རྒྱ་གར་མར་གྲགས་པའི་འགྲེལ་པ་ཉེར་གཅིག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2022-11-08 16:57:30     རྩོམ་པ་པོ།   སྒོམ་སྡེ།    ཀློག་ཐེངས།  

རྒྱ་འགྲེལ་ཉེར་གཅིག་ཀྱང་ཟེར། བསྟན་བཅོས་མངོན་རྟོགས་རྒྱན་ལ་རྒྱ་གར་ན་འགྲེལ་པ་མང་དུ་ཡོད་ཀྱང་། གྲགས་ཆེ་བ་ཉེར་གཅིག་ཡོད་དེ། མདོ་རྒྱན་སྦྱར་བའི་འགྲེལ་པ་བཅུ་གཉིས་དང་། མ་སྦྱར་བའི་འགྲེལ་པ་དགུའོ། །

མདོ་རྒྱན་སྦྱར་བའི་འགྲེལ་པ་བཅུ་གཉིས་ནི། ཉི་ཁྲི་དང་སྦྱར་བ་བཞི། བརྒྱད་སྟོང་པ་དང་སྦྱར་བ་གསུམ། མདོ་སྡུད་པ་དང་སྦྱར་བ་གསུམ། འབུམ་རྐྱང་པ་དང་སྦྱར་བ་གཅིག ཡུམ་གསུམ་ག་དང་སྦྱར་བ་གཅིག་སྟེ་བཅུ་གཉིས་སོ། །

དང་པོ་ཉི་ཁྲི་དང་སྦྱར་བ་བཞི་ནི། འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ། བཙུན་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་རྣམ་འགྲེལ། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་ཉི་ཁྲི་ལེའུ་བརྒྱད་མ། ཤཱནྟི་པས་མཛད་པའི་ཉི་ཁྲི་དག་ལྡན་ཏེ་བཞིའོ། །

གཉིས་པ་བརྒྱད་སྟོང་པ་དང་སྦྱར་བ་གསུམ་ནི། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་བརྒྱད་སྟོང་འགྲེལ་ཆེན། ཤཱནྟི་པས་མཛད་པའི་སྙིང་པོ་མཆོག ཨ་བྷྱ་ཀ་རས་མཛད་པའི་གནད་ཀྱི་ཟླ་འོད་དང་གསུམ་མོ། །

གསུམ་པ་མདོ་སྡུད་པ་དང་སྦྱར་བ་གསུམ་ནི། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་སྡུད་པའི་དཀའ་འགྲེལ་རྟོགས་སླ། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་སྡུད་པའི་དཀའ་འགྲེལ། ཁ་ཆེ་དྷརྨ་ཤྲཱིས་མཛད་པར་གྲགས་པའི་ཤེར་ཕྱིན་མཛོད་ཀྱི་ལྡེ་མིག་སྟེ་གསུམ་མོ། །

བཞི་པ་འབུམ་རྐྱང་པ་དང་སྦྱར་བ་གཅིག་ནི། ཁ་ཆེ་དྷརྨ་ཤྲཱིས་མཛད་པར་གྲགས་པའི་སྟོང་ཕྲག་བརྒྱ་པའི་བཤད་པ་དེའོ། །

ལྔ་པ་ཡུམ་གསུམ་ག་དང་སྦྱར་བ་གཅིག་ནི། ཇོ་བོ་སྨྲ་ཏིས་མཛད་པར་གྲགས་པའི་ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པར་དེ་དེ་ཡིན་ནོ། ། (ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་འདི། སྡེ་དགེ་བསྟན་འགྱུར་ཤེར་ཕྱིན་གླེགས་བམ་༼ ཁ་པའི ༽ཤོག་གྲངས་༡༨༢དབུ་ན་བཞུགས་ཤིང་། འདི་ལ་བསྟན་བཅོས་ཀྱི་འགོར་རྒྱ་སྐད་དང་བོད་སྐད་ཀྱི་མཚན་བྱང་མི་སྣང་ངོ་། །)

 མདོ་རྒྱན་མ་སྦྱར་བའི་འགྲེལ་པ་དགུ་ནི། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ། ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་འགྲེལ་བཤད་ཚིག་གསལ། གསེར་གླིང་པས་མཛད་པའི་འགྲེལ་བཤད་རྟོགས་དཀའི་སྣང་བ། ཤེར་འབྱུང་བློ་གྲོས་ཀྱིས་མཛད་པའི་བསྡུས་དོན། ཁ་ཆེ་གཞོན་ནུ་དཔལ་གྱིས་མཛད་པའི་བསྡུས་དོན། ཇོ་བོས་མཛད་པར་གྲགས་པའི་བསྡུས་དོན། རིན་ཆེན་གྲགས་པས་མཛད་པའི་འགྲེལ་པ་གྲགས་ཆེ། བུདྡྷཱ་ཤྲཱིས་མཛད་པའི་ཤེས་རབ་སྒྲོན་མེའི་ཕྲེང་བ། ཨ་བྷྱ་ཀ་རས་མཛད་པའི་ཐུབ་པ་དགོངས་རྒྱན་ཏེ་དགུའོ། །

དེ་དག་ལ་རྒྱ་གར་མར་གྲགས་པ་ཞེས་བརྗོད་པའི་རྒྱུ་མཚན་ནི། མདོ་རྒྱན་སྦྱར་བའི་འགྲེལ་པ་བཅུ་གཉིས་ཀྱི་ནས་ཤེར་ཕྱིན་མཛོད་ཀྱི་ལྡེ་མིག་དང་། ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་དང་གཉིས། མདོ་རྒྱན་མ་སྦྱར་བའི་འགྲེལ་པ་དགུ་ལས་ཇོ་བོས་མཛད་པར་གྲགས་པའི་བསྡུས་དོན་དང་། རིན་ཆེན་གྲགས་པས་འགྲེལ་པ་གྲགས་ཆེ་རྣམས་རྩོམ་པ་པོ་རྒྱ་གར་མཁས་པ་ཡིན་མིན་དོགས་གཞི་ཅན་ཡིན་པས། རྒྱ་གར་མར་གྲགས་པ་ཞེས་བརྗོད་པ་ཡིན་ནོ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།