འབྲས་སྒོ་མང་གདན་རབས་དང་བོ། དྲུང་གྲགས་པ་རིན་ཆེན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-20 20:23:39     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  


175478043468864316.jpg

                                              བླ་བརྒྱུད་གསོལ་འདེབས་ལས།
                                           དམ་ཆོས་སྒོ་མང་འཛིན་པ་གྲགས་རིན་ཞབས། །
                                           མཁས་པའི་མཆོག་གྱུར་སྒ་ལེབ་ཆེན་པོ་དང་། །
                                           ལེགས་བཤད་མཛོད་འཛིན་སྟག་ལེབ་གྲགས་པའི་སྐུ། །
                                           བཤེས་གཉེན་ཚུལ་བཟང་བཞི་ལ་གསོལ་བ་འདེབས། ། ཞེས་བྱུང་།
        གདན་རབས་དང་པོ་ནི། འཇམ་མགོན་ཙོང་ཁ་པ་ཆེན་པོའི་དངོས་སློབ་གསུང་རབ་མང་དུ་མཁྱེན་པའི་བསྟན་འཛིན་༼བཻ་སེར་༽བརྒྱད་དམ་༼སུཾ་པ་༽བཅུ་གཉིས་ཀྱི་ནང་ཚན་བྱང་གླིང་པ་གྲགས་པ་རིན་ཆེན་ཞེས་གྲགས་པ་དེ་ཉིད་ཡིན་ལ། དམ་པ་འདི་ཉིད་ནི་དེ་དུས་ཀྱི་ཆོས་གྲྭ་ཆེན་པོ་གསང་བདེ་གུང་གསུམ་སོགས་སུ་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་དུ་མ་གཙུག་ཏུ་བསྟེན་ཏེ། ཤིང་རྟ་ཆེན་པོ་རྣམ་གཉིས་ནས་བརྒྱུད་པའི་དབུ་སེམས་ཀྱི་བཤད་སྲོལ་ཇི་སྙེད་པ་དང་། གཞན་ཡང་དབྱིག་གཉེན་དང་བློ་གྲོས་བརྟན་པ་ནས་བརྒྱུད་པའི་མངོན་པ། ཡོན་ཏན་འོད་དང་ཤཱཀྱ་འོད་ནས་བརྒྱུད་པའི་འདུལ་བ་སོགས་དགོངས་འགྲེལ་གྱི་བསྟན་བཅོས་འགྱུར་རོ་ཅོག་དང་། གངས་ཅན་གྱི་མཁས་པའི་གཙུག་ནོར་བདག་ཉིད་ཆེན་པོ་བློ་ལྡན་ཤེས་རབ་དང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། བུ་སྟོན་རིན་ཆེན་གྲུབ་སོགས་ས་རྙིང་བཀའ་གསུམ་ཇོ་ནང་དང་བཅས་པའི་མཁས་གྲུབ་གོང་མ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ཇི་སྙེད་པ་དང་། ལྷག་པར་རྒྱལ་བས་ལན་གཅིག་མིན་པར་ལུང་གིས་ཡང་ཡང་བསྔགས་པ་ས་ཡི་སྟེང་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཛད་པའི་གསུང་རབ་དང་། མཁས་གྲུབ་བུ་སློབ་རྣམས་ཀྱིས་མཛད་པའི་གསུང་རབ་སྟེ། མདོར་ན་མདོ་དང་སྔགས་ཀྱི་གསུང་རབ་ཀྱི་བཤད་སྲོལ་མཆིས་སོ་ཅོག་ཐམས་ཅད་སྟོན་དུས་ནམ་མཁའ་གཡའ་དག་པ་ལ་སྐར་ཚོགས་བཀྲ་བ་ལྟར་དམ་པ་ཉིད་ཀྱི་ཐུགས་ལ་ལྷང་ངེར་འཆར་བས་ན། རྗེ་ཡི་བུ་སློབ་འཕགས་ཡུལ་གྱི་པཎ་གྲུབ་ལའང་ཅོ་འདྲི་བ་ལྟ་བུ་རྣམས་ཀྱི་ཁྲོད་དུ་གསུང་རབ་མང་དུ་མཁྱེན་པའི་བསྟན་འཛིན་ཞེས་བསྔགས་པའི་མེ་ཏོག་གི་ཕྲེང་བ་རྣམ་དཔྱོད་མགུལ་དུ་བཀླུབས་པར་གྱུར།
        དམ་པ་དེ་ཉིད་སྒོ་མང་གྲྭ་ཚང་གི་ཐོག་མའི་སློབ་དཔོན་དུ་ཕེབས་ནས་འཇམ་དབྱངས་ཆོས་རྗེའི་དགོངས་བཞེད་དང་བསྟུན་འཕགས་བོད་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར་འཆད་ཉན་རྒྱ་ཆེ་ཡུན་རིང་བསྐྱངས་པའི་མཛད་རྗེས་བླ་མེད་བཞག་གནང་མཛད་པའི་སྲོལ་ལྟར། སྒོ་མང་པ་རྣམས་ལེགས་བཤད་གསེར་གྱི་ཕྲེང་བས་ལྡེ་མིག་བྱས་ཏེ་སྣང་བ་གཉིས་ཀྱིས་གཙོས་པའི་རྒྱ་འགྲེལ་ཉེར་གཅིག་དང་། གཞན་ཡང་རྗེ་ཡབ་སྲས་ཀྱིས་མཛད་པའི་དབུ་ཚད་ཀྱི་བསྟན་བཅོས་རྣམས་ཀྱིས་ཁོག་ཕུབ། ཟླ་བའི་འགྲེལ་ཆེན་རྣམས་དང་། ས་སྡེ་ལྔ་དང་སྡོམ་རྣམ་གཉིས་སོགས་བྱམས་པ་དང་འབྲེལ་བའི་རྒྱ་གཞུང་། ཚད་མའི་སྐོར་དང་འདུལ་མཛོད་ཀྱི་རྒྱ་གཞུང་རྣམས་ལའང་ཆེས་འདྲིས་ཆ་ཆེ་བར་མཛད་པའི་སྲོལ་ཚུགས་པ་རྒྱུན་ཆགས་སུ་གནས་ཤིང་།མཐར་མཁས་མཆོག་སྒ་ལེབ་པ་སློབ་དཔོན་དུ་བསྐོས་ནས་རང་ཉིད་ཟུར་བཞུགས་མཛད་དེ་འཇམ་མགོན་ཙོང་ཁ་པ་ཆེན་པོའི་དངོས་སློབ་ལྷ་གཟིགས་གྲགས་པ་རྒྱ་མཚོས་ཕྱག་བཏབ་པའི་༼བཻ་སེར་༽མལ་གྲོ་ཆ་དཀར་དགོན་དུ་གདན་ཞུས་ཀྱིས་གནས་དེར་ཡང་འཆད་ཉན་བསྐྱངས་ཏེ་བཞུགས།
        དེ་ཡང་། ཀུན་མཁྱེན་འཇམ་དབྱངས་བཞད་པས་མདོ་སྨད་དུ་བཀྲ་ཤིས་འཁྱིལ་གྱི་དགོན་གསར་འདེབས་སྐབས་ཀྱང་ཅུན་གར་རབ་འབྱམས་པ་གྲགས་པ་ལ་ཁྱོད་སྒོ་མང་གི་འཆད་ཉན་པའི་ཐོག་མ་དྲུང་གྲགས་པ་རིན་ཆེན་པ་དང་མིང་མཐུན་པའི་རྟེན་འབྲེལ་གྱིས་ངའི་ཚབ་ཏུ་རེ་ཞིག་བརྩི་བཞག་ཐོངས་གསུངས་པ་ལྟར་དྲུང་རམས་པས་ཕར་ཕྱིན་གདོང་ལྔའི་སྒྲ་དབྱངས་སོགས་ཀྱི་བརྩི་བཞག་བཏང་ནས་བཅོ་ལྔའི་ཆོས་ཐོག་བྱས་ཞེས་བྱུང་བ་ལྟར་ཆེས་བསྔགས་འོས་ཀྱི་གནས་དང་རྟེན་འབྲེལ་ཆེ་བར་མཛད་དོ། །
        གྲྭ་ཚང་འདིའི་མཚན་ལ་བཀྲ་ཤིས་སྒོ་མང་ཞེས་གསོལ་ཚུལ།
        གྲྭ་ཚང་འདི་ཡི་མཚན་ལ་བཀྲ་ཤིས་སྒོ་མང་གྲྭ་ཚང་ཞེས་ཐོག་མར་བཀྲ་ཤིས་ཞེས་འབྱུང་བའང་འདི་ཉིད་གདན་སའི་གྲྭ་ཚང་གཞན་རྣམས་ལས་ཐོག་མར་ཆགས་ཤིང་། བཀྲ་ཤིས་པའི་དགེ་མཚན་དེའི་སྤྱན་ལྟོས་ཀྱིས་གྲྭ་ཚང་གཞན་རྣམས་ཀྱང་བྱུང་བས་ཡིན་ལ། སྒོ་མང་ཞེས་པའང་མཁན་བརྒྱུད་གསོལ་འདེབས་ལས། དམ་ཆོས་སྒོ་མང་འཛིན་པ་གྲགས་རིན་ཞབས། ཞེས་དང་།
        ༸གོང་ས་ལྔ་པ་ཆེན་པོའི་གསུང་ལས་ཀྱང་།
                                 རྣམ་བཀྲ་རིགས་པས་ལུང་དོན་འབྱེད་པ་ལ། །
                                 སྲས་བཅས་རྒྱལ་བས་ཤིས་པ་བརྗོད་པའི་སྒོ། །
                                 གཞུང་ལུགས་མང་པོར་འཆད་རྩོད་འདུས་པའི་སྡེ། །
                                 དེ་འཛིན་བཤེས་གཉེན་ཚོགས་རྣམས་ཞབས་བརྟན་ཤོག །
        ཅེས་པ་ལྟར། རྣམ་པར་བཀྲ་པའི་རིགས་པ་དྲི་མ་མེད་པས་འཕགས་བོད་ཀྱི་གཞུང་ལུགས་མཐའ་དག་གི་དཀའ་གནད་ཀྱི་སྒོ་འཕར་བརྒྱ་ཕྲག་མང་པོ་ལེགས་པར་འབྱེད་པས་སྒོ་མང་ཞེས་སྨོས་པ་གོང་མ་རྣམས་ཀྱི་ཞལ་རྒྱུན་ཡིན་ལ། བོད་གཞུང་གི་སྔར་གྱི་མཛད་ལམ་དུའང་གདན་སའི་གྲྭ་ཚང་རྣམས་ལས་སྒོ་མང་དང་པོར་འབྱུང་བའང་རྒྱུ་མཚན་དེ་ཉིད་ཀྱིས་བྱས་པར་སྣང་།ཀུན་མཁྱེན་འཇམ་དབྱངས་བཞད་པས། བཀྲ་ཤིས་པའི་ཕུན་ཚོགས་སྡེ་བཞིའི་འབྱུང་འཇུག་གི་སྒོ་བརྒྱ་ཕྲག་མང་པོ་ཕྱེ་བའི་བཀྲ་ཤིས་སྒོ་མང་གི་ཆོས་གྲྭ་ཞེས་ཀྱང་བྱུང་།
        ཞར་བྱུང་ཀུན་མཁྱེན་མུས་སྲད་པ་བློ་གྲོས་རིན་ཆེན་སེངྒེའི་བྱུང་བ་མདོར་བསྡུས།
        སྐབས་དེར་འཇམ་མགོན་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྣམ་དཔྱོད་ཕུལ་དུ་བྱུང་པའི་མཁས་པ་གཉིས་ཀྱི་ནང་ཚན། ཀུན་མཁྱེན་མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་ནི། འཇམ་དབྱངས་ཆོས་རྗེའི་སྲས་ཀྱི་ཐུ་བོར་གྱུར་ཅིང་། དྲུང་གྲགས་པ་རིན་ཆེན་པས་སྒོ་མང་གྲྭ་ཚང་གི་འཆད་ཉན་སློབ་དཔོན་མཛད་པའི་སྐབས་དེ་ཤེད་དུ་ཀུན་མཁྱེན་པ་འདི་ཉིད་སྒོ་མང་གྲྭ་ཚང་གི་ཟུར་ཆོས་པ་མཛད་དེ་འཆད་ཉན་བསྐྱངས་སྐབས་ཕན་ཚུན་འགྲན་པ་ལྟ་བུས་འཆད་ཉན་ཤིན་ཏུ་འཕེལ་བར་གྱུར། སློབ་དཔོན་དཔལ་བློ་ལ་སོགས་པ་བསྟན་པ་ལ་བྱ་བ་བྱེད་ནུས་ཤིན་ཏུ་མང་བ་བྱུང་། དམ་པ་འདི་ཉིད་ཡབ་ཆེན་ལས་བརྒྱུད་པའི་རྟ་མགྲིན་ཡང་གསང་གི་ཆོས་སྐོར་ལ་ཐུགས་གཙིགས་ཧ་ཅང་ཆེ་བ་མ་ཟད། རྒྱུན་དུ་རྟ་མགྲིན་གྱི་ཕུར་པ་ལུས་དང་འབྲལ་མེད་མངོན་མཚན་ཆེ་བར་བཅངས་པ་དང་། སྟོང་ཉིད་མ་ཡིན་དགག་དང་གཞན་སྟོང་དུ་འཆད་པ་སོགས་རྗེ་ཡི་བཀའ་སྲོལ་དང་ཅུང་མི་མཐུན་པ་འགའ་རེ་བྱུང་བ་སོགས་ལ་བསྙད། འགའ་ཞིག་གིས་ཐུགས་ལ་ཕོག་པའི་སྐུར་ཞུས་ཀྱིས་ཐུགས་སུན་པའི་འཕྲལ་རྐྱེན་དང་། མཁས་མང་བྱེ་བའི་འབྱུང་གནས་སེར་བྱེས་མཁས་སྙན་གྲྭ་ཚང་ཚུགས་རྒྱུའི་རྟེན་འབྲེལ་དུས་སུ་བབས་པ་ན།འབྲས་སྤུངས་ནས་འཇམ་དབྱངས་ཆོས་རྗེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་པའི་སྒོ་ནས་གསོལ་འདེབས་ཡོན་ཏན་དཀྱིལ་འཁོར་མ་འཕྲལ་རྩོམ་གནང་བཞིན་པར་ཕེབས་ཏེ། མིག་གི་ཡུལ་དུ་འབྲལ་བར་མ་གྱུར་ཅིག །ཅེས་རྩོམ་སྐབས་གདན་ཞུ་བྱུང་ན་ཕྱིར་ཕེབས་རྒྱུའི་དགོངས་འདུན་ཡོད་ཀྱང་རྟེན་འབྲེལ་སྟོབས་ཀྱིས་དེ་བཞིན་མ་བྱུང་བས་ཉལ་སྣེའི་རི་ཟུར་དུ་ཕེབས་པ་དང་གསོལ་འདེབས་རྫོགས་པར་མཛད་དེ་ཐུགས་འཁྲེང་བཞིན་དུ་སེ་རར་ཕེབས་པ་སོགས་ཀྱི་རྣམ་ཐར་ངོ་མཚར་བ་གཞན་དུ་གསལ།
        དེ་ཡང་གསོལ་འདེབས་ནང་། མིག་གི་ཡུལ་དུ་འབྲལ་བར་མ་གྱུར་ཅིག །ཅེས་དང་། དེ་བཞིན་དུ། རྣ་བའི་ཡུལ་དུ་དང་ཡིད་ཀྱི་ཡུལ་དུ་ཞེས་རིམ་གྱིས་བྱུང་བ་ལྟར་འཇམ་དབྱངས་ཆོས་རྗེ་ཉིད་འབྲས་སྤུངས་སུ་བཞུགས་སྐབས་མིག་ཡུལ་དུ་ཡང་ཡང་མཇལ་དུ་ཡོད་པ་དང་། དེ་རྗེས་གཙང་དུ་རྗེ་བཙུན་ཏཱ་ར་ན་ཐའི་སྐྱེ་བ་འཛིན་པས་མིག་ཡུལ་དུ་ཡང་ཡང་མཇལ་དུ་མེད་ཀྱང་རྣ་བའི་ཡུལ་དུ་ཡང་ཡང་ཐོས་རྒྱུ་ཡོད་པ་དང་། དེའི་རྗེས་ཏཱ་ཁུ་རལ་དུ་ཁལ་ཁ་རྗེ་བཙུན་དམ་པར་འཁྲུངས་པས་མིག་རྣའི་ཡུལ་དུ་ཡང་ཡང་མཐོང་ཐོས་མེད་པར་ཡིད་ཡུལ་ཁོ་ནར་བྱེད་དགོས་པ་སོགས་གསོལ་འདེབས་ཀྱི་ཚིག་གི་གོ་རིམ་ལྟར་བྱུང་བས་ལུང་བསྟན་ལྟ་བུ་ཡིན་ཞེས་དམ་པ་གོང་མ་དག་གི་གསུང་རྒྱུན་དུ་བཞུགས།
        ཀུན་མཁྱེན་མུས་སྲད་པ་ཆེན་པོའི་ཕེབས་རྗེས་སུ་སྒོ་མང་གྲྭ་ཚང་ནས་ཞལ་སློབ་དགེ་བཤེས་བརྒྱ་སྐོར་ཞིག་སེ་རར་ཕེབས་པ་རྣམས་དང་བཅས་བྱེས་པ་གྲྭ་ཚང་ཚུགས་པས་སྒོ་མང་དང་བྱེས་པ་གཉིས་སྔོན་ནས་ཉེ་ལོགས་སུ་གནས་པའི་རྒྱུ་མཚན་དེ་ཡིན་ཞེས་སེར་བྱེས་མཁན་ཟུར་རིན་པོ་ཆེ་བློ་བཟང་དབང་ཕྱུག་མཆོག་དང་། རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་ངག་དབང་ལེགས་ལྡན་རྣམ་གཉིས་སོགས་དམ་པ་འགའ་ཞིག་གི་ཞལ་ལས་ཐོས། དེབ་ཐེར་འགའ་ཞིག་ནང་༼ཆ་དཀར་༽ཀུན་མཁྱེན་མུས་སྲད་པ་འབྲས་སྤུངས་ཟུར་ཁང་གི་འཆད་ཉན་སློབ་དཔོན་གྱི་ཐུགས་ཁུར་བཞེས་ཞེས་གསལ་བར་འབྲས་སྤུངས་སུ་གྲྭ་ཚང་བདུན་ལས་ལོགས་སུ་ཟུར་ཁང་ཞེས་པའི་འཆད་ཉན་ཁང་ཞིག་ཡོད་པ་སྔོན་གྱི་ངག་སྒྲོས་དང་། ཡི་གེ་ཁུངས་ལྡན་གང་ནས་ཀྱང་མ་བྱུང་ངོ་། །དེས་ན་ཟུར་ཁང་དུ་ཞེས་བྲིས་ན་འགྲིགས་ཙམ་མོ། །

                                                                              རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།