དགའ་བོ་མངལ་འཇུག་གི་མདོ་བཀླགས་པའི་ཟིན་ཐོ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-02-10 22:11:59     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

དགའ་བོ་མངལ་འཇུག་གི་མདོ་ནི་མདོ་གྲགས་པ་ཅན་ཞིག་ཡིན་པས་སྔོན་ནས་བཀླག་འདོད།དེ་རིང་བཀའ་བསྟན་དཔེ་བསྡུར་མ་ལས་བཀླགས་པ་ཡིན།

མདོ་འདི་མཚན་ཁ་ཚང་ལ། འཕགས་པ་དགའ་བོ་ལ་མངལ་ན་གནས་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།བརྗོད་བྱའི་སྡེ་ཚན།:དཀོན་བརྩེགས། དང་པོད་གྲངས།:༼ག༽ (༣༧)

ལྡེབས་གྲངས།:༼    ག   ༽བམ་པོ་གསུམ་ཡོད།37-1-399b2~37-1-448a4

དགའ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཅུང་བོ་ཡིན་ལ། འདིའི་དབུར་གླེང་གཞི་ལྟ་བུར།དགའ་བོ་རབ་ཏུ་བྱུང་ནའང་ཆུང་མ་སུན་ད་རི་ཀ་ཆགས་ནས་འབྲོ་བ་རྩོམ་པ།བཅོམ་ལྡན་འདས་དེ་བཟློག་པའི་སྤྲེ་ཞར་མ་བསྟན་ནས་ལྷ་ཡུལ་དུ་ཁྲིད་ནས་བུ་མོ་རྣམས་མཐོང་སྟེ།དེར་སྐྱེ་བའི་ཕྱིར་བརྩོན་པ་བསྟེན་ཅིང་ཆུང་མ་བརྗེད་པ།དེ་ནས་བཅོམ་ལྡན་འདས་ཀྱི་གསུང་བཞིན་དགེ་སློང་རྣམས་ཀྱིས་དགའ་བོ་ལ་ཁ་ཡ་མ་བྱས་པ།དེ་ནས་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་དམྱལ་བ་བསྟན་པ་སོགས་གསུངས་ནས།དགའ་བོ་མངལ་དུ་གནས་པའི་མདོ་གསུངས།

   མངལ་དུ་འཇུག་པ་ལ་བར་དོའི་སྐོར་གསུངས་ཏེ།དེ་དག་ལམ་རིམ་དུ་གསུངས།མའི་ཟླ་མཚན་གྱི་སྐོར་དང་མངལ་དུ་འཇུག་མིན།ཇི་ལྟར་འཇུག་ཚུལ།མངལ་གྱི་གནས་སྐབས་ངག་དཔེ་དང་སྦྱར་ནས་རྒྱ་ཆེན་པོ་གསུངས་ཡོད།

དེ་ནས་རླུང་བརྒྱད་ཁྲི་བཞི་སྟོང་ཇི་ལྟར་འབྱུང་བ་དེས་ལུས་འགྲུབ་པའི་ཚུལ།མངལ་གྱི་འདུག་སྟངས་དང་འདུ་ཤེས་འབྱུང་ཚུལ།སྐྱེ་ཚུལ།ལུས་ཀྱི་སྲིན་བུ་བརྒྱད་སྟོང་གི་གནས་ཚུལ།

ནར་སོན་ཚུལ།ནད་འབྱུང་ཚུལ།སྐྱེ་བའི་སྡུག་བསྔལ།མི་གཙང་བའི་རྫས་སོ་གཉིས་སོགས་གསུངས་ཡོད་པས་ངེས་པར་བཀླག་དགོས་པ་ཞིག་ཡིན།དགྲ་བཅོམ་པ་ཐོབ་ཚུལ་སོགས་གསུངས།

མཇུག་ཏུ་ཁྱེད་སྟོང་ཕྲག་བརྒྱ་པ་ལས། མངལ་ན་གནས་པ་བསྟན་པའི་འདུས་པ་སྟེ། འདུས་པ་བཅུ་བཞི་པ་རྫོགས་སོ།། ཞེས་བཀོད་ཡོད།

འཕགས་པ་ཚེ་དང་ལྡན་པ་དགའ་བོ་ལ་མངལ་དུ་འཇུག་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་སྟེ། མཇུག་བྱང་ལས།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་བ་ལས། ཚེ་དང་ལྡན་པ་དགའ་བོ་ལ་མངལ་དུ་འཇུག་པ་བསྟན་པའི་ལེའུ་སྟེ། ལེའུ་བཅུ་གསུམ་པ་རྫོགས་སོ།། །།ལོ་ཙྪ་བ་འགོས་ཆོས་གྲུབ་ཀྱིས་རྒྱ་ནག་གི་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཞེས་པ་བམ་པོ་གཅིག་ལས་མེད་པ་ཞིག་ཀྱང་ཡོད་དེ།དེ་གཉིས་རྒྱས་བསྡུས་མ་གཏོགས་གཞུང་གཅིག་ཡིན་པར་མངོན།

ཤིང་འབྲུག་ལོའི་ཚེས་གཅིག་ལ་བཀླགས་ཏེ། ཐོ་ཙམ་བཀོད།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།