མདུན་ངོས། > ལོ་རྒྱུས། > མི་སྣ། > ནང་དོན་དངོས།

དགེ་བའི་བཤེས་གཉེན་ཆེན་མོ་མཁན་རྗེ་འོད་ཟེར་བཟང་བོའི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2016-05-30 21:23:42     རྩོམ་པ་པོ།   རྭ་རྒྱའི་བཟོད་པ་བཟང་བོ།    ཀློག་ཐེངས།  

QQ图片20160525143427.jpg

        རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་མཁན་འོད་ཟེར་བཟང་བོ་མཆོག་ནི་མཛོད་དགེ་གླིང་བའི་མི་རྒྱུད་ཡབ་བཤད་སྒྲུབ་དང་ཡུམ་མཚོ་སྐྱིད་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༢༥ལོར་ཡག་ཁྱ་ཞེས་པའི་རུ་སྡེར་སྐུ་འཁྲུངས། སྐུ་ཆུང་བའི་དུས་ནས་རྣམ་དཔྱོད་ལ་འགྲན་ཟླ་བས་གཞན་གྱིས་དཔེ་ཆ་འཛིན་སྐྱོར་ཐོས་པ་ཙམ་གྱིས་སྐྱབས་འགྲོ་དང་། ལྟུང་བཤགས། དགའ་ལྡན་ལྷ་བརྒྱ་མ། མདོ་གདུགས་སྒྲོལ་གསུམ་སོགས་ཐུགས་ལ་བྱང་བས་ཀུན་གྱི་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར། རབ་བྱུང་བཅུ་དྲུག་པའི་ཆུ་མོ་བྱ་སྟེ་སྤྱི་ལོ་༡༩༣༣ལོར་དགེ་བའི་བཤེས་གཉེན་ཆེན་མོ་ཡག་ཁྱའི་ཆོས་དར་གྱི་དྲུང་ནས་རབ་ཏུ་བྱུང་ཞིང་མཚན་ལ་འོད་ཟེར་བཟང་བོ་ཞེས་གསོལ།
        དེ་ནས་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་འདོན་ཕྱག་ལེན་དང་། དབྱངས་བར་རྟ་ས་གསུམ། ཕྱག་རྒྱ་བཅའ་ལུགས། ཐིག་རྡུལ་མཚོན་སོགས་དགོན་འདིའི་འདོན་ཕྱག་ལེན་སོགས་ཡོངས་སུ་ཐུགས་ལ་བྱང་བར་མཛད། ཆོ་ག་སོགས་བློར་འཛིན་སྐབས་དབུས་དཔར་མདའ་ཚད་མ་ཤོག་གྲངས་དྲུག་བདུན་ཙམ་རེ་ཉིན་རེར་འཛིན་ནུས་པར་གསུངས། དེ་ནས་དགེ་བའི་བཤེས་གཉེན་ཁང་སར་དགེ་རྒན་ནམ་རྗེ་ངག་དབང་དགེ་བཟོད་དང་། དབུས་གཙང་སེར་བྱེས་དགེ་བཤེས་དགེ་འདུན་བཟང་བོ་སོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་ཏུ་བསྟེན་ཏེ་བསྡུས་གྲྭ་ནས་དབུ་ཕར་བར་གྱི་གཞུང་ཆེན་དག་ལ་སྦྱང་བརྩོན་ལྷོད་མེད་གནང་སྟེ་མཁས་པའི་སྙན་པ་ཕྱོགས་སུ་གྲགས་པ་བྱུང་། སྤྱི་ལོ༡༩༤༩ལོར་ཤིང་བཟའ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གི་མཚན་ཉིད་ཞབས་ཞུར་གྲྭ་ཚང་ཡོངས་ནས་ཆེས་ཕུལ་དུ་བྱུང་བ་བཞིའི་གྲས་སུ་བཞག་སྟེ་མཚན་ཉིད་ཞབས་ཞུར་བསྐོ་གཞག་མཛད།
        སྤྱི་ལོ༡༩༥༨ལོར་ཆོས་པའི་ཉེས་མིང་འོག་མི་ལོ་བཞིར་སྲིབ་མེད་ཀྱི་བཙོན་ཁང་ནང་དུ་བཅུག་སྟེ་མནར་གཅོད་ཚད་མེད་མྱངས། སླར་རང་ཡུལ་དུ་ལོག་ཐུབ་ཙམ་བྱུང་ནའང་ལམ་རྐོ་བར་མངགས་ཏེ་སྐར་མའི་དགོང་ཇ་དང་སྐར་མའི་ནང་ཇ་འཐུང་ཞེས་མ་ཤི་དམྱལ་བར་ཐོན་པ་ལྟ་བའི་དཀའ་སྡུག་གང་མང་མྱངས།  ༡༩༨༠ལོར་བསྟན་པ་ཡང་དར་གྱི་དབུ་བརྙེས་སྐབས་ཁོང་གིས་དགོན་པ་སླར་གསོའི་ཐད་ཕྱག་རྗེས་རྨད་དུ་བྱུང་བ་གང་མང་བསྐྲུན། ཁྱད་པར་དུ་ཁོང་ཚོགས་ཆེན་མཁན་པོར་བཞུགས་ཏེ་དགོན་འདིའི་བསླབ་པ་སློབ་གཉེར་དང་། སྒྲིག་ལམ་ཀུན་སྤྱོད་ཐད་གཟིགས་རྟོགས་རྒྱ་ཆེར་གནང་། བཞེས་པ་བཞེས་ལུགས། ན་བཟའ་མནབས་ལུགས། འགྲོ་འདུག་སྤྱོདགསུམ། རྟགས་གསལ་གཏོང་ལུགས་རིམ་གྱིས་བསླབ་པ་མ་ཟད། བསྡུས་གྲྭ རྣམ་འགྲེལ། ཕར་ཕྱིན། དབུ་མ། མཛོད། འདུལ་བ་སོགས་ཀྱི་དཔེ་ཁྲིད་རྒྱུན་རིང་གནང་།  དཔེ་ཁྲིད་དང་རྩོད་རྒྱུགས་སོགས་ཀྱི་སྐབས་སུ་མི་རེར་རྒྱབ་སྐྱོར་གྱི་ལུང་དང་། མཐའ་དཔྱོད་ཀྱི་རིགས་པ།  གསལ་བྱེད་ཀྱི་དཔེ་སོགས་གསལ་དག་སྙན་གསུམ་གྱིས་བློར་འཆར་སླ་བའི་ཁྱད་ཆོས་དང་ལྡན་པའི་སྒོ་ནས་གཏོང་བ་སོགས་སྐུ་དྲིན་ཤིན་ཏུ་ཆེ། 
        སྤྱི་ལོ་༡༩༩༡ལོར་ཤིང་བཟའ་རིན་པོ་ཆེའི་ཡང་སྤྲུལ་འཚོལ་ཕྱིར་ལྷ་མོའི་བླ་མཚོར་གཟིགས་རྟོགས་སུ་ཕེབས་སྐབས་བཀྲ་ཤིས་ལྷུན་པོར་ལྷ་རམས་དགེ་བཤེས་བློ་བཟང་ཕུན་ཚོགས་ལགས་ལ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ཚུལ་དང་།  མདོ་སྡེ་བའི་ལུགས་ལ་རང་མཚན་སོགས་ཀྱི་སྟེང་ནས་རྟགས་གསལ་བཏང་བར་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། གཞན་ཡང་སེར་བྱེས་དགེ་བཤེས་ཟླ་བ་གྲགས་པ་ཚང་ལ་དབུ་མའི་སྙིང་རྗེ་དང་། རྣམ་འགྲེལ་ནས་གང་ཟག་རང་རྐྱ་བ། དྲང་ངེས་ནས་མཚན་བརྗོད་མེད། སེམས་ཙམ་པའི་ལུགས་ལ་མདོ་སྡེ་བའི་གཞི་གྲུབ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཁྱབ་མིན་སོགས་ལ་བགྲོ་གླེང་གནང་བ་ལ། དགེ་བཤེས་ནས་དུས་འདིར་བསྟན་པ་ཉམ་ཧ་ཅང་དམའ་བའི་སྐབས་འདིར་འདི་འདྲ་བཞུགས་པ་བསམ་བཞིན་དུ་བཞུགས་པ་དང་ཆེད་དུ་བསྐོས་པ་ཡིན་གསུངས་ཏེ་བསྔགས་བརྗོད་ཚད་མེད་གནང་།
        ཁོང་མཁན་པོ་ལོ་བརྒྱད་ལ་བཞུགས་པ་དང་། ཤིང་བཟའ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐོག་མའི་ཡོངས་འཛིན་གནང་བ་མ་ཟད། སྔ་ཕྱིར་གཙོ་རི་མཆོག་སྤྲུལ་འཇིགས་མེད་བསྟན་པའི་རྒྱལ་མཚན། སྐུ་ཕྱོགས་རྒྱལ་བ་མཁྱེན་རབ་རྒྱ་མཚོ། སྨན་ཤུལ་བློ་བཟང་དགེ་འདུན་རྒྱ་མཚོ། ཇེ་ཚང་བསྟན་པའི་རྒྱལ་མཚན། སྟོང་སྐོར་བློ་བཟང་གསུང་རབ་རྒྱ་མཚོ།  མ་ཁྱེ་འཇིགས་མེད་ཐུབ་བསྟན་རྒྱ་མཚོ་སོགས་གཙོ་བྱས་དགོན་འདིར་ཁོང་གིས་སློབ་མར་མ་གྱུར་བ་གཅིག་ཀྱང་མེད། མདོར་ན་བསྟན་པ་ཡང་དར་སྐབས་རྭ་རྒྱ་དགོན་པའི་འདོན་ཕྱག་ལེན་དང་། བསླབ་པ་སློབ་གཉེར། དབང་ལུང་མན་ངག སྒྲིག་ལམ་ཀུན་སྤྱོད་སོགས་ཕྱག་རྗེས་བསུབ་ཏུ་མེད་གནང་བ་མ་ཟད་གཙང་དགོན་དང་། ཤ་སྤྲང་དགོན། ཧྭ་སྐོར་དགོན་སོགས་བསྒྲུབ་བྱ་མང་བོར་རབ་བྱུང་དགེ་ཚུལ་དང་། བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་ཏེ་ཚུལ་ཁྲིམས་ཀྱི་ཕུང་བོ་རྣམ་པར་དག་པའི་དཔལ་ལ་བཀོད་པ་བགྲང་ལས་འདས། མཐར་དགུང་ལོ་གྱ་གསུམ་སྟེང་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ།།

 

                                                                                       རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།


གསལ་འདེབས།
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།
0