རྡོ་རྗེ་ཕྲེང་བ་དང་ཀྲྀ་ཡ་སྦྲགས་པའི་དཀྱིལ་འཁོར་ཞེ་ལྔའི་དབང་།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2021-03-31 16:20:37     རྩོམ་པ་པོ།   རྗེ་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

ཟབ་ལམ་རྡོ་རྗེ་ཐེག་པའི་སྣོད་རུང་དུ་བྱེད་པ་དབང་གི་སྐོར་ལ་སྤྱི་བཀའ་དང་།ཟུར་བཀའ་གཉིས།དང་པོ་མཉམ་མེད་ཇོ་བོ་ཆེན་པོ་དང་དུས་མཚུངས་པར་རྒྱ་གར་ཤར་ཕྱོགས་སུ་འཁྲུངས་པའི་གནས་ལྔ་རིག་པའི་པཎ་ཆེན་ཨ་བྷྱ་ཀ་ར་གུཔྟའམ་འཇིགས་མེད་འབྱུང་གནས་སྦས་པ་ལ་རྡོ་རྗེ་རྣལ་འབྱོར་མས་བསྐུལ་ཏེ་རྒྱུད་སྡེ་བཞིའི་དགོངས་འགྲེལ་དུ་འགྱུར་བའི་ཕྲེང་བ་སྐོར་གསུམ་མཛད་པ་ལས་རྡོར་ཕྲེང་གི་དཀྱིལ་འཁོར་གྱི་དབྱེ་བསྡུ་ལ་གཙོ་བོ་འཕོ་བའི་དབང་དུ་བྱས་ན་དཀྱིལ་འཁོར་ལྔ་སྟོང་བརྒྱད་བརྒྱ་བཅུ་བདུན།རྩ་བའི་དཀྱིལ་འཁོར་གྱི་ལྷའི་དབྱེ་བ་ཉིས་སྟོང་དྲུག་བརྒྱ་དང་བདུན།དེ་རྣམས་གཙོ་བོའི་རིགས་སོ་སོའི་དབང་དུ་བྱས་པ་རྩ་བའི་དཀྱིལ་འཁོར་ཉེར་བརྒྱད།དེ་ལས་སྤྲོས་པ་ཞེ་གཉིས།དེ་ལས་སྤྲོས་པ་ང་ལྔ་ཚད་ཐུབ་ཀྱི་མཁས་པ་ཡོངས་ལ་གྲགས་ཤིང་།སྔགས་རམས་པ་དགེ་འདུན་བཀྲ་ཤིས་ཞེ་བཞི།ཞེ་བདུན།རེ་གསུམ་དུ་ཕྱེ་བའང་ཡོད་གསུངས།བཅོམ་ལྡན་རལ་གྲིས་ཕྲེང་བ་ལས་ཕྱེ་བའི་དཀྱིལ་འཁོར་དྲུག་སྟོང་ལྔ་བརྒྱ་ཉེར་ལྔ་དང་།རྩ་བའི་དཀྱིལ་འཁོར་ཉེར་བརྒྱད་ཀྱི་དབང་ཐོབ་པས་དེ་ཐམས་ཅད་ཀྱི་དབང་ཐོབ་པར་བཞེད།

ས་བཟང་མ་ཏི་པཎ་ཆེན་ཡན་ཆད་ལ་བོད་འདིར་ཕྲེང་བ་ལས་མ་དར་ཀྱང་རྡོ་རྗེ་ཕག་མོས་རྗེས་སུ་བཟུང་བའི་སློབ་དཔོན་དརྤན་ཨ་ཪྻས་ཕྲེང་བ་སྐོར་གསུམ་སོར་བཞག་གི་སྟེང་དུ་བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་བསྣན་ནས་ཀྲྀ་ཡ་ས་མུཙྪ་ཞེས་སློབ་དཔོན་གྱི་བྱ་བའི་ཆོ་ག་དོན་ཚར་རེ་བཞིའི་སྒོ་ནས་སྟོན་པའི་གཞུང་མཛད་པའི་རྒྱ་དཔེ་ཞིག་བླ་མ་དམ་པའི་གཅེན་འཇམ་དབྱངས་དོན་ཡོད་རྒྱལ་མཚན་པའི་ཕྱག་ཏུ་འབྱོར་པས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན་གྱིས་བོད་སྐད་དུ་བསྒྱུར།དེའི་དབོན་པོ་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་ཀྱིས་པཎྜི་ཏ་མཧཱ་བོ་དྷི་ལ་དབང་ལུང་རྫོགས་པར་གསན་པ་དེ་ནས་ཕྲེང་བ་དང་དབང་གི་ཆུ་བོ་གཅིག་འདྲེས་སུ་གྱུར་ཏེ་ཕྲེང་ཀྲྀ་སྦྲགས་པའི་དཀྱིལ་འཁོར་ཞེ་ལྔའི་དབང་དར་རྒྱས་ཆེ་བ་བྱུང་།

འཇམ་མགོན་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ་གྱིས་ཕྲེང་བ་ཞེ་གཉིས་མའི་དབང་གསན་ནས་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ཁྱད་པར་དུ་འཕགས་པར་དགོངས་ཏེ་དེ་ཉིད་རྩ་བ་མཛད་ནས་རྒྱུད་སྡེ་བཞིའི་རིམ་པས་ཇི་ལྟར་འཁྲིད་པའི་ཚུལ་གྱི་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་གསང་ཆེན་ལམ་གྱི་རིམ་པ་མཛད་པ་ལ་བརྟེན་ནས་རྗེས་འཇུག་བུ་སློབ་ནམ་མཁའི་སྐར་ཚོགས་ལྟ་བུས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད།པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱིས་ཀྱང་གཞུང་བརྒྱ་སྨྲ་བའི་དགེ་འདུན་རྒྱ་མཚོ་ལྟ་བུ་ལ་རྡོ་རྗེ་ཕྲེང་བའི་དབང་རྗེའི་སྔགས་རིམ་ཇི་ལྟ་བ་བཞིན་གནང་བ་དགེ་ལྡན་པ་ནས་བརྒྱུད་པ་པཎ་ཆེན་བློ་བཟང་ཆོས་རྒྱན་ལ་ཀུན་གཟིགས་ལྔ་བ་ཆེན་པོས་གསན།ས་སྐྱ་ནས་བརྒྱུད་པའི་ཕྲེང་ཀྲྀ་སྦྲགས་པའི་དཀྱིལ་འཁོར་ཞེ་ལྔའི་དབང་མགོན་པོ་བསོད་ནམས་མཆོག་ལྡན་ལ་རྒྱལ་དབང་ལྔ་བ་ཆེན་པོས་གསན་པའི་དབང་རྒྱུན་གཉིས་འདུས་ལེགས་པར་ཐོབ་པ་ལས་སྟ་གོན་སྔོན་དུ་བཏང་ནས་དངོས་གཞིའི་ཉིན་དང་བོར།

འདུས་པ་ནས་གསུངས་པའི་མི་བསྐྱོད་པའི་རིགས་གསང་འདུས་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུ།༡


1.png

ཉིན་གཉིས་པར་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས།༢

2.png

ཉིན་གསུམ་པར་རྣམ་སྣང་སྒྱུ་དྲའི་རྒྱུད་ལ་བརྟེན་པའི་རྣམ་སྣང་འཇམ་རྡོར་ལྷ་ཞེ་གསུམ།..(..རྣམ་སྣང་སྒྱུ་དྲ་ནི་ཀུན་སྙིང་དང་བི་ཤྭ་མི་ཏྲས་གསང་འདུས་ཀྱི་རྒྱུད་ཕྱི་མ་དང་།དཔལ་ལྡན་ཟླ་བས་ཀྱང་དོན་གྱིས་གསང་འདུས་དང་ཕྱོགས་མཐུན་པར་བཞེད།སྔགས་རམས་པ་དགེ་འདུན་བཀྲ་ཤིས་ཀྱིས་བླ་མེད་དང་རྣལ་འབྱོར་རྒྱུད་དུ་བྱེད་པའི་ལུགས་གཉིས་སྣང་ཞེས་ཐེ་ཚོམ་དུ་མཛད)

3.png

ཉིན་བཞི་པར་དགྲ་ནག་གི་རྒྱུད་ལ་བརྟེན་པའི་རྣམ་སྣང་གི་རིགས་གཤིན་རྗེ་དགྲ་ནག་ལྷ་བཅུ་གསུམ་མ།༤སྟེ་ཕ་རྒྱུད་ལ་བརྟེན་པ་བཞིའོ།།

4.png

ཉིན་ལྔ་པར་བརྟག་གཉིས་ནས་གསུངས་པའི་ཧེ་རུ་ཀའི་རིགས་ཀྱཻ་རྡོར་ཐོད་པ་ཅན་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་དགུ།༥ཐུགས་ཀྱཻ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ལྷ་དགུ།༦གསུང་ཀྱཻ་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ་ལྷ་དགུ།༧སྐུ་ཀྱཻ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ལྷ་དགུ།༨

5-1.jpg

5-2.jpg

5-3.jpg

5-4.jpg

ཉིན་དྲུག་པར།མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་གུར་རིགས་བསྡུས་སམ་མཁའ་འགྲོ་རིགས་ལྔ་ལྷ་ང་གསུམ།༩

ཉིན་བདུན་པར།སམྦུ་ཊ་ནས་བཤད་པའི་བདག་མེད་ལྷ་མོ་ཉེར་གསུམ་མ།༡༠བརྟག་གཉིས་ནས་གསུངས་པའི་བདག་མེད་ལྷ་མོ་བཅོ་ལྔ་མ།༡༡བརྟག་གཉིས་ནས་གསུངས་པའི་ཀུ་རུ་ཀུལླེ་ལྷ་བཅོ་ལྔ།༡༢གུར་ནས་གསུངས་པའི་རྡོ་རྗེ་སྒྲོལ་མ་ལྷ་བཅུ་གཅིག།....༡༣.(..ཛ་ཡ་དང་རྒྱལ་དབང་བསྐལ་བཟང་བའི་ལྷ་བཅུ་གསུམ་གསུངས།སྔགས་རམས་པ་བྱ་རྒྱུད་དུ་བཞེད།)

7-1.jpg

7-2.jpg

 7-3.jpg

7-4.jpg

ཉིན་བརྒྱད་པར།སམྦུ་ཊི་ནས་གསུངས་པའི་སྙིང་པོ་ཀྱཻ་རྡོ་རྗེ་མཚོན་ཆ་ཅན་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་བཅུ་བདུན།༡༤ཐུགས་ཀྱཻ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ལྷ་བཅུ་བདུན།༡༥གསུང་ཀྱཻ་རྡོ་རྗེ་ཞལ་གཅིག་ཕྱག་བཞི་བ་ལྷ་བཅུ་བདུན།༡༦སྐུ་ཀྱཻ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ལྷ་བཅུ་བདུན།༡༧

 

8-2.png

8-1.png

8-3.png

8-4.png

ཉིན་དགུ་པར།ཁ་སྦྱོར་ནས་བཤད་པའི་བདེ་མཆོག་རྡོར་སེམས་ཞི་པ་ལྷ་སོ་བདུན།༡༨བདེ་མཆོག་རྩ་རྒྱུད་ནས་གསུངས་པའི་འཁོར་ལོ་སྡོམ་པ་ཞལ་བཞི་ཕྱག་བཅུ་གཉིས་པ་ལྷ་རེ་གཉིས།༡༩བདེ་མཆོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ལྷ་རེ་གཉིས།༢༠བདེ་མཆོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་ལྷ་རེ་གཉིས།༢༡

9-1.png

9-3.png

9-3.png

9-4.png

9-1.png

ཉིན་བཅུ་པར་རྡོ་རྗེ་ཕག་མོ་དམར་མོ་ལྷ་སོ་བདུན།༢༢ཕག་མོ་སྔོན་མོ་ལྷ་སོ་བདུན།༢༣ཕག་མོ་སེར་མོ་ལྷ་སོ་བདུན།༢༤ཨ་བྷི་དྷ་ན་ནས་གསུངས་པའི་ཁྲོ་བོ་ཧཱུཾ་མཛད་ལྷ་བཅུ་གཅིག།...༢༥.(..འདི་བདེ་མཆོག་ཁྲོ་བོ་རྡོར་སེམས་སུ་ཨ་བྷྱཱ་བཞེད)

10-2.png

10-3.png

10-1.png

10-4.jpg

ཉིན་བཅུ་གཅིག་པར་ཨ་བྷི་དྷ་ན་ལས་བཤད་པའི་བདེ་མཆོག་འཁོར་ལོ་སྒྱུར་དྲུག་ལྷ་དོན་གཉིས།༢༦

11.jpg

ཉིན་བཅུ་གཉིས་པ་རྡོ་རྗེ་བདུད་རྩིའི་རྒྱུད་ལ་བརྟེན་པའི་རྡོ་རྗེ་ཉི་མའི་རིགས་བདུད་རྩི་ལྷ་ཉེར་གཅིག།༢༧བདུད་རྩི་ཧཱུཾ་མཛད་ལྷ་ཉེར་དགུ།༢༨བདུད་རྩི་ཁྲོ་བོ་ལྷ་ཉེར་གཅིག།༢༩བདུད་རྩི་འཁྱིལ་བ་ལྷ་བཅུ་དགུ།༣༠

14-1.jpg

14-2.jpg

14-3.jpg

14-4.jpg

ཉིན་བཅུ་གསུམ་པར།སངས་རྒྱས་ཐོད་པའི་རྒྱུད་ལས་གསུངས་པའི་ཧེ་རུ་ཀའི་རིགས་སངས་རྒྱས་ཐོད་པ་ལྷ་ཉེར་ལྔ།༣༡སངས་རྒྱས་ཐོད་པ་ལྷ་དགུ།༣༢མཧཱ་མ་ཡའི་རྒྱུད་ཆུང་ལ་བརྟེན་པའི་སྒྱུ་མ་ཆེན་མོ་ལྷ་ལྔ།༣༣རྡོ་རྗེ་གདན་བཞི་འམ་རྒྱུད་གསེར་གྱི་ཆར་བ་ནས་བཤད་པའི་རྣམ་སྣང་གི་རིགས་རྣལ་འབྱོར་ནམ་མཁའ་ལྷ་ང་བརྒྱད།༣༤དེའི་ཡུམ་བཀའ་བརྒྱུད་དེ་ཉིད་ལས་བཤད་པའི་ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ།༣༥

13-1.jpg

13-2.jpg

13-3.jpg

13-4.jpg

13-5.jpg

ཉིན་བཅུ་བཞི་པར་དུས་འཁོར་གྱི་རྒྱུད་ལས་བཤད་པའི་དུས་འཁོར་སྐུ་གསུང་ཐུགས་ཡོངས་རྫོགས་ལྷ་དྲུག་བརྒྱ་སོ་བཞི།༣༦སྟེ་མ་རྒྱུད་ཀྱི་དཀྱིལ་འཁོར་སོ་གཉིས་སོ།།

36.jpg

ཉིན་བཅོ་ལྔ་པར་རྩ་རྒྱུད་དེ་ཉིད་བསྡུས་པ་ལས་གསུངས་པའི་ཐབས་གཙོ་བོར་སྟོན་པ་རྡོར་དབྱིངས་ལྷ་ང་གསུམ།༣༧ངན་སོང་སྦྱོང་རྒྱུད་དང་བརྟག་པ་ཕྱོགས་གཅིག་པ་ལ་བརྟེན་པའི་གཙུག་དགུ་ལྷ་སོ་བདུན།༣༨

37.jpg

38.jpgཉིན་བཅུ་དྲུག་པར་སྒྱུ་དྲ་དང་འཇམ་དཔལ་གྲགས་པའི་མཚན་བརྗོད་རྣལ་འབྱོར་རྒྱུད་དུ་བཀྲལ་བ་ལ་བརྟེན་པ་ཤེས་རབ་གཙོ་བོར་སྟོན་པ་ཆོས་དབྱིངས་གསུང་དབང་ལྷ་ཉིས་བརྒྱ་ཉེར་གཅིག།༣༩སྟེ་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་གསུམ་མོ།།

39.jpg

ཉིན་བཅུ་བདུན་པར།འབྱུང་འདུལ་གྱི་རྒྱུད་ལ་བརྟེན་པའི་རྡོ་རྗེའི་རིགས་གསང་བདག་འབྱུང་འདུལ་ལྷ་སོ་གསུམ།༤༠སྟེ་སྤྱོད་རྒྱུད་ཀྱི་དཀྱིལ་འཁོར་གཅིག་གོ།.(..རྗེའི་གསན་ཡིག་ན།བྱ་རྒྱུད་གསུམ།ཡོ་ག་གསུམ་ཞེས་འདུག་པས་བྱ་རྒྱུད་དུ་བཞེད་དམ་དཔྱད།)འོད་ཟེར་ཅན་གྱི་རྒྱུད་ལས་བཤད་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་ལྷ་མོ་འོད་ཟེར་ཅན་ལྷ་ཉེར་ལྔ།༤༡གཟུངས་གྲ་ལྔ་ལས་བཤད་པའི་སོ་འབྲང་གཙོ་བོར་བྱས་པའི་གྲ་ལྔ་ལྷ་བཅུ་གསུམ།༤༢སྟེ་ཕྲེང་རྐྱང་གི་དཀྱིལ་འཁོར་ཞེ་གཉིས་སོ།།

40.png

41.png

42.png

ཉིན་བཅོ་བརྒྱད་པར་ཀྲྀ་ཡ་ནས་གསུངས་པའི་བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་ཞེས་པ་ནོར་རྒྱུན་མའི་རྟོག་ཆུང་ལ་བརྟེན་པའི་དེ་བཞིན་གཤེགས་པའི་རིགས་ནོར་རྒྱུན་མ་ལྷ་བཅུ་དགུ།༤༣གཟའ་ཡུམ་གྱི་རྟོག་པ་ལ་བརྟེན་པའི་གཟའ་ཐམས་ཅད་ཀྱི་ཡུམ་རྗེ་བཙུན་རིག་པ་ཆེན་མོའམ་རིག་བྱེད་མ་ནུབ་བྱང་གི་གྲྭར་བཞུགས་པ་དཀྱིལ་འཁོར་གྱི་གཙོ་བོར་བྱས་པའི་གཟའ་ཡུམ་ལྷ་ཞེ་དྲུག་གམ་ལྔ་བཅུ།༤༤རྣམ་རྒྱལ་མའི་རྟོག་པ་ལ་བརྟེན་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་ཏོར་རྣམ་རྒྱལ་མ་ལྷ་སོ་གསུམ།༤༥སྟེ་བྱ་རྒྱུད་ཀྱི་དཀྱིལ་འཁོར་ལྔའོ།།

43.png

44.png

45.png

རྗེ་ཤེས་རབ་རྒྱ་མཚོའི་གསན་ཡིག་ལས་བཤུས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

 

བརྒྱུད་འགོད།