རྭ་རྒྱ་དགོན་པའི་ཤྭ་འཆམ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-10 08:04:13     རྩོམ་པ་པོ།   གྱི་ལིང་འཇིགས་མེད།    ཀློག་ཐེངས།  


ཤྭ་འཆམ་ཞེས་པ་ནི་རྣལ་འབྱོར་དབང་ཕྱུག་ཆེན་མོ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ལ་ཁྱི་ར་བ་མགོན་པོ་རྡོ་རྗེ་དང་མཇལ་བའི་སྐོར་དེ་ཉིད་གཞིར་བཟུང་ནས་འཁྲབ་སྟོན་གནང་བའི་རྣམ་ཐར་ཞིག་རེད། 

དེ་ཡང་རྗེ་བཙུན་ཁོང་བལ་བོད་གཉིས་ཀྱི་ས་མཚམས་བྲག་ནེའུ་ཤིང་མགུར་རྟ་ཞེས་པའི་སར་བཞུགས་སྐབས་ཉིན་ཞིག་འཇིགས་སྐྲག་གིས་མནར་བའི་ཤྭ་བ་ཞིག་ཁོང་གི་འཁྲིས་སུ་བྲོས་ཡོང་བ་ལ་མགུར་བཞེངས་ཏེ་དེའི་རྒྱུད་ཀྱི་འཇིགས་སྐྲག་ཞི་རུ་བཅུག དེ་ནས་ཅུང་ཙམ་བསྒུགས་པས་རྔོན་ཁྱི་འཇིགས་སུ་རུང་བ་ཞིག་སླེབས་པ་ལ་ཡང་ཞེ་སྡང་ཞི་བའི་མགུར་བཞེངས་པས་ཁྱི་དེའང་ཞེ་སྡང་ཞི་ནས་ཤྭ་བ་དང་མཉམ་དུ་མ་བུའི་ཚུལ་གྱིས་ཁོང་གི་འཁྲིས་སུ་ལྷོད་ལྷོད་ངང་བསྡད། དེ་ནས་མང་བོ་མ་འགོར་བར་གདོང་བ་སྲིན་པོ་ལྟ་བུའི་རྔོན་པ་ཁེངས་ཉམས་ཅན་ཞིག་དགེ་སློག་གི་ཐུ་བ་གཡས་བརྫེ་གཡོན་བརྫེ་བྱས་ཤིང་། རྔུལ་ཆུ་ཁྲོམ་མེར་ཡོང་བ་ན་ཤྭ་དང་ཁྱི་གཉིས་རྗེ་བཙུན་གྱི་འཁྲིས་སུ་ཡོད་པ་མཐོང་བས་ཞེ་སྡང་དྲག་པོ་སྐྱེས་ཏེ་རྗེ་བཙུན་ལ་མང་དུ་གཤེ། རྗེ་བཙུན་གྱིས་དེ་ལའང་གནས་ལུགས་མང་དུ་གསུངས་པས་མཐར་ཁོ་རང་ཡིད་འགྱུར་ཏེ་ལུས་ངག་ཡིད་གསུམ་དང་བཅས་པ་རྗེ་བཙུན་ལ་ཕུལ་ཅིང་། ཁོང་གི་ཕྱི་བཞིན་རི་ཁྲོད་འགྲིམས་པས་ཁྱི་ར་བ་མགོན་པོ་རྡོ་རྗེ་ཞེས་ཉམས་རྟོགས་ཀྱི་ཀློང་བརྡོལ་བའི་རྣལ་འབྱོར་བ་ཆེན་པོ་ཞིག་ཏུ་གྱུར་པ་རེད། 

རྗེས་སུ་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་རིས་མེད་སྤྱི་དང་། ཁྱད་པར་དུ་དགེ་ལུགས་ཕྱོགས་ཀྱི་དགོན་སྡེ་མང་བོས་གོང་གི་རྣམ་ཐར་དེ་ཉིད་བརྗོད་བྱར་བྱས་ཏེ་འཁྲབ་སྟོན་གནང་བས་ཤྭ་འཆམ་མམ་ཁྱི་ར་སྐོར་གསུམ་གྱི་རྣམ་ཐར་ཞེས་དད་ལྡན་སེར་སྐྱ་ཚང་མ་ལྟ་འདུན་ཧ་ཅང་ཆེ་བའི་རྣམ་ཐར་ཟློས་གར་ཞིག་ཏུ་གྱུར་ཡོད། 

དེ་རིང་མདོ་སྨད་རྭ་རྒྱ་དགོན་པའི་དབུ་མ་གསར་བའི་འཛིན་གྲྭས་དད་ལྡན་མཇལ་བ་ཁྲི་ཕྲག་ལས་བརྒལ་བ་ལ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ལས་ཁྱི་ར་སྐོར་གསུམ་གྱི་ཚན་པ་འཁྲབ་སྟོན་གནང་། ངག་རྒྱུན་དུ་ཤིང་བཟའ་པཎྜི་ཏ་དབུས་ནས་ཕེབས་སྐབས་སེ་ར་དགོན་པའི་ཤྭ་འཆམ་གཞིར་བཟུང་ནས་འཁྲབ་གཞུང་མཛད་པ་རེད་ཟེར་ལ། རྭ་རྒྱ་རང་གི་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཤྭ་འཆམ་ཐུན་མོང་མ་ཡིན་པ་ཞིག་ཏུ་གྱུར་ཡོད། 

དེ་ཡང་དགོན་སྡེ་ཕལ་མོ་ཆེའི་ཤྭ་འཆམ་ལ་རང་རང་གི་ཁྱད་ཚོས་ཐུན་མོང་མ་ཡིན་པ་རེ་ཡོད་པ་བཞིན་རྭ་རྒྱ་དགོན་པའི་ཤྭ་འཚམ་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་བོ་ཞིག་ཡོད། དེ་ལ་དུས་ཚོད་ཀྱི་སྟེང་ནས་ལོ་གསུམ་རེའི་ནང་དུ་ལན་རེར་འཁྲབ་པ་ཡིན་ལ། བརྗོད་བྱའང་སྤྱིའི་ཆ་ནས་རྗེ་བཙུན་གྱི་རྣམ་ཐར་གཞིར་བཞག་ཡིན་པས་ཁྱད་པར་མེད་མོད། རྭ་རྒྱའི་ཤྭ་འཆམ་གྱི་འཁྲབ་གཞུང་ལས་དང་བོ་སྒོ་འབུད་ཀྱི་སྐོར་རྣམས་རྭ་རྒྱ་དགོན་པ་རང་གི་གནས་ཀྱི་བཀོད་པའི་སྐོར་དང་། དེའི་རྗེས་ཀྱི་ཚན་པ་ཞིག་ནི་སྐབས་རེ་རེ་བཞིན་འགྱུར་བ་གཏང་ཆོག་པ་ཞིག་ཡིན་པས་ཉེ་ལམ་བྱུང་བའི་སྤྱི་ཚོགས་སྟེང་གི་གནས་ཚུལ་ཁྱད་པར་བ་དང་གནད་དོན་གལ་ཆེའི་རིགས་གང་ཡོད་མཐའ་དག་ཤགས་རྒྱག་ཟུར་ཟའི་ལམ་ནས་ཐེར་འདོན་བྱེད་ལ། དད་ལྡན་མི་སེར་རྣམས་ཀྱང་ཤགས་དེ་ལ་ཉན་པར་ཧ་ཅང་དགའ། དེ་ལ་སློབ་གསོའི་ནུས་པའང་ཧ་ཅང་ཆེན་པོ་ཞིག་ཡོད། ཆས་སུ་ཞུགས་པའི་འཁྲབ་སྟོན་པའི་ཆ་ནས་ཀྱང་གར་སྟེགས་ཀྱི་དགོས་མཁོ་ལྟར་ཁྱི་ར་བ་གཉིས་ཀྱིས་གཏམ་དང་གཏམ་ལན་བྱེད་ཅིང་། སྤྱིར་མགོན་པོ་རྡོ་རྗེའི་འགྲོ་སྟངས་ལ་སྤང་གཞོང་དུ་འགྲོ་བ་དང་ནགས་ཚལ་དུ་འགྲོ་བ། སྒང་དུ་འགྲོ་བ་དང་ན་འབུར་དུ་འགྲོ་བ་སོགས་ཀྱི་རྣམ་པ་མི་འདྲ་བ་སྣ་ཚོགས་ཡོད་པ་ལས་རྭ་རྒྱའི་མགོན་པོ་རྡོ་རྗེའི་འགྲོ་སྟངས་འདི་ལ་རྒོད་པོ་གཟན་འགྲོ་ཟེར་ཞིང་གཞན་དང་མི་འདྲ་བའི་འགྲོ་སྟངས་ཁྱད་པར་བ་ཞིག་ཡིན། རྗེ་བཙུན་མི་ལ་རས་པའང་འཁྲབ་སྟོན་པ་གཉིས་ཀྱིས་མཉམ་དུ་མགུར་བཞེངས་པ་ལས་གཞན་ཤྭ་དང་ཁྱི་གཉིས་ལ་འཁྲབ་སྟོན་པ་གཅིག་རེ་ལས་མེད། དེ་བཞིན་འཁྲབ་སྟངས་ལའང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་དུ་ཡོད་དེ། ཤྭ་བ་དེ་ཉིད་ཧ་ཅང་འཇིགས་དངངས་ཀྱིས་འདར་སིག་སིག་དང་འབྲོས་སྟབས་ཀྱིས་ཡོང་བ་ལས་རྩལ་དགུ་སྤྲུགས་པའི་ཤོམ་ར་དེ་ཙམ་མེད་ལ། ཁྱི་དེ་ཉིད་ང་ཚོའི་འཚོ་བའི་ཁྲོད་ཀྱི་རྔོན་ཁྱི་ཇི་བཞིན་ས་སྣོམ་རྡོ་སྣོམ་ངང་ཁྲོ་ཟུག་དང་བཅས་རྒྱུགས་འདུར་བྱེད་པ་ལས་མཆོང་སྟབས་སྣ་ཚོགས་ཀྱི་མཛེས་ཉམས་མི་སྟོན་པ་སོགས་ལྟད་མོ་ངོ་མཚར་བ་མང་བོ་ཡོད་ལ། ཁྱི་ར་བའི་ཤགས་རྣམས་རྭ་རྒྱའི་ཐུན་མོང་མ་ཡིན་པའི་བརྗོད་བྱ་འབའ་ཞིག་ཡིན་པ་ལས་གཞན་རྗེ་བཙུན་གྱི་མགུར་དང་། མགོན་པོ་རྡོ་རྗེའི་མི་རྟག་པའི་སྐོར་སོགས་ཤྭ་འཆམ་གཞན་དག་དང་ཁྱད་པར་ཆེན་པོ་མེད། 

མཇུག་ཏུ་འབུལ་འཆམ་ཞེས་ཁྱི་ར་བས་རྗེ་བཙུན་ལ་འགྱོད་བཤགས་ཞུས་ཤིང་ལུས་ངག་ཡིད་གསུམ་དང་བཅས་པ་ཕུལ་རྗེས་རྗེ་བཙུན་གྱིས་དབུ་བསྐུལ་ཏེ་མ་ཎི་བསྐུལ་བའི་མགུར་དབྱངས་གསུངས་ཤིང་། ལོ་དེའི་རྣམ་ཐར་འཁྲབ་མཁན་རྣམས་ཀྱིས་གཙོས་དབུ་མ་འཛིན་གྲྭ་ཡོངས་༼སྐྱ་སར་བབ་པ་དག་ཀྱང་འདིར་ཞུགས་སྲོལ་ཡོད།༽ཀྱིས་རྗེ་བཙུན་གྱི་ཕྱི་བཞིམ་འབྲངས་ཏེ་མ་ཎི་དབྱངས་སུ་འཐེན། སྐབས་དེར་མཇལ་བ་རྣམས་ཀྱང་འཁྲབ་རའི་མཐའ་རུ་སྐོར་བ་ལ་འགྲོ་ཞིང་མ་ཎི་དབྱངས་སུ་འཐེན་པ་སོགས། དད་ལྡན་ཆོས་ལ་སྐུལ་བའི་དགེ་མཚན་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།