རྟེན་འབྲེལ་སྙིང་པོའི་སྔགས་དོན་འཁོར་འདས་འཇུག་ལྡོག་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   ངག་གི་དབང་ཕྱུག།     སྤེལ་དུས།  2021-01-11 20:17:25         ཀློག་ཐེངས།  

 

༄།།རྟེན་འབྲེལ་སྙིང་པོའི་སྔགས་དོན་འཁོར་འདས་འཇུག་ལྡོག་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།

            ངག་གི་དབང་ཕྱུག།

 

ཨོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝཱ།       ཆོས་རྣམས་རྒྱུ་དང་རྐྱེན་ལས་བྱུང་།།

ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། དེ་རྒྱུ་དེ་བཞིན་གཤེགས་པས་གསུངས།།

ཏེ་ཥཱཉྩ་ཡོ། ནི་རོ་དྷ།            དེ་ཡི་འགོག་པ་གང་ཡིན་པའང་།།

ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ      དགེ་སྦྱོང་ཆེན་པོས་དེ་སྐད་གསུངས།།

སྭཧཱ།                             གཞི་ཚུགས་ཤིག ། ཅེས་པའོ།།

 

ཨོཾ། ནི་སྔགས་ཀྱི་མགོ་འདྲེན་ནོ།།

ཡེ། ནི་རྣམས། དྷརྨ། ནི་ཆོས། ཧེ་ཏུ། ནི་རྒྱུ།  

པྲ། ནི་རྐྱེན། བྷ་ཝཱ། ནི་འབྱུང་བ།

ཧེ་ཏུན། ནི་རྒྱུ། ཏེ་ཥཱན། ནི་དེ།

ཏ་ཐཱ་ག་ཏོ།  ནི་དེ་བཞིན་གཤེགས་པའོ།། ཧྱ་ཝ་དཏ།  ནི་གསུངས་པའོ།།

ཏེ་ཥཱཉྩ་ཡོ། ནི་དེ་ཡི། ནི་རོ་དྷ། ནི་འགོག་པའོ།།

ཨེ་ཝཾ། ནི་འདི་སྐད་ཀྱི་དོན་སོང་བས་དེ་སྐད་དོ།། བཱ་དཱི། ནི་གསུངས་པ།

མ་ཧཱ། ནི་ཆེན་པོ། ཤྲ་མ་ཎཿ ནི་དགེ་སྦྱོང་།

སྭཧཱ། ནི་གཞི་ཚུགས་ཤིག། ཅེས་པའོ།།

     དེ་རྣམས་ཀྱི་གོ་དོན་བོད་སྐད་ཀྱི་གོ་རིམ་གསལ་བར་བསྒྱུར་ན་འདི་ལྟར།

སྡུག་བསྔལ་གྱི་ཆོས་ཏེ་འབྲས་བུ་འདི་རྣམས་ནི། རང་གི་འཕེན་བྱེད་ཀྱི་རྒྱུ་མ་རིག་པ་དང་དེའི་ཀུན་ནས་སློང་བའི་ལས་དང་། རང་གི་འགྲུབ་བྱེད་རྐྱེན་སྲེད་ལེན་གྱིས་གསོས་བཏབ་ཅིང་སྲིད་པའི་ཀུན་འབྱུང་བདེན་པ་དེ་དག་ལས་བྱུང་བ་དེ་བཞིན་གཤེགས་པས་གསུངས་ལ། སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པ་དང་ལས་ཀྱིས་ཀུན་འབྱུང་དེ་དག་འགོག་པའི་བདེན་པ་དང་། སྡུག་བསྔལ་ཀུན་འགོག་པའི་ལམ་གྱི་བདེན་པ་གང་ཡིན་པ་དེ་ཡང་། གནས་ལུགས་མངོན་སུམ་དུ་མྱོང་བའི་དགེ་སྦྱོང་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རང་གིས་གཟིགས་པ་བཞིན་དུ་གདུལ་བྱ་གཞན་ལ་གསུངས་སོ།།

  མདོར་ན་འཁོར་བའི་རྒྱུ་འབྲས་སྡུག་ཀུན་བདེན་པ་གཉིས་དང་། ཐར་པའི་རྒྱུ་འབྲས་འགོག་ལམ་གྱི་བདེན་པ་གཉིས་ཏེ། འཁོར་བར་འཇུག་ལྡོག་གི་བདེན་པ་བཞིའི་ཚུལ་ལུགས་འདི་ནི། མུ་སྟེགས་པ་ལ་མེད་པའི་ཁྱད་ཆོས་བླ་ན་མེད་པ་ནང་པ་སངས་རྒྱས་པའི་ཐུན་མོང་མིན་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་མཛོད་དུ་གྱུར་པར་གསུངས་སོ།།

ཚིགས་སུ་བཅད་པ་འདིའི་ཕན་ཡོན་དཔག་ཏུ་མེད་པ་དམ་ཆོས་འདུལ་བ་ནས་གསང་བ་སྔགས་ཀྱི་བར་དུ་གསུངས་ཏེ།    

   དང་པོ་ནི། ཚིགས་སུ་བཅད་པ་འདི་འཕགས་པ་རྟ་ཐུབ་ཀྱིས་ལན་གཅིག་བརྗོད་པས་ཀྱང་། ཤཱ་རིའི་བུས་དེ་ཐོས་པས་ཚིག་དོན་དྲན་ཙམ་གྱིས་བདེན་པའམ་གནས་ལུགས་མངོན་སུམ་དུ་མཐོང་སྟེ་འཕགས་པའི་གོ་འཕང་ཐོབ་པ་ཉན་ཐོས་ཀྱི་སྡེ་སྣོད་ལས་དམ་ཆོས་འདུལ་བ་སོགས་ལས་འབྱུང་བའི་ཕན་ཡོན་ནོ།།

 

གཞན་ཡང་འདི་ཡི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པ་ཐེག་ཆེན་ཕར་གྱི་བཀའ་ལས་འབྱུང་བ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཐེག་པ་ཆེན་པོའི་མདོ་ལས། སྤྱན་རས་གཟིགས་དབང་ཕྱུག་འདི་ལྟ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཡིན་ཏེ། སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་ངོ་།། སྤྱན་རས་གཟིགས་དབང་ཕྱུག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་མི་གནས་པའི་ས་ཕྱོགས་སུ་མཆོད་རྟེན་ནི་སྐྱུ་རུ་རའི་འབྲུ་ཙམ། སྲོག་ཤིང་ནི་ཁབ་ཙམ། གདུགས་ནི་བཀྐུ་ལའི་མེ་ཏོག་ཙམ་ཞིག་བྱས་ལ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཀྱི་དབྱིངས་ཀྱི་ཚིགས་སུ་བཅད་པ་ནང་དུ་བཅུག་ན་དེས་ཚངས་པའི་བསོད་ནམས་སྐྱེད་པར་འགྱུར་ཏེ། འདི་ནས་ཤི་འཕོས་ཤིང་འཆི་བའི་དུས་བྱས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ།། ཞེས་གསུངས་ལ། མཆོད་རྟེན་གྱི་ནང་དུ་གཟུངས་བཞུགས་གལ་ཆེ་ཤོས་ནི་འདི་ཉིད་ཡིན་པས་ཆོས་སྐུའི་རིང་བསྲེལ་ནི་གཟུངས་འདིའི་ཡིག་གཟུགས་ཁོ་ན་ལ་གོ་དགོས་པ་ཡིན་ནོ།།

 གཞན་གསང་སྔགས་ཀྱི་བཀའ་ལས་ཀྱང་འདི་ཡི་ལས་ཚོགས་དང་ཕན་ཡོན་དཔག་ཏུ་མེད་པ་གསུངས་ཏེ། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཆོ་གའི་གཟུངས་ལས།

  རིམས་ཀྱིས་བཏབ་ནས་ན་བ་དང་། །ཀླད་པ་ན་དང་མིག་ནད་དང་། །ཁོང་ནད་ལ་སོགས་ནད་རྣམས་ལ།།ཚིགས་བཅད་འདི་དང་སྙིང་པོ་འདི།།མང་པོར་བཟླས་ཤིང་ལངས་ནས་ནི།།ལག་པ་གཡས་པའི་ཁུ་ཚུར་གྱིས།།བྱུང་པའི་ཐབས་སུ་བྱབ་པར་བྱའོ། །ནད་རྣམས་ཐམས་ཅད་སོས་པར་འགྱུར།།

  ཉིན་ཅིག་ཉིན་གཉིས་ཉིན་གསུམ་དང་། །ཉིན་བཞི་བརྟག་པའི་རིམས་རྣཾས་ལ། །བུ་མོ་གཞོན་ནུས་བཀལ་བ་ཡི། །སྐུད་པ་དཀར་པོ་སུམ་སྒྲིལ་ལ། །བཟླས་བརྗོད་ཉི་ཤུ་བརྒྱད་བཟླས་ནས། །མགུལ་དུ་བརྟགས་ན་བདེ་བར་འཚོ། །

  ནད་ལ་ཕན་པའི་སྨན་རྣམས་ལ།།གཟུངས་སྔགས་འདི་དག་བཟླས་ཤིང་གཏང་།།སྙིང་ནད་རྩིབ་ལོགས་ན་བ་དང་།།ཁོང་ན་ནད་རྣཾས་ཅི་ཡོད་ལ།།ཆུ་ལ་སྔགས་འདི་མང་བཟླས་ནས།།བླུད་ན་ཕན་ཞིང་བདེ་བར་འགྱུར།།ནད་ལ་ཕན་པའི་སྨན་རྣམས་ལ།།བཟླས་ཤིང་བཏང་ན་འཚོ་བར་འགྱུར། །

  གཡན་པ་དང་ནི་འབྲུམ་བུ་དང་། །ཕོལ་མིག་དང་ནི་རྨ་རེད་ལ། །གྲོག་ཚང་ས་ལ་སྙིང་པོ་འདི། །མང་དུ་བཟླས་ཤིང་བཏབ་ན་འཚོ། །

  གཞང་འབྲུམ་གཞང་ནད་ཟ་ཁུ་དང་། །ཕོ་མཚན་སྐྲངས་ཞིང་ན་བ་ལ། །སྐྱེར་པའི་ཁ་འདའི་རི་ལུ་འམ།།བྱང་ཆུབ་སེམས་དཔའི་རི་ལུ་ལ།།ཉི་ཤུ་བཟླས་ཤིང་བསྐུས་ན་ཕན། །

  ནད་ཀྱི་རྣམ་པ་གང་ན་ཡང་།།ནད་ཚབས་ཆེ་ཆུང་ཚོད་བརྟགས་ནས། །ཚིགས་སུ་བཅད་པའི་བཟླས་བརྗོད་ལ། །མང་ཉུང་ནད་དང་སྦྱར་ནས་ཀྱང་། །ལུ་ལ་བྱབ་ཅིང་བཟླས་ན་ཕན། །

  འཁྲུ་བག་ནད་ཀྱིས་བཏབ་པ་ལ། །སྨན་ནམ་རིལུ་ཁ་ཟས་ལ། ། བདུན་ནམ་ཉི་ཤུ་བཟླས་ནས་ཀྱང་། །ཁོང་དུ་བཏང་ན་ཕན་པར་འགྱུར། །    དེ་ལ་བཟླས་བརྗོད་སྔ་མ་སྟེ། །འདི་དག་རབ་ཏུ་བཟླས་པར་བྱ། །

  ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བྃ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། དེ་དག་བཟླས་ན་ནད་རྣམས་འཚོ། །དེ་ནི་ནད་རྣམས་འཚོ་བའོ། །

  དེ་ནས་ཡང་ནི་བཀའ་སྩལ་པ། །ནས་དང་གྲོ་དང་སྲན་མ་དང་། །འབྲས་དང་སྲན་ཆུང་མོན་སྲན་དང་། །ཤིང་ཏོག་དགུན་འབྲུམ་ཨ་རུ་ར། །དེ་དག་ཀུན་ལ་ཟ་བ་ཡི། །སྲིན་བུ་སྦུར་བུ་ཕྱེ་མ་ལེབ། །བྱེའུ་དང་བྱི་བ་ནེ་ཙོ་དང་། །ལོ་ཏོག་ཟ་བ་ཁ་བཅིང་ན། །ཞིང་གི་ཁྱོན་དང་སྦྱར་ནས་ཀྱང་། །ཕྱེ་མ་ས་དང་ཐལ་བ་དང་། །བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས། །ཞིང་དང་ཤིང་ཏོག་གཏོར་བྱས་ན། །དེ་དག་ཀུན་ཀྱང་ཁ་བཅིངས་འགྱུར། །

  ཧ་ཅང་ཆར་པ་ཆེས་པ་ན། །བཅོམ་ལྡན་འདས་ལ་ཕུལ་བ་ཡི། །མེ་ཏོག་དམན་མ་རེ་རེ་ལ། །བཟླས་བརྗོད་ཉི་ཤུ་རྩ་ཅིག་བྱ། །གཙང་ཞིང་བདེ་བའི་གནས་དག་ཏུ། །དཀྱིལ་འཁོར་ཆེན་པོའི་དབུས་དག་ཏུ། །བུམ་པ་གང་བའི་སྟེང་དག་ཏུ། །ཁམ་ཕོར་གཙང་མའི་ནང་དུ་ཡང་། །མེ་ཏོག་གཙང་མ་བཟླས་པ་དེ། །བསྲེགས་ན་ཆར་པ་འཆད་པར་འགྱུར། །

    སེར་བ་དྲག་པོ་འོང་བ་ན། །སེ་བ་ཉ་མིག་ལྕུག་མ་ལ། །བཟླས་བརྗོད་ བརྒྱ་ནི་རྩ་བརྒྱད་བཟླས། །སེར་བ་གང་ནས་གཡོ་ངོས་སུ། །ཀླད་ལ་བསྐོར་ཞིང་བྱབས་ན་ཆད། །ཡང་ན་ཐལ་ཆེན་ཡུངས་ཀར་ལ། །བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བྱ། །ཐུམ་པོ་བྱས་ཏེ་ལྕུག་མ་ལ། །བཏགས་ཏེ་བརྩུགས་ན་སེར་བ་འཆད། །

  འབྱུང་པོ་ཤ་ཟ་ཡི་དག་དང་། །བརྗོད་བྱེད་གདོན་གྱི་ཟིན་པ་ལ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །བུམ་པ་གཙང་མ་ལྔ་བཞག་སྟེ། །གུ་གུལ་དུད་པས་བདུག་ནས་ཀྱང་། །ཡུངས་ཀར་ག་པུར་ཙན་དན་དང་། །གླ་རྩི་ལ་སོགས་སྨན་སྦྱར་ཏེ། །བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས། །གོས་དང་ཟས་ནི་དཀར་པོ་སྦྱར། །དཀྱིལ་འཁོར་དེའི་ནང་དུ་བཞུག །བུམ་པའི་ཆུ་ཡིས་བཀྲུ་བར་བྱ། །སངས་རྒྱས་སྐུ་བསིལ་བྱས་པའི་ཆུ། །བཀྲུ་ཞིང་བླུད་ན་རབ་ཏུ་ཕན། །ནད་དང་གནོད་པ་ཀུན་ལས་ཐར། །འབྱུང་པོ་བརྗེད་བྱེད་ཤ་ཟ་ཡིས། །གླགས་ཀྱང་རྙེད་པར་མི་འགྱུར་རོ། །

  བྱིས་པ་གདོན་གྱིས་འཇིགས་པ་ལ། །གིའུ་ཝང་ལ་ནི་སྔགས་བཟླས་ངས། །སྙིང་པོ་སྟོབས་ཆེན་འདི་བྲིས་གདགས། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ད་ཧ། པ་ཙ་བི་དྷྭ་ན་ས་ཡ། ཛ་ཏི་ལ་ལྃ་བྷོ་དྷ་ར། ཨུ་ཙྪུཥྨ་ཀྲོ་དྷ་ཧཱུྃ་ཕཊ་སྭཱ་ཧཱ། གཙང་སྦྲ་བྱས་ཏེ་མགུལ་པར་གདགས། །དེ་བཞིན་ཡང་ཀར་དག་ལ་ཡང་། །བཟླས་བརྗོད་བྱས་ཏེ་གཏུམས་ལ་གདགས། །

  མཁའ་འགྲོའི་གདོན་གྱིས་ཟིན་པ་ན། །ཡུང་ཀར་དང་ནི་གུ་གུལ་ལ། །སྔགས་གཉིས་ལན་ནི་བདུན་བདུན་བཟླས། །དུད་པས་བདུགས་ན་ཚོ་བར་འགྱུར། །དེ་ལ་ཐེ་ཚོམ་མི་ཟའོ། །བྱིས་པ་གདོན་དང་ནད་ལས་ཐར། །

  བུད་མེད་བུ་ནི་ཐོགས་གྱུར་ན། །ཆུ་ལ་བཟླས་བརྗོད་ལྔ་བདུན་བྱས། །བླུད་ན་ལེགས་པར་བཙས་པར་འགྱུར། །བུད་མེད་མོ་ཤམ་བུད་མེད་ལ། །སངས་རྒྱས་སྐུ་བསིལ་བྱས་པའི་ཆུ། །དེ་ལ་སྔགས་བརྗོད་ཉི་ཤུ་བྱ། །ཁྲུས་བྱས་ལུས་ནི་གཙང་མ་ལ། །ཆུ་དེ་བླུད་ན་བུ་ཚ་ཕན། །རིགས་རྒྱུད་དག་ནི་འཕེལ་བར་འགྱུར། །

   ལམ་དུ་ཞུགས་ཏེ་འགྲོ་བ་ན། །སྐུད་པ་དང་ནི་གོས་ཀྱི་གྲྭར། །བཟླས་བརྗོད་བདུན་བཟླས་མདུད་པ་བདུན། །མདུད་བཅིང་བཟླས་ཏེ་སོང་བ་ན། །བདེ་བར་འགྲོ་ཞིང་དོན་ཡང་འགྲུབ། །དགྲ་དང་ཉེ་ཞོ་མེད་པར་འགྲོ། །

  ཡིད་ནི་གཞུངས་པར་འདོད་པ་ན། །ཤུ་དག་ཚོན་གང་ཙམ་པ་དང་། །མར་སྲང་སུམ་བརྒྱ་དྲུག་ཅུ་ལ། །བཟླས་བརྗོད་བྱས་ཏེ་བསྲེས་ནས་ཀྱང་། །བུམ་པ་ཅིག་ཏུ་བླུག་ལ་དཀྲུག །ཉི་མ་རེ་རེ་ལོ་གཅིག་ཏུ། །ཤུ་དག་གི་ནི་དུམ་རེ་དང་། །མར་སྲང་དག་ནི་རེ་རེ་ལ། །བཟླས་བརྗོད་རེ་རེ་བྱ་ཞིང་བཟའ། །དེས་ནི་ཡིད་གཞུངས་བློ་ལྡན་འགྱུར། །

  དེ་བཞིན་བ་ནི་སེར་སྐྱ་མའི། །མར་དང་འོ་མ་དག་ལ་ཡང་། །བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་དུ། །བཟླས་ཏེ་འོ་ཐུག་དཀྲུག་ཅིང་བཟའ། །ཡིད་གཞུངས་པའི་མཆོག་ཏུ་འགྱུར། །

  མི་དང་འགྲོགས་ཤིང་མཛའ་འདོད་ན། །གང་དག་ཡིད་དང་འཐད་པ་ལ། །མེ་ཏོག་དང་ནི་རྩྭ་ཤིང་ལ། །འབྲས་བུ་འམ་ནི་འཇི་བ་དག །ལག་པ་གཡས་པའི་ཆང་བར་བཅུག །བཟླས་བརྗོད་བརྒྱ་ནི་རྩ་གཅིག་གདབ།།གང་གི་ལག་ཏུ་བྱིན་པ་ན།།དེ་དང་རྟག་ཏུ་མཛའ་བར་འགྱུར། །

  རྟ་ལ་སོགས་པའི་ཕྱུགས་རྣམས་ཀུན། །འཆི་བར་ཉེ་བར་གནས་པ་ན། །ཆུ་དང་ཡུངས་ཀར་བཅས་པ་ལ།།བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བྱ།།དེ་ལ་གཏོར་ན་སོས་པར་འགྱུར།།ཡང་ན་ཡུངས་ཀར་བརྒྱ་བརྒྱད་ལ།།བཟླས་པའི་ཐུམ་པོ་མགུལ་དུ་གདགས། །དེ་ནི་ནད་མེད་བདེ་བར་འགྱུར། །

  མི་རྣམས་འཆི་བས་འཇིགས་གྱུར་ན། །ཡུངས་ཀར་ལ་ནི་བཟླས་བརྗོད་བྱ། །ཐུམ་པོ་བྱས་ཏེ་སྒོ་ལ་གདགས། །བཟླས་བརྗོད་བརྒྱ་སྟོང་འབུམ་ཡང་བཟླས། །མི་ནད་དང་ནི་ཕྱུག་ནད་ཀུན། །མིང་ཡང་མེད་ཅིང་བདེ་བར་འགྱུར། །

  དེ་དག་ཀུན་གྱིས་བཟླས་བརྗོད་ནི། །འདི་དག་ཀུན་ཏུ་རྒྱ་ཆེར་གསུངས། །

  ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བྃ་བཱ་དཱི་མ་ཧཱ་ཤྲ་མ་ནཿ སྭཱ་ཧཱ།

  རྟག་ཏུ་བཟླས་བརྗོད་བྱས་ན་ནི། །བསམ་པ་ཡོངས་སུ་རྫོགས་པར་འགྱུར། །གནོད་པ་ཅིས་ཀྱང་ཚུགས་མི་འགྱུར།།དམ་ཆོས་ཡོངས་སུ་གཟུངས་བར་འགྱུར།།

  ཚིགས་སུ་བཅད་པ་འདི་དག་ནི། །མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །ཆོ་ག་འདི་དག་ཐམས་ཅད་ནི། །གང་ལ་དད་པས་ཡིད་ཆེས་ན། །འགྲུབ་པར་ཐེ་ཙོམ་མེད་པར་འགྱུར། །བཟླས་བརྗོད་འབུམ་ནི་བྱས་གྱུར་ན། །དགོས་པ་ཐམས་ཅད་འགྲུབ་པར་འགྱུར། ། ཞེས་སོགས་ཕན་ཡོན་དཔག་ཏུ་མེད་པ་གསུངས་སོ།།

   མདོར་ན། མི་ཡི་ནད་གདོན་བར་ཆད་སེལ་ཅིང་རིགས་རྒྱུད་འཕེལ་བ་དང་། ཞིང་གི་ལོ་ཏོག་བར་ཆད་སེལ་ཅིང་འབྲུ་རིགས་འཕེལ་བ་དང་། ཚེ་འདིར་སེམས་པ་བཟང་ཞིང་བདེ་བའི་མཐུན་རྐྱེན་དང་། འཆི་ཁར་བདེ་ཞིང་ཕྱི་མར་ཕན་པའི་མཐུན་རྐྱེན་ཏེ། ཕན་ཡོན་ཉི་ཤུ་ལྷག་དངོས་སུ་གསུངས་ཤིང་། འདི་ཡི་རིགས་འགྲེས་ཀྱིས་ལས་གང་བྱ་ཡང་གཟུངས་སྔགས་འདི་ཡིས་བྱ་ན་མདོ་སྔགས་གང་དང་མི་འགལ་བས་རྩོད་པ་མེད་པ་དང་། ཁུངས་བཙུན་ཞིང་ཡིད་ཆེས་པས་དོན་འགྲུབ་སླ་བ་ཡིན་ནོ།།

དེས་ན་ཚུལ་འདི་དག་ལ་དགོངས་ནས་མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་ནས།

 

རྟེན་ཅིང་འབྲེལ་བ་འབྱུང་འདི་རྒྱལ་བ་ཡི།།

གསུང་གི་མཛོད་ཡིན་གཅེས་པ་ཟབ་མོ་བཟུངས།།

 

ཞེས་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་རྣམས་ལ་གདམས་སོ།།

   དེས་ན་གཟུངས་སྔགས་འདི་ནི་མདོ་སྔགས་གང་དང་སྦྱར་ནའང་དོན་ཟབ་ཅིང་ཕན་ཡོན་དཔག་ཏུ་མེད་པ་ཡིན་པས། རང་བཟོའི་སྔགས་དང་ཁུངས་ལུང་མེད་པའི་ལུགས་སྲོལ་སྤངས་ཏེ། ནང་པའི་རྟེན་ཅིང་འབྲེལ་བ་འབྱུང་བའི་ནོར་བུའི་མཛོད་ཆེན་ལྟ་བུ་འདི་ཉིད་ཉམས་སུ་བླང་བར་བྱའོ།།

  འདི་ནི་དོན་གཉེར་ཅན་མང་པོས་ལན་མང་བསྐུལ་བ་ལ་བརྟེན་ནས། འདུལ་བ་མདོ་སྡེ་གསང་སྔགས་དང་བཅས་པ་ལ་ཆོས་རྒྱུས་ཅུང་ཟད་ལྡན་པའི་ལྷ་རམས་ངག་གི་དབང་ཕྱུག་པས། བོད་རྒྱལ་ལོ་༢༡༤༧རབ་གནས་ལྕགས་བྱི་སྟེ་རབ་བྱུང་བཅུ་བདུན་པའི་བགྲང་བྱ་བཅོ་ལྔ་ལོ་ཡི་ཕུགས་ལུགས་བོད་ཟླ་གཉིས་པའི་ཡར་ཚེས་༩དང་། འདུལ་ལུགས་དཔྱིད་ཟླ་འབྲིང་པོའི་ཚེས་༢༤། ཕྱི་ལོ་2020/4/2/2/20/20/བྱང་ཨ་མི་རི་ཀའི་ལྔ་སྡེ་Wilmington་ཞེས་པར་ཏོག་དབྱིབས་ནད་སེལ་སོགས་ཀྱི་ཆེད་དུ་ཕན་སེམས་ཀྱིས་བྲིས་སོ།།  

格西阿格旺久平台ལས་བཤུས

བརྒྱུད་འགོད།