དབྱངས་ཅན་མའི་སྐོར་ཅུང་ཟད་བརྗོད་པ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-03-24 13:10:07     རྩོམ་པ་པོ།   ངེད་དགེ་ལུགས་དྲ་བ།    ཀློག་ཐེངས།  

འདི་སྒྲིག་བཞིན་པ་ཡིན་པས་གཞན་དུ་མི་འགོད་པར་འཚལ།


མཚན་གྱི་སྐོར།

མིང་གི་རྣམ་གྲངས་ལ་རྒྱ་མཚོའི་ལྷ་མོ་དང༌། སྒྲ་དབྱངས་ལྷ་མོ། ངག་དབང་ལྷ་མོ། རྡོ་རྗེ་དབྱངས་ཀྱི་དབང་ཕྱུག་མ། བློ་ཡི་གཏེར། དབྱངས་ལྡན་མ། སྨྲ་ལྷ་མོ། ཚངས་པའི་སྲས་མོ། མཚོ་ལྡན་མ། མཚོ་བྱུང་མ། ཟླ་བའི་སྲིང་མོ། ཤེར་ལྷ་མོ། ཤེས་རབ་ལྷ་མོ་བཅས་སོ། །

བོད་མཁས་པས།  སྭ་ར་སྭ་ཏཱི་མཚོ་ལྡན་ནམ། ཚིག་གམ། སྐད་དམ། དབྱངས་ཅན་ཞེས་པར་འགྱུར་ཏེ། དེ་ལྟར་ཡང་གཞུང་འདིར། སྙོམ་ལས་མེད་པར་རིམ་པས་དབྱངས་ཅན་བསྟེན། །ཞེས་པ་ལྟ་བུ། དེ་ལ་མོ་རྟགས་ཀྱི་རྐྱེན་བྱིན་པས་དབྱངས་ཅན་མ་སྟེ། སྙན་ངག་དང་དབྱངས་ཅན་མ་གཅིག་པར་བྱས་སོ། །དེའི་ཕྱིར་ཚངས་པའི་བུ་མོ་སྟེ། བྲམ་ཟེ་ཕུར་བུས་མཛད་པའི་བསྟོད་པ་གྲུབ་པ་ངག་གི་འོད་ཟེར་ལས། ཐུགས་རྗེ་མཐའ་ཡས་ཕ་རོལ་སྐྱེ་བོ་རྗེས་སུ་གཟུང་བའི་ཕྱིར། །ཚངས་པའི་བུ་མོ་ཁྱོད་སྐུ་རྣམ་པར་གསལ་བའི་རྣམ་འགྱུར་ཅན། །ཞེས་འབྱུང་ངོ་།།

རིགས།

ཁྲོ་ཕུ་ལུགས་ཀྱི་དབྱངས་ཅན་མ་ཕྱག་བཞི་མ།བཀའ་གདམས་པའི་ལུགས་ཀྱི་དབྱངས་ཅན་མ་དམར་མོ།གཤིན་རྗེ་གཤེད་དགྲ་ནག་ནས་བཤད་པའི་དབྱངས་ཅན་མ་དམར་མོ་ཞལ་གསུམ་ཕྱག་དྲུག་མ། དབྱངས་ཅན་མ་དཀར་མོ་ལྷ་ལྔ།རྡོ་རྗེ་དབྱངས་ཅན་མ་དཀར་མོ་ཞལ་གཅིག་ཕྱག་གཉིས།པི་ཝང་དབྱངས་ཅན་མ་དཀར་མོཞལ་གཅིག་ཕྱག་གཉིས། པི་ཝང་དབྱངས་ཅན་མ་དཀར་མོ་ཕྱག་གཉིས་མ་སོགས་མི་འདྲ་བ་དུ་མ་ཡོད། 

ལོ་རྒྱུས།

བོད་མཁས་པས།  སྔོན་ཚངས་པའི་འཇིག་རྟེན་ནས་ཆུ་ཀླུང་གི་གཟུགས་ཀྱིས་འཇིག་རྟེན་འདིར་བབས་པ། འཛམ་གླིང་ལྷོ་ཕྱོགས་སུ་འཁྱིལ་བ་ཚངས་པའི་མཚོ་ཞེས་བྱ་བའི་ཆུ་ལས་རིག་བྱེད་ཀྱི་ཡི་གེའི་སྒྲ་རྣམས་གདངས་ཀྱི་ཚུལ་གྱིས་འབྱུང་བ་ཡོད་པ་ལ། ཕྱི་རོལ་རིག་བྱེད་པ་རྣམས། རིག་བྱེད་ནི་སྐྱེས་བུས་མ་བྱས་པའི་བདེན་པ་དོན་ཅན་ཡིན་ནོ་ཞེས་འདོད་ཅིང་། དེ་ལྟ་བུའི་མཚོ་དེ་ལ་སྭ་ར་སྭ་ཏཱི་ཞེས་འཇིག་རྟེན་ན་གྲགས་ཏེ། དཀོན་མཆོག་ཏཱ་ལ་ལའི་མདོར། རྒྱ་མཚོའི་ལྷ་མོ་སྒྲ་ལྡན་མ་ཞེས་བྱ། །སེམས་ཅན་བདེ་འཚོ་ཇི་སྙེད་སྐྱེས་རྣམས་ཀྱི། །སྒྲ་ཡི་ཡན་ལག་དབྱངས་ཀྱི་ཚུལ་མཁས་བྱེད། །རང་གི་གསུང་གིས་ངག་ཀུན་གསལ་བར་བྱེད། །ཆགས་ལྡན་གཏི་མུག་ཅན་རྣམས་དབྱངས་ཅན་གྱི། །ངག་རྣམས་ཀྱིས་ནི་སྒྲ་ཡི་ཚུལ་མཁས་ན། །གཟུངས་དང་ཆོས་ཀྱི་སྟོབས་ལ་དབང་ཐོབ་རྣམས། །ལྷར་བཅས་འཇིག་རྟེན་ཅིའི་ཕྱིར་མགུ་མི་བྱེད། །ཅེས་དང་། འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོར། སྭ་ར་སྭ་ཏཱི་སྐད་དམ་དབྱངས་སམ་དབྱངས་ཅན་ནམ་མཚོ་ལྡན་ཏེ། མཚོ་ལ་བརྟེན་པ་ཉིད་ཀྱིས་ཡོད་པའི་ཕྱིར་ལྡན་པའི་རྐྱེན་གྱི་མཐའ་ཅན་ནོ། །ཞེས་གསུངས།

འདི་སྔོན་ཚངས་པའི་འཇིག་རྟེན་ནས་ཚངས་པའི་མཚོ་ལ་བརྟེན་ནས་ཆུ་ཀླུང་གི་གཟུགས་ཀྱིས་འཇིག་རྟེན་འདིར་བབས་སོ་ཞེས་གྲག་གོ་ཞེས་འབྱུང་བ་ཡིན་ལ། ངང་པའི་བུ་མོ་ཞེས་པ་ཡང་འགྲེལ་པ་དེ་ཉིད་ལས། གནྡྷརྦ་དྲི་ཟ་དང་གནྡྷཱརྦ་ལྷའི་གླུ་མཁན་དུ་འགྱུར་ཞེས་ར་བྷ་ས་ཡི་དང་པོ་རིང་བ་ཡང་བཤད་དོ། །སོགས་ཀྱི་སྒྲས་སྣ་ཚོགས་དབྱིག་དང་། བ་ལང་འཚེ་དང་། དགའ་བྱེད་དང་། སྣ་ཚོགས་ཤིང་རྟ་དང་། སྣོད་ཅན་དང་། མེ་སྦྱིན་དང་། ངང་པ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ་ཞེས་ངང་པ་དྲི་ཟའི་མིང་གི་རྣམ་གྲངས་སུ་བཤད་ཅིང་། 

དཔལ་མོ་འདི་ཉིད་གཞན་དུ་དྲི་ཟའི་བུ་མོར་ཡང་གྲགས་ལ། དྲི་ཟ་ཏམྦུ་རའི་ཆུང་མའི་ཚུལ་འཛིན་པས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་གནས་པ་ལ་ཕྱི་ནང་གཉིས་ཀས་འདོད་ལྷ་བྱེད་ཅེས་ཀྱང་ཐོས་ཏེ། བྲམ་ཟེ་ཕུར་བུས་ཀྱང་། བིཥྞཀྵྭའི་གཟུགས་བརྙན་ཏམྦུ་ར་ལ་དགའ་སྐྱེད་ཚུལ་འཛིན་མ། །རྗེས་སུ་ཆགས་བཅས་རོལ་པའི་ལོ་ནི་བརྒྱད་གཉིས་ལོན་པའི་ཉམས། །ཆུ་གཏེར་འགྲམ་ངོས་དབུ་བའི་ཕྲེང་བས་རྩེ་བར་དགའ་བ་ཅན། །དྲི་ཟའི་རྒྱལ་པོས་མངོན་བསྟོད་ཉིད་ཀྱི་རྣམ་ཐར་ཕུལ་བྱུང་རྣམས། །ཞེས་འབྱུང་བས། 

ངང་པ་སྟེ་དྲི་ཟའི་བུ་མོ་དབྱངས་ཅན་མ་དང་འདབ་ཆགས་ངང་པའི་བུ་མོ་དངོས་གཉིས་སྒྲ་སྦྱར། ཀུན་ནས་སམ་ཐམས་ཅད་དཀར་བ་ནི། ལུང་ལས། ལྷ་མོ་དབྱངས་ཅན་དཀར་བ་པདྨ་དཀར་པོ་ཡི། །དབུས་སུ་བཞུགས་པ་སྨྲ་མཁས་འདོད་པ་རྣམས་ཀྱིས་བསྒོམ་པར་བྱ། །ཞེས་པ་བཞིན་ནམ། ཡང་ན་དབྱངས་ཅན་མ་མི་ཤེས་པའི་དྲི་མ་དང་བྲལ་ཞིང་ཡོན་ཏན་ཐམས་ཅད་ཀྱིས་དཀར་བ་དང་། ངང་མོ་ཁ་དོག་གིས་དཀར་བ་མགྲིན་པའི་དབྱངས་སྙན་དང་ལྡན་པ་སྦྱོར་བ་གྲུབ། ཅི་ཞིག་ཏུ་རོལ་པ་ཞེ་ན། མཱན་སེ་ཞེས་པ་ཡིད་དང་མཚོ་གཉིས་ཀ་ལ་འཇུག་སྟེ། ལྷ་མོ་ཡིད་དང་། ངང་མོ་མཚོ་ལའོ་ཞེས་སྒྲ་སྦྱར། སུ་ཞིག་གི་ཡིད་ལ་ཞེ་ན་ཁོ་བོ་ཡི་སྟེ་དབྱུག་པ་ཅན་བདག་གི་ཡིད་ལའོ། །ཅི་ལྟ་ཞེ་ན། སྐད་ཅིག་ཙམ་མ་ཡིན་པར་རིང་དུ་སྟེ་འདོད་པའི་དངོས་པོ་མ་གྲུབ་ཀྱི་བར་དུའོ། །དེ་ཡིད་ལ་རོལ་པས་ཅི་བྱ་ཞེ་ན། དེའི་མཐུས་ཤེས་རབ་ཕུན་སུམ་ཚོགས་པར་འགྱུར་བས་བསྟན་བཅོས་རྩོམ་པའི་སྤོབས་པ་དོན་དུ་གཉེར་བ་ཡིན་ཀྱང་དངོས་སུ་འདོད་དོན་དེ་མ་བརྗོད་པ་ནི། ཇི་སྐད་དུ། སྙན་ངག་མཁན་ཆེན་རྣམས་ཀྱིས་ངག་རྣམས་ལས། །སླར་ཡང་དངོས་པོ་གཞན་ཉིད་རྟོགས་པ་ཡོད། །གང་དེ་གྲགས་པའི་ཆ་ཤས་བྲལ་བར་སྣང་། །ཞེས་དང་། བརྗོད་རིམ་སྟོབས་ལས་དངོས་པོ་ནི། །ཟབ་མོ་དག་ཀྱང་གསལ་བ་སྟེ། །ཞེས་འདི་ཉིད་དུ་འབྱུང་བ་ལྟར་རོ། །

ཡང་ཐུན་མོང་མ་ཡིན་པ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྲས་མོར་ནང་པ་རྣམས་འདོད་དེ། བྲམ་ཟེ་ཕུར་བུས། སྤྱན་རས་གཟིགས་དབང་ཞལ་གྱི་མཆེ་བའི་རྩེ་ལས་མངོན་སྤྲུལ་ཞིང་། །ཞེས་གསུངས། ཚུལ་ཇི་ལྟར་ཞེ་ན། མདོ་ཟ་མ་ཏོག་བཀོད་པ་ལས། བསྐལ་པ་བཟང་པོ་འདིའི་སྔོན་འདས་པའི་དུས་ཀྱི་བསྐལ་པ་དགུ་བཅུ་རྩ་གཅིག་ན། སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་དུ་བྱོན་པའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། མ་འོངས་པ་ན་སྙིགས་མ་ལྔ་དང་ལྡན་པའི་སེམས་ཅན་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆ་ལུགས་ཀྱིས་མི་འདུལ་བར། ཕྱི་རོལ་པའི་ལྷའི་གཟུགས་དང་རྟགས་དང་མཚན་མས་འདུལ་བར་གཟིགས་ནས། ལྷ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་དབང་ཕྱུག་དཔྲལ་བ་ནས་ཕྱུང་། ཚངས་པ་ཕྲག་པ་གཡས་ནས། ཁྱབ་འཇུག་ཕྲག་པ་གཡོན་ནས། ཉི་མ་སྤྱན་གཡས་ནས། ཟླ་བ་གཡོན་ནས། ཆུ་ལྷ་ལྟོ་བ་ནས། དབྱངས་ཅན་མ་ཞལ་གྱི་མཆེ་བའི་རྩེ་ལས་ཕྱུང་ངོ་ཞེས་འབྱུང་བའི་ཕྱིར་རོ། །

དེས་ན་འདི་ལ་ཞལ་བཞི་མེད་པས་གདོང་བཞི་གདོང་གི་ཞེས་ཇི་ལྟར་འབྲེལ་སྙམ་ན། རྒྱ་དཔེར། ཙ་ཏུརྨུཁ་ཞེས་འབྱུང་བ་ཞལ་བཞིའམ་གདོང་བཞིའམ། ཁ་བཞི། སྒོ་བཞི་ཞེས་པ་ཅི་རིགས་སུ་འགྱུར་བ་ལས། འདིར་སློབ་དཔོན་ངག་གི་དབང་ཕྱུག་གིས། སྒོ་བཞི་ཅན་ཞལ་པདྨ་ཡི། །ཚལ་གྱི་ངང་པའི་བུ་མོའི་གསུང་། །ཐམས་ཅད་དཀར་བ་ཞེས་བསྒྱུར་ཏེ། །འདི་ལ་ཚད་མེད་པ་བཞིའི་སྒོ་དང་ལྡན་པས་གཏན་ཚིགས་དང་འབྲེལ་ལ། དེ་ལས་བཏང་སྙོམས་ཚད་མེད་པའི་ཆ་ནི་ཤེས་རབ་སྟེ་དོན་གྱི་ལྷ་མོ་འདི་ཉིད་ཡིན་ཅིང་། རྒྱུད་སྡེ་རིན་པོ་ཆེ་རྣམས་ལས། འཇམ་དཔལ་གྱི་ཡུམ་དུའང་གསུངས་ལ། ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡིན་ཀྱང་། ཕྱི་ནང་གཉིས་ཀས་ཡི་དམ་གྱི་ལྷར་འཛིན་པས། ཐུགས་རྗེ་རིས་མེད་དུ་འཇུག་ཅིང་། བྱིན་རླབས་ཤིན་ཏུ་ཆེ་བས་ཁྱད་པར་དུ་འཕགས་ལ། ཚིག་དོན་ལྷག་མ་སྔར་བཞིན་ནོ། །


དབྱངས་ཅན་མའི་ཆོས་སྐོར།


རྡོ་རྗེ་དབྱངས་ཅན་མའི་བསྟོད་པ་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། པནྜི་ཏ་སུ་མ་ཏི་ཀཱིརྟི་དང་། མར་དོ་ཆོས་ཀྱི་དབང་ཕྱུག་གི་འགྱུར

རྡོ་རྗེ་བདེ་རྒྱས་དབྱངས་ཅན་མའི་སྒྲུབ་ཐབས་དང་།

དབྱངས་ཅན་མའི་སྒྲུབ་ཐབས། ཨ་བྷ་ཡ་དང་། ཚུལ་རྒྱལ་གྱི་འགྱུར། 

རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། མ་ལ་བ་ཞེས་བྱ་བ་དང་། ཚུལ་རྒྱལ་གྱི་འགྱུར། 

རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། པནྜི་ཏ་དཱ་དང་། ཨ་བྷ་ཡ་དང་། ཨ་མ་ར་ལ་སོགས་པ་ལས། ཚུལ་རྒྱལ་གྱི་འགྱུར།

འཕགས་མ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ།

འཕགས་པ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། 

ཡང་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་གསུམ། 

རྡོ་རྗེ་པི་ཝང་དབྱངས་ཅན་མའི་སྒྲུབ་ཐབས། 

ཡང་དབྱངས་ཅན་མའི་སྒྲུབ་ཐབས། 

གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས་ཕྱུང་བའི་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། ཡང་དབྱངས་ཅན་མའི་སྒྲུབ་ཐབས།

དབྱངས་ཅན་མའི་སྒྲུབ་ཐབས་བྲམ་ཟེ་ཕུར་བུས་མཛད་པ། 

དབྱངས་ཅན་མའི་བསྟོད་པ་གྲུབ་པ་དག་གི་འོད་ཟེར་ཞེས་བྱ་བ་བྲམ་ཟེ་ཕུར་བུས་མཛད་པ། སུམ་པ་ལོ་ཙཱ་བ་དྷརྨ་ཡོན་ཏན་གྱི་འགྱུར། 

རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་སློབ་དཔོན་ཟླ་བ་གཞོན་ནུས་མཛད་པ། པནྜི་ཏ་བུདྡྷ་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར། དབྱངས་ཅན་མའི་སྒྲུབ་ཐབས་ཀཱ་ལི་དཱ་སས་མཛད་པ་དང་། འདི་གཉིས་ཕྱི་མོ་རྙེད་ན་སླར་རྫོང་་དབྱངས་ཅན་མའི་མཆོད་ཆོ་ག་ཐུབ་པ་ཤནྟི་ལའི་བཞེད་པ་དྷརྨ་ཤྲཱི་བྷ་དྲའི་འགྱུར།

རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས།བི་བྷཱུ་ཏི་ཙནྡྲའི་རང་འགྱུར།

དབྱངས་ཅན་མའི་བསྟོད་པ་པནྜི་ཏ་ནག་པོའི་ཁོལ་གྱིས་མཛད་པ། པནྜི་ཏ་ཛྙཱ་ན་ཤཱི་ལ་དང་། ལོ་ཙཱ་བ་དགེ་སློང་ཆོས་འབར་གྱི་འགྱུར།

རྡོ་རྗེ་དབྱངས་ཅན་མའི་བསྟོད་པ་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། པནྜི་ཏ་སུ་མ་ཏི་ཀཱིརྟི་དང་། མར་དོ་ཆོས་ཀྱི་དབང་ཕྱུག་གི་འགྱུར།


དབྱངས་ཅན་མའི་བསྟོད་པ། 


༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །

ཆུ་འཛིན་དཀར་པོའི་གློག་ཕྲེང་དྲ་བ་ཅན།  །

མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ། །

དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན། །

རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། །

པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག །

མཐོན་མཐིང་རལ་བའི་རྩེ་ན་འོད་དཀར་ཅན། །

རོལ་སྒེག་གར་གྱིས་འགྱིངས་པའི་དབྱངས་ཅན་མ། །

ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ། །

རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །

མིག་གིས་ལྟ་བས་མི་ངོམས་ཡིད་འཕྲོག་མ། །

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད། །

སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས། །

ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན། །

ཟབ་ཡངས་རྒྱ་མཚོའི་འཇིང་ལྟར་དཔག་དཀའ་བ། །

དབྱངས་ཅན་ལྷ་མོའི་སྐུ་གསུངས་ཐུགས་ལ་འདུད། །

ཅེས་དབྱངས་ཅན་ལྷ་མོ་སྤྱན་དྲངས་ནས་བསྟོད་ཅིང་གསོལ་བ་གདབ་པ་ཡུལ་བྱང་ཕྱོགས་ཀྱི་སྙན་དངགས་མཁན་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ། །

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།