འབྲས་སྒོ་མང་གདན་རབས་ཉེར་གཅིག་པ་ཆུ་བཟང་ཆོས་གྲགས་རྣམ་རྒྱལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-22 09:23:49     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

        གདན་རབས་ཉེར་གཅིག་པ། ཆུ་བཟང་ཆོས་གྲགས་རྣམ་རྒྱལ་ཁྲིར་ཕེབས། འདི་ནི་རྣམ་དཔྱོད་ལ་གཏུགས་པ་མེད་པའི་སྤོབས་པ་མངའ་བར་གྲགས། པཎ་ཆེན་བསོད་ནམས་གྲགས་པ་སྐྱོར་མོ་ལུང་གི་མཁན་པོར་མ་ཕེབས་གོང་ཙམ་ནས་སྐྱོར་མོ་ལུང་དགོན་པར་ནང་གསེས་གྲྭ་ཚང་གསུམ་ཡོད་པའི་མཚན་ཉིད་གྲྭ་ཚང་གི་འཆད་ཉན་རྒྱུན་ནུབ་པ་ཕྱིས་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་སྐྱོར་མོ་ལུང་གི་མཁན་ཁྲིར་ཕེབས་ཏེ་འཆད་ཉན་གྲྭ་ཚང་སླར་ཡང་གསར་དུ་བཙུགས། དཔོན་སློབ་ཆུ་བཟང་ཆོས་གྲགས་རྣམ་རྒྱལ་འདི་ཉིད་འཆད་ཉན་སློབ་དཔོན་དུ་བསྐོས་ནས་འཆད་ཉན་ཤིན་ཏུ་དར་བར་མཛད་པའི་མཛད་རྗེས་ཆེ་༼བཻ་སེར།༽དུ་ཀཱུ་ལའི་གོས་བཟང་ལས་༼༨༡་ ༣༽ རབ་བྱུང་༡༠ མེ་སྟག་ཟླ་གཉིས་པའི་ནང་རྗེ་ཡོན་ཏན་རྒྱ་མཚོའི་དངུལ་གདུང་རབ་གནས་གྲུབ་རྗེས་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དབུ་བཞུགས་ཐོག སེ་འབྲས་ཀྱི་སློབ་དཔོན་ཁྲི་གདན་ཟུར་ཚོགས་སྐབས་རྗེ་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ་དང་། སྒོ་མང་བྱང་པ་ཆོས་གྲགས་རྣམ་རྒྱལ་གཉིས་ནས་ཆོས་ཀྱི་འབེལ་གཏམ་མཛད་ཟེར་བ་དང་། ཡང་རབ་གནས་སྐབས་སྒོ་མང་བྱང་པ་དང་། གུང་རུ་སངས་རྒྱས་བཀྲ་ཤིས་གཉིས་འཇིགས་བྱེད་ཀྱི་བདག་མདུན་འཇུག་པ་གཅིག་མིན་ལ་རྩོད་ཅེས་འབྱུང་བས་དུས་སྐབས་དེར་གསལ།

        ཡང་སྒོ་མང་བྱང་པ་ཆོས་གྲགས་རྣམ་རྒྱལ་གྱི་ཐུགས་ལ་རྒྱལ་མཆོག་ལྔ་པ་མཆོག་སློབ་གཉེར་ལ་དུས་ཡུན་ཐུང་བས་པོ་ཏི་འགྲོ་ཚོད་དེ་ཙམ་མིན་སྙམ་ནས། ཉིན་གཅིག་ཁོང་རང་གི་ཚ་བོ་རབ་འབྱམས་པ་ངག་དབང་དང་རིགས་ལུང་བྱེད་དགོས་གསུངས་པ་ལྟར་བྱས་པས་རང་ཤག་ཏུ་བྱོན་ནས་རིགས་ལུང་མགོ་མཇུག་མི་འདུག་པས་ཅི་ཡིན་ཞེས་དབུ་ཡོན་ཡོན་མཛད་སྐད།
དེའི་རྗེས་སླར་ཡང་གཞུ་ཁང་པ་དགེ་ལེགས་ལྷུན་གྲུབ་ཁྲིར་ཕེབས་ནས་འཆད་ཉན་མཛད་པར་༼བཻ་སེར་༽གསལ་ལོ། །
                                                                           རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn
 


བརྒྱུད་འགོད།