞིང་རྗེ་དཀོན་མཆོག་ཆོས་འཕེལ་གྱི་རྗེས་སུ་རྒྱུད་པའི་མཁན་ཁྲིར་ཕེབས། རྒྱུད་འགྲེལ་དབང་ལུང་མན་ངག་དུ་མས་སྐལ་ལྡན་མང་པོ་བསྐྱངས། རིམ་བཞིན་ཤར་པ་ཆོས་རྗེའི་ཁྲིར་ཕེབས། དེའི་བར་ལ་འཕན་པོ་འགྲོང་སྟེང་དགོན་དང་། ཀླུང་ཤོད་འབའ་ཚག་ཆོས་སྡེ། འཇམ་དབྱངས་ཤཱཀྱ་རིན་ཆེན་པས་ཕྱག་བཏབ་པའི་དབྱེ་བོ་དགོན་གསར། འབྲས་སྤུངས་སུ་ལེགས་བཤད་ཆོས་འཁོར་གླིང་གྲྭ་ཚང་བཅས་ཀྱི་ཁྲིར་ཕེབས་ནས་མདོ་སྔགས་ཀྱི་འཆད་ཉན་ལེགས་པར་མཛད། སྒོ་མང་པ་རྣམས་དད་འདུན་ཆེ་བས་དཔལ་ལྡན་སྒོ་མང་གྲྭ་ཚང་གི་མཁན་ཁྲིར་ཕེབས།

        རབ་བྱུང་༡༠ ཆུ་ཁྱི་ཕྱི་ལོ་༡༦༢༢ ལོར་རྒྱལ་མཆོག་ལྔ་པ་ཆེན་པོ་འབྲས་སྤུངས་ལ་ཐོག་མར་ཕེབས་སྐབས་འདི་ཉིད་མཁན་པོ་ལས་ཐོག་པ་དང་། དེའི་རྗེས་ཤིང་གླང་ལོར་རྒྱལ་དབང་མཆོག་རབ་བྱུང་དགེ་ཚུལ་ནོད་སྐབས་གྲིབ་ཚོད་པ་མཛད། ལོ་དེར་རྒྱལ་མཆོག་བསོད་ནམས་རྒྱ་མཚོའི་གདུང་རྟེན་བསྐྱར་བཞེངས་སྐབས་དང་། རྒྱལ་མཆོག་ཡོན་ཏན་རྒྱ་མཚོའི་གདུང་རྟེན་གསར་བཞེངས་སྐབས་བཅས་པར་གཟུངས་འབུལ་གྱི་ཕྱག་ལེན་བསྟར། དགོན་ལུང་གི་མཁན་པོ་བརྒྱད་པ་མཁས་གྲུབ་ཆེན་པོ་ལྡན་མ་ཚུལ་ཁྲིམས་རྒྱ་མཚོ་ཐོག་མར་དབུས་སུ་བྱོན་ནས་སྒོ་མང་གི་ཆོས་གྲྭར་ཞུགས། དཔོན་སློབ་གུང་རུ་སངས་རྒྱས་བཀྲ་ཤིས་འདི་པ་བསྟེན་ནས་བྱམས་ཆོས་ལ་སྦྱངས་པས་ཟླ་མེད་པའི་མཁས་པར་གྱུར། དེའི་གོང་དུ་ལྷ་སའི་སྨོན་ལམ་ལ་དགེ་ལུགས་པའི་གྲྭ་སྐོར་མ་ཚུགས་པ་ལ། རྒྱལ་མཆོག་ལྔ་པའི་སྐབས་གླིང་སྨད་ཞབས་དྲུང་གིས་ཐུགས་ཁུར་བཞེས་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་སྒོ་མང་དང་བློ་གླིང་གཉིས་ལ་འཕྲལ་དུ་བཀའ་ཕེབས་པར་སྨོན་ལམ་དུས་གཏུགས་རབ་བྱུང་༡༠ ཤིང་གླང་ཕྱི་ལོ་༡༦༢༥ ལོར་སྒོ་མང་ནས་རྗེ་ཚུལ་ཁྲིམས་རྒྱ་མཚོ་འདི་དང་ཆུ་བཟང་དཀོན་ཅོག་ཆོས་བཟང་། བློ་གསལ་གླིང་ནས་འབྲུག་ལྟག་པ་ངག་དབང་དཔལ་བཟང་དང་དོམ་ཉག་པ་བསོད་ནམས་ཆོས་བཟང་གཉིས། གཞན་དྭགས་པོ་དཀའ་བཅུ་བཅས་ལྔས་གྲྭ་སྐོར་ཚུགས། ཁོང་རྣམས་ལྷ་སའི་སྨོན་ལམ་གྱི་གྲྭ་སྐོར་དང་པོ་ཡིན།
        ཡང་སྒོ་སློབ་ནས་ཉིན་གཅིག་དེ་རིང་སུ་འདྲ་ཞིག་བྱུང་ཡང་མདུན་དུ་ཐོངས་གསུངས། ཇེ་ཞིག་ནས་ཨ་ཙ་ར་ཞིག་ཡོང་སྟེ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཀྱི་རྡོ་ནག་སྟེང་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྐུ་རང་བྱོན་ངོ་མཚར་བ་བྱིན་ཅན་ཞིག་ཕུལ་ཏེ། ཉོ་གི་ཡིན་ནམ་ཞུས་པར་ཉོ་གི་ཡིན་རིན་ཅི་ཙམ་གསུངས་པར། གཏོར་མ་རི་ཙམ་དགོས་ཟེར་ནས་མི་སྣང་བར་གྱུར། དེ་ཡང་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་གྲྭ་ཚང་གི་སྲུང་མའི་གཙོ་བོར་མངའ་གསོལ་བའི་དུས་སུ་བབས་པའི་རྟགས་སྣ་ཚོགས་བྱུང་པའི་དབང་གིས། གཞན་གྱིས་དགོན་པ་མྱུར་དུ་འཕེལ་རྒྱས་ཆེ་བར་བྱུང་རུང་དར་གུད་མང་པོ་འོང་པས་ཆོས་སྐྱོང་མགོན་ཆོས་གཉིས་ཀྱིས་ཆོག་གསུངས་པ་ལྟར། གྲྭ་ཚང་རིན་པོ་ཆེའི་བཤད་སྒྲུབ་ཀྱི་འཆད་ཉན་དང་། མངོན་པར་མཐོ་བའི་མཛད་འཕྲིན་ཡར་རྒྱས་འབྱུང་ཕྱིར། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྲུང་མའི་གཙོ་བོར་མངའ་གསོལ་ཅིང་རྡོ་ནག་མགོན་པོའི་སྐུ་བྱིན་ཅན་ནང་རྟེན་གྱི་གཙོ་བོར་མངའ་གསོལ་ནས་སྤྲུལ་པའི་ཨ་ཙ་རས་གསུངས་པ་ལྟར་བླ་བྲང་གིས་ནས་ནག་རྗེན་བཏགས་ཀྱི་རྩམ་རུ་ཁལ་ཉི་ཤུ་སྐོར་འགྲོ་བའི་འཛུགས་གཏོར་མར་ཁུ་བཙག་ཆོད་ཀྱིས་སྦྲུས་པ་ཤིན་ཏུ་ཆེ་བ་ཞིག་དང་། གཉེར་ཚང་ནས་ཀྱང་དེ་བཞིན་གཏོར་ཆེན་གཅིག་བཞེངས་པའི་སྲོལ་ཚུགས། དེ་རྗེས་ཀུན་བདེ་གླིང་བླ་བྲང་ནས་ལོ་ལྟར་འཛུགས་གཏོར་དེ་ལས་ཅུང་ཆུང་བ་ཞིག་བཞེངས་པར་མཛད་ནས། མགོན་ཁང་མཐིལ་དུ་གཏོར་ཆེན་གསུམ་གྱིས་ཁེངས་ནས་ཡོད་པས། མཆོད་མཇལ་མཐའ་སྐོར་ནས་འགྲོ་བ་ལས་དཀྱིལ་ནས་འགྲོ་ལམ་མེད། སྔོན་གྱི་སྲུང་མའི་རྟེན་གྱི་གཙོ་བོ་བསྟན་མའི་ཞལ་ཐང་ཁྱད་འཕགས་ཤིག་ཡོད་པ་གུང་རུ་ཁང་ཚན་གྱི་ནང་རྟེན་དུ་གནང་བ། དུས་ཕྱིས་རྒྱལ་ཚབ་རྟ་ཚག་བསྟན་པའི་མགོན་པོས་ཁང་ཚན་ཚོམས་གསར་པའི་ནང་དུ་གདན་ཞུས་སྐབས་ཞལ་ཁེབས་ཕྱེ་ཙམ་གྱིས་ཤངས་མཚལ་བྱུང་བར་བརྟེན། དམ་འབྱར་མཛད་པ་དེ་ཡང་ཁང་ཚན་དེ་གའི་རྟེན་ཁྲོད་དུ་ཡོད་པའི་སྲུང་མའི་རྟེན་གཙོར་ཡོངས་སུ་གྲགས། འདི་ནས་བཟུང་རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ་གུང་རུ་ཁང་ཚན་གྱི་སྲུང་མའི་གཙོ་བོར་གཟེངས་བསྟོད། རྗེ་འདིས་དུས་རྒྱུན་ནས་དབང་ཆས་དང་དཀྱིལ་འཁོར་གྲྭ་སྒྲིག་གནང་ནས་དབང་རྗེས་གནང་འདོད་འཇོའི་བ་ལྟར་ལེན་ཆོག་ཡོད་པར་མང་དུ་༼བྷཻ་ར་༽གླེང་། རབ་བྱུང་༡༡ ས་འབྲུག་ལོར་རྗེ་སངས་རྒྱས་བཀྲ་ཤིས་ཀྱིས་རིགས་གྲྭ་གཏོང་གནང་མཛད། དེའི་རྗེས་ལྕགས་རྟ་ཕྱི་ལོ་༡༦༣༠ ལོར་འབྲས་སྤུངས་རིགས་གྲྭའི་གོང་དེར་གློ་བུར་དུ་གཤེགས། གཤེགས་པའི་གདུང་གི་ཞུན་ཐིགས་ལ་སྒྲོལ་མའི་སྐུ་པར་ལྟར་ཤིན་ཏུ་གསལ་བར་བྱོན་པ་དངུལ་གདུང་གི་བུམ་པའི་ནང་ཤེལ་སྒོ་བྱས་ནས་ཡོད་པ་དེ་ཡིན་ཞེས་རྡོ་རྗེ་འཆང་ཧོར་སྨིན་གྲོལ་ནོ་མོན་ཧན་གསུངས། གཞན་ཡང་ཐུགས་ལྗགས་སྤྱན་གསུམ་བྱུང་བ་དངུལ་གདུང་ལ་བཞུགས།
        སློབ་མ་ཡང་། སོག་པོ་སེ་ཆེན་རབ་འབྱམས་པ་དང་ཧོར་གསེར་ཁང་རབ་འབྱམས་པ་དང་། དཀའ་ཆེན་དགེ་ལེགས་དར་རྒྱས། མཁས་པ་བསམ་སྒང་པ། བཙན་པོ་དོན་གྲུབ་རྒྱ་མཚོ། ལྡན་མ་རབ་འབྱམས་པ་ཚུལ་ཁྲིམས་རྒྱ་མཚོ་སོགས་མང་དུ་ཐོན། རྟོགས་པ་ཡང་བསྐྱེད་རྫོགས་ལ་བརྟན་པ་ཐོབ་པའི་ལོ་རྒྱུས་དང་། སྐུ་ཕྲེང་ཕྱི་མ་གུང་རུའི་རྒྱ་མཚོ་གླིང་སྐུ་ཕྲེང་རིམ་བྱོན་རྣམས་སོ། །

                                                                             རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།