འབྲས་སྒོ་མང་གདན་རབས་གཉིས་པ་མཁས་མཆོག་སྒ་ལེབ་དང་། གསུམ་པ་སྟག་ལེབ་བྱང་རྒྱལ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-20 20:31:26     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

16675322714572450.jpg

        གདན་རབས་གཉིས་པ་སློབ་དཔོན་སྒ་ལེབ་ཆེན་པོ་དང་། གདན་རབས་གསུམ་པ་རྗེའི་དངོས་སློབ་གསུང་རབ་མང་དུ་མཁྱེན་པའི་བསྟན་འཛིན་༼བྷེ་ར་༽༼སུཾ་པ་༽བཅུ་གཉིས་སམ། འཆད་ཉན་གྱི་རྒྱལ་མཚན་སྒྲེང་བའི་༼ཐུའུ་བཀྭན་༽སློབ་དཔོན་བཞིའི་ནང་ཚན་སློབ་དཔོན་སྟག་ལེབ་བྱང་ཆུབ་རྒྱལ་མཚན་ཡིན་ལ། དེ་ཡང་མཁས་མཆོག་སྒ་ལེབ་པ་ནི་སྟག་ལེབ་བྱང་རྒྱལ་བའི་སྲས་ཡིན་རུང་འཇུག་པ་བདེ་ཆེད་ཡབ་སྲས་གཉིས་ཀྱི་རྣམ་ཐར་ཡོངས་གྲགས་ངག་རྒྱུན་ལྟར་ཕྱོགས་གཅིག་ཏུ་བརྗོད་ན། དམ་པ་འདི་གཉིས་མདོ་སྟོད་བར་ཁམས་དཔའ་ཤོད་ཀྱི་མངའ་ཁོངས། ཡུལ་བཞི་ཞེས་པའི་ལུང་པ་དང་ཉེ་བ་སེ་ལེབ་ཞེས་པར་འཁྲུངས། སྔོན་གྱི་བག་ཆགས་སད་རྩོབས་ཀྱིས་བྱ་ཕུད་མདོ་སྔགས་དར་རྒྱས་གླིང་གི་དགོན་པར་དུས་གཅིག་ཏུ་རབ་ཏུ་བྱུང་ནས་གསན་བསམ་མཛད།
        འཇམ་མགོན་ཙོང་ཁ་པ་དང་། འབྲས་སྤུངས་འཇམ་དབྱངས་ཆོས་རྗེའི་སྙན་པ་གསན་ནས་རིང་པོར་མ་ཐོགས་པར་དབུས་སུ་ཕེབས་ཏེ་རྗེ་ཙོང་ཁ་པ་ལས་མདོ་སྔགས་ཀྱི་ཟབ་ཆོས་རྒྱ་ཆེར་གསན། དཔལ་ལྡན་འབྲས་དཀར་སྤུངས་པར་འཇམ་དབྱངས་ཆོས་རྗེའི་ཞབས་རྗེས་སུ་ཕེབས་ཤིང་རྟེན་འབྲེལ་བརྟག་པའི་སླད་ལྷ་ཤིང་ཤུག་པའི་ཕྱག་འཁར་གཉིས་པོ་དེ་གུང་རུ་ཁང་ཚན་གྱི་འོག་གི་ཉེ་འགྲམ་དེར་བཙུགས་པ་མ་འགྱངས་པར་ཆེས་རིང་པོར་སྐྱེས་པས་རྟེན་འབྲེལ་ཆེ་བ་བྱུང་། ཕྱིས་ཤུག་པའི་སྡོང་རྒན་ཧ་ཅང་ཆེ་བ་གཉིས་རྒྱ་དམར་གྱི་དུས་འགྱུར་མ་བྱུང་བར་སྒོ་མང་ཆོས་གྲྭ་འོག་གི་ཉེ་འགྲམ་དེར་ཡོད་པ་དེ་ཡིན་ཞེས་གྲྭ་རྒན་རྣམས་ཞལ་འཆམ་པར་གསུངས། ཤུག་སྡོང་གི་ཡལ་འདབ་རྒྱས་ན་གྲྭ་རྒྱུན་འབྱུང་བ་དང་སྐམ་ན་གྲྭ་རྒྱུན་མི་ཡོང་ཟེར་ནས་བགྲེས་སོང་རྣམས་རྒྱུན་དུ་རྟོག་ཞིབ་མཛད་དགོས་པ་ཞིག་ཡོད་ན་ཡང་ཕྱི་ལོ་༡༩༥༩ དུས་འགྱུར་སྐབས་འབྱུང་པོས་རྒྱུད་བརླམས་པའི་ཀླད་མེད་འགས་མེ་ལྷའི་ཞལ་དུ་བསྟབས་ནས་ད་ལྟ་ཤུལ་ཙམ་ཡང་མི་མངོན་པར་བྱས་འདུག
        དེ་ཡང་བྱང་རྭ་སྒྲེང་དགོན་པའི་ཤུག་པ་སོ་སོར་མིང་དང་གྲངས་ཡོད་པ་བཞིན། བྱ་ཕུད་དགོན་པའི་ཤུག་པ་རྣམས་ལ་མིང་དང་གྲངས་ཡོད་པས་སྒ་ལེབ་དང་སྟག་ལེབ་རྣམ་གཉིས་གྲྭ་སར་ཕེབས་ཁར་ཕྱག་འཁར་ཤུག་པ་འདི་གཉིས་ལས་བཅད་ཟེར་བའི་ཤུག་སྡོང་གཉིས་བྱ་ཕུད་དུ་ཕྱི་ལོ་༡༩༥༩ དུས་འགྱུར་མ་བྱུང་བར་མིག་སྟོན་བྱ་རྒྱུ་ཡོད་འདུག འདིའི་འཁྲུངས་སའི་གནས་ཀྱི་ཁྱད་པར་ཉུང་བསྡུས་འོག་ཏུ་ཀུན་མཁྱེན་ཆོས་འབྱུང་གི་རྣམ་ཐར་སྐབས་གསལ།
དེ་ནས་ཁོང་རྣམ་གཉིས་འབྲས་སྤུངས་ལ་ཕེབས་ནས་རྗེ་ཙོང་ཁ་པ་དང་། ལྷག་པར་འཇམ་དབྱངས་ཆོས་རྗེ་བསྟེན་ནས་གཞུང་ཆེན་པོར་གསན་བསམ་སྒོམ་པ་མཐར་ཕྱིན་མཛད་དེ། མཁས་པའི་མཆོག་གྱུར་སྒ་ལེབ་ཆེན་པོ་དང་། ལེགས་བཤད་མཛོད་འཛིན་སྟག་ལེབ་བྱང་རྒྱལ་བ། ཞེས་མཚན་སྙན་དང་། མཛད་འཕྲིན་ཤིན་ཏུ་ཆེ་བ་བྱུང་། རྣམ་གཉིས་ནས་རིམ་བཞིན་སྒོ་མང་གྲྭ་ཚང་གི་འཆད་ཉན་སློབ་དཔོན་མཛད། བུ་སློབ་ཀྱང་དགའ་ལྡན་གསེར་ཁྲི་དགུ་པ་རྗེ་དབོན་བློ་བཟང་ཉི་མས་སྟག་ལེབ་བྱང་རྒྱལ་བ་ལས་ཆོས་མང་དུ་གསན། གཞན་ཡང་མཁས་གྲགས་ཅན་གྱི་སློབ་མ་མང་དུ་ཐོན་ཅིང་མཐར་གདན་ས་འདི་ཉིད་རང་དུ་མྱ་ངན་ལས་འདས་པའི་གདུང་རྟེན་མཆོད་རྟེན་གཉིས་སྒོ་མང་མི་འཁྲུགས་ལྷ་ཁང་ནང་དུ་དེང་སང་ཡང་མཇལ་རྒྱུ་ཡོད་པ་དེ་ལགས་སོ། །
                                                                   རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།