མི་ཏྲ་བརྒྱ་རྩའམ་རྡོར་ཕྲེང་རྒྱས་པ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2021-04-01 20:06:48     རྩོམ་པ་པོ།   རྗེ་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

གྲུབ་ཆེན་མི་ཏྲ་ཛོ་ཀིས་ལེགས་པར་བཀྲལ་བའི་མི་ཏྲ་བརྒྱ་རྩའམ་རྡོར་ཕྲེང་རྒྱས་པར་གྲགས་པའི་དབང་གི་བཀའ་སྲོལ་ཆེན་པོ་བརྒྱ་དང་བརྒྱད་ལས་ཨ་བྷྱཱ་ཀ་རའི་རྡོ་རྗེ་ཕྲེང་བ་དང་ཕྱོགས་གཅིག་པ་རྣམས་བརྒྱུད་པ་སོ་སོར་འདོད་པ་ལས་དབང་གཅིག་གིས་ཆོག་པར་འདི་བའི་བླ་མ་གོང་མ་རྣམས་མཛད་པ་བཞིན་ལ།མི་ཏྲ་བརྒྱ་རྩ་རང་གི་ཐུན་མོང་མ་ཡིན་པའི་དབང་དྲུག་ཅུ་རེ་ལྔ་པོ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་མནོས་པ་ལས།

ཉིན་དང་པོར་རྒྱུད་སྡེ་བཞིའི་སྟ་གོན་གཤེད་དམར་དང་སྦྲགས་ནས་གནང་།

ཉིན་གཉིས་པར་གཤེད་དམར་ལྷ་བཅུ་གསུམ།

ཉིན་གསུམ་པར་གདོང་དྲུག་ལྷ་ཉེར་གཅིག།

ཉིན་བཞི་པར་དོན་ཡོན་རྡོ་རྗེའི་ལུགས་ཀྱི་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་གཤིན་རྗེ་མོ་བརྒྱད་ཀྱིས་བསྐོར་བ་ལྷ་དགུ།

ཉིན་ལྔ་པར་བེ་རོ་ཙ་ན་རཀྵི་ཏའམ་སྣང་མཛད་བསྲུང་བའི་ལུགས་ཀྱི་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཡུམ་བཅས་གཤིན་རྗེ་ཕོ་བརྒྱད།སྒེག་སོགས་བཞི།སྒོ་བཞིར་ཁྲ་མོ་བཞི་སྟེ་ལྷ་བཅོ་བརྒྱད།

ཉིན་དྲུག་པའི་སྔ་དྲོ་འཇིགས་བྱེད་མ་ཧེའི་གདོང་ཅན་ཞལ་གཅིག་ཕྱག་གཉིས་དབུར་ཞི་ཞལ་ཅན་གཤིན་རྗེ་མོ་བརྒྱད་ཀྱི་བསྐོར་བ་ལྷ་དགུ།ཕྱི་དྲོ་ཛ་ཝ་རི་པའི་ལུགས་ཀྱི་ཕྱག་རྡོར་འཁོར་ཆེན་ལྷ་བཅོ་བརྒྱད།(....འདི་ལྷ་བཅུ་བཞིར་བྱེད་པའི་ལུགས་སྔོན་ནས་ཡོད་ཀྱང་དཔྱད་དགོས།)

ཉིན་བདུན་པའི་སྔ་དྲོ་བདེ་མཆོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཡབ་རྐྱང་ལྷ་ཉེར་དགུ།ཕྱི་དྲོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་ལྷ་བཅུ་གསུམ།

ཉིན་བརྒྱད་པར་བདེ་མཆོག་ལྷན་སྐྱེས་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་བསྐོར་པ་ལྷ་ལྔ།ཕྱི་དྲོ་ཏེ་ལོ་པའི་ལུགས་ཀྱི་བདེ་མཆོག་འཆི་བླུ་དཀར་པོ་ཞལ་བཞི་ཕྱག་བཅུ་དྲུག་པ་སྒོ་མཚམས་མ་བརྒྱད་ཀྱིས་བསྐོར་བ་ལྷ་དགུ།

ཉིན་དགུ་པའི་སྔ་དྲོ་གྲུབ་ཆེན་གཉིས་མེད་རྡོ་རྗེའི་ལུགས་ཀྱི་བདེ་མཆོག་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ་ལྷ་བདུན།...(འདི་ལ་ལྷ་བརྒྱད་ཟེར་བའི་གཙོ་བོའི་ཡུམ་བརྩིས་པ་སྟེ་འདི་འདྲ་མང་པོ་སྣང་།)ཕྱི་དྲོ་ཏེ་ལོ་པའི་ལུགས་ཀྱི་ཕག་མོ་དམར་མོ་ཞལ་གསུམ་ཕྱག་དྲུག་ལྷ་བཅུ་གསུམ།

ཉིན་བཅུ་པའི་སྔ་དྲོ་ཕག་མོ་དམར་མོ་གཡས་སུ་ཕག་ཞལ་སྔོན་པོ་ཅན་ཞལ་གཉིས་ཕྱག་གཉིས་མ་ལྷ་བཅུ་གསུམ།ཕྱི་དྲོ་ཕག་མོ་དོན་གྲུབ་མ་ཞལ་གཅིག་ཕྱག་བཞི་ལྷ་བཅུ་གསུམ།

ཉིན་བཅུ་གཅིག་པར་སྔ་དྲོ་ཕག་མོ་དབུ་བཅད་མ་དམར་སེར་ཕྱག་གཉིས་ལྷ་བཅུ་གསུམ།ཕྱི་དྲོ་ནཱ་རོ་པའི་ལུགས་ཀྱི་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་ལྷ་བཅུ་གསུམ།

ཉིན་བཅུ་གཉིས་པར་སྔ་དྲོ་མེ་ཏྲི་མཁའ་སྤྱོད་མ་ཞལ་གཅིག་ཕྱག་གཉིས་ལྷ་དགུ།ཕྱི་དྲོ་ཕག་མོ་དམར་མོ་ཞལ་བཞི་ཕྱག་བཅུ་གཉིས་ལྷ་སོ་བདུན།

ཉིན་བཅུ་གསུམ་པའི་སྔ་དྲོ་ཕག་མོ་ནག་མོ་ཕག་ཞལ་ཅན་ཞལ་གཅིག་ཕྱག་གཉིས་ལྷ་ལྔ།ཉིན་གུང་མཧཱ་མ་ཡ་འབྲིང་པོ་ཞལ་གཅིག་ཕྱག་གཉིས་ལྷ་ལྔ།(...ལྷ་དྲུག་ཟེར་བ་གཙོ་བོའི་བགྲང་བའོ།།)ཕྱི་དྲོ་ཀུ་ཀུ་རི་བའི་ལུགས་ཀྱི་སྒྱུ་མ་ཆེན་མོ་གཙོ་རྐྱང་།..(..ལྷ་ལྔ་ཟེར་བ་འདབ་མའི་ཐོད་པ་བཞི་བགྲང་བ་འདྲ)

ཉིན་བཅུ་བཞི་པར་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ཞལ་གཅིག་ཕྱག་གཉིས་ཡུམ་བཅས་ལྷ་དགུ།.(...ཛ་ཡར་ལྷ་བཅུ་གསུམ་ཟེར།)ཉིན་བཅོ་ལྔ་པའི་སྔ་དྲོ་རྟ་མགྲིན་པདྨ་གར་དབང་དམར་པོ་ཞལ་གསུམ་ཕྱག་བརྒྱད་ལྷ་བཅུ་བདུན།.(...ལྷ་བཅོ་བརྒྱད་ཟེར་བ་གཙོ་བོའི་ཡུམ་བགྲང་།)ཉིན་གུང་ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་དབང་།ཕྱི་དྲོ་མཧཱ་ཀ་ལ་ཕྱག་བཞི་པ་ལྷ་དགུའི་དབང་སྟེ་བླ་མེད་ཀྱི་དབང་ཉེར་ལྔའོ།

ཉིན་བཅུ་དྲུག་པར་ངན་སོང་སྦྱོང་རྒྱུད་ལས་བཤད་པའི་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དྲུག་ལས་ཀུན་རིག་རྩ་བའི་དཀྱིལ་འཁོར་ལྷ་བརྒྱ་དང་དགུ།(....སྒེག་སོགས་བཞི་ལས་མེད་པཎ་ཆེན་བློ་བཟང་ཡེ་ཤེས་དང་ཛ་ཡར་བརྒྱ་དང་ང་ལྔ་ཟེར།)ཤཱཀྱ་ཐུབ་པ་སྐུའི་དཀྱིལ་འཁོར་གཙུག་དགུ་ལྷ་སོ་བདུན།(......འདི་སྐུའི་དཀྱིལ་འཁོར་ཁ་བསྐང་བའི་ཆེད་རྡོར་ཕྲེང་ནས་བླང་ཏེ་གནང་)ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་ལྷ་བཅུ་གསུམ།ཕྱག་རྡོར་ཐུགས་ཀྱི་དཀྱིལ་འཁོར་ལྷ་བཅུ་གསུམ།

ཉིན་བཅུ་བདུན་པར་བདེ་བ་ཆེན་པོ་ཡོན་ཏན་གྱི་དཀྱིལ་འཁོར་ལྷ་བརྒྱ་དང་ཞེ་བཞི།མེ་ལྟར་འབར་བ་འཕྲིན་ལས་ཀྱི་དཀྱིལ་འཁོར་ལྷ་བཅུ་བདུན།ཕྱག་རྡོར་ཞལ་གཅིག་ཕྱག་གཉིས་ལ་ཕྱོགས་སྐྱོང་རྒྱལ་ཆེན་སོགས་ཀྱིས་བསྐོར་བ་ལྷ་ཉེར་གསུམ།ཕྱག་རྡོར་ལ་གཟའ་བརྒྱད་རྒྱུ་སྐར་ཉེར་བརྒྱད་སོགས་ཀྱིས་བསྐོར་བ་ལྷ་ཞེ་ལྔ།ཕྱག་རྡོར་ལ་ཀླུ་བརྒྱད་ཀྱིས་བསྐོར་བ་ལྷ་བཅུ་གསུམ།

ཉིན་བཅོ་བརྒྱད་པར་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ལྷ་ང་བདུན།རིན་ཆེན་རིགས་ཀྱི་བདག་པོ་འགྲོ་བ་འདུལ་བ་ལྷ་རེ་གཅིག།(....ཆོ་ག་དང་བསྟུན་ན་ཞེ་གཅིག་འདྲ།བློ་བཟང་ཡེ་ཤེས་དང་ཛ་ཡར་ང་བདུན་ཟེར།)དོན་ཐམས་ཅད་གྲུབ་པ་ལྷ་ང་བདུན།དཔལ་མཆོག་དང་པོ་རྡོ་རྗེ་སེམས་དཔའ་ལྷ་རེ་གཅིག།འཇམ་དཔལ་གསང་ལྡན་ལྷ་ང་གསུམ།ཙནྡྲ་གོ་མིའི་ལུགས་ཀྱི་མཚན་བརྗོད་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལྷ་བརྒྱ་དང་སོ་གསུམ།.(....བློ་བཟང་ཡེ་ཤེས་དང་ཛ་ཡར་བརྒྱ་དང་བཅུ་དགུ་ཟེར།)

ཉིན་བཅུ་དགུ་པར་མཚན་བརྗོད་གདམས་ངག་ཅན་ཡེ་ཤེས་སེམས་དཔའ་ལྷ་ཉེར་གཅིག།ཡུམ་ཆེན་མོ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ་ལྷ་ང་དགུ།སྐུ་གདུང་བསྟན་པ་དམ་པ་རིགས་བརྒྱ་ལྷ་གོ་བདུན།རྡོ་རྗེ་མི་འཁྲུགས་པ་ལྷ་བཅུ་གསུམ།.(...པཎ་ཆེན་བློ་བཟང་ཡེ་ཤེས་དང་ཛ་ཡར་འདི་གཉིས་བྱ་རྒྱུད་དུ་བགྲང་།.).ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་ལྷ་བཅུ་གསུམ།རྡོ་རྗེ་སེམས་དཔའ་ལྷ་བཅུ་བདུན་ཏེ་གཙུག་དགུ་བགྲང་ན་རྣལ་འབྱོར་རྒྱུད་ཀྱི་དབང་ཉེར་གཅིག་གོ།

ཉིན་ཉི་ཤུ་པར་རྣམ་འཇོམས་ནག་པོ་ལྷ་ཉེར་གསུམ།.(...གངྒཱར་གྲུབ་ཆེན་མ་ཎི་ག་བཛྲ་ལུགས་ཀྱི་རྣམ་འཇོམས་ལྷ་བཅུ་དགུ་སྤྱོད་རྒྱུད་དུ་མཛད་པ་ལྟར་སྔགས་འཆང་འཇམ་དབྱངས་པའི་དཀྱིལ་ཆོག་ལས་སྤྱོད་རྒྱུད་དུ་མཛད།)སྤྱོད་རྒྱུད་ཕྱག་རྡོར་འགྲོ་བཟང་ལུགས་རྩ་བའི་ལྷ་བཅུ་བདུན་ཁོར་ཡུག་གི་ལྷ་དང་བཅས་ན་བདུན་ཅུ།(ཛ་ཡར་འདི་བྱ་རྒྱུད་དུ་བགྲང་བས་སྤྱོད་རྒྱུད་ཟུར་དུ་མ་བྱུང་།)བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་ཁ་འབར་མའི་གཟུངས་ཀྱི་རྗེས་སུ་འབྲང་པའི་ཐུབ་པ་ལྷ་སོ་ལྔ།འཇམ་དབྱངས་ཨ་ར་པ་ཙ་ན་དཀར་པོ་ལྷ་ལྔ།དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་དང་གཙུག་ཏོར་གཉིས་ཀའི་བདག་ཉིད་རྟོག་པ་ནས་བཤད་པའི་རྣལ་རྒྱལ་ལྷ་དགུ།དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་ཏོར་གདུགས་དཀར་ཞལ་གསུམ་ཕྱག་བརྒྱད་ལྷ་ཉེར་དགུ།

ཉིན་ཉེར་གཅིག་པར་དེ་བཞིན་གཤེགས་པའི་རིགས་ཀྱི་ཕོ་ཉ་མི་གཡོ་བ་ལྷ་བཅུ་གཅིག།དོན་ཡོད་ཞགས་པ་ལྷ་ལྔ།པདྨའི་རིགས་ཀྱི་བདག་པོ་སྤྱད་རས་གཟིགས་སེང་གེ་སྒྲ་ལྷ་ལྔ།པདྨའི་རིགས་ཀྱི་ཁྲོ་བོ་པདྨ་ཅོད་པན་གྱི་རྒྱུད་ལས་གསུངས་པ་པདྨ་བཛྲ་གྱིས་བཀྲལ་བའི་རྟ་མགྲིན་པདྨ་གར་དབང་ལྷ་བཅུ་བདུན།རི་ཁྲོད་ལོ་མ་གྱོན་མ་ལྷ་ལྔ།པདྨའི་རིགས་ཀྱི་ཕོ་ཉ་མོ་ལྷ་མོ་དབྱངས་ཅན་མ་ལྷ་བཅུ་གསུམ།ཀླུ་སྒྲུབ་གཟུངས་འགྲེལ་ལུགས་ཀྱི་ཕྱག་རྡོར་མདོ་ལུགས་ལྷ་དགུ།

ཉིན་ཉེར་གཉིས་པར་ཕྱག་རྡོར་བདུད་རྩི་ཐིགས་པ་ལ་ཞལ་གསུམ་ཕྱག་དྲུག་ལྷ་གཅིག་རྡོ་རྗེ་བཞི་སྐོར།ཕྱག་རྡོར་གོས་སྔོན་ཅན་ནམ་མདོར་བསྡུས་པའི་ཕྱག་རྡོར་ལྷ་གཅིག་ཧཱུཾ་བརྒྱད་ཀྱིས་བསྐོར་བ།ཕྱག་རྡོར་མཆོད་རྟེན་སྔོན་པོ་ཅན་ལྷ་བདུན།ཕྱག་རྡོར་ལྕགས་སྦུབས་མ་ལྷ་བཅུ་གསུམ།ཕྱག་རྡོར་གཏུམ་པོ་ཁྱུང་གཤམ་ཅན་ལྷ་ལྔ།ཁྱུང་ནག་ལྷ་དགུ།ཛམྦྷ་ལ་སེར་པོ་ལྷ་བཅོ་བརྒྱད།.(..ཛ་ཡར་སྔགས་ཆེན་དགེ་འདུན་དོན་གྲུབ་ཀྱིས་མ་རྒྱུད་ལྟར་གནང་ཟེར་བ་དཔྱད།)

རྗེ་ཤེས་རབ་རྒྱ་མཚོའི་གསན་ཡིག་ལས་བཤུས།

རྩོམ་སྒྲིག་པ།

ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།