གཤོང་ཤན་ཉེ་འཁོར་གྱི་ས་མིང་དང་གྲོང་སྡེ་འགའ་ཞིག་གི་མཚན་ཐོ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-06-04 20:54:23     རྩོམ་པ་པོ།   སངས་རྒྱས་རྒྱ་མཚོ།     ཀློག་ཐེངས།  

1哦.jpg

མགོན་པོ་བྲག་ནག་ནི་གཡའ་བྲག་བརྩེགས་པའི་རི་ཤིན་ཏུ་རྔམས་བརྗིད་ཅན་གང་ནས་བལྟས་ཀྱང་མི་སྡུག་འཇིགས་རུང་གི་ཉམས་ཡོངས་སུ་གྲུབ་པ་དང་།    དེའི་ཁོར་ཡུག་ཀུན་ཏུ་སྤང་རི་དང་གཡའ་རི་བྲག་རི་ཆུ་བོ་ནགས་ཚལ་སོགས་ཀྱིས་ཡོངས་སུ་བརྒྱན་འདུག  མགོན་པོ་བྲག་ནག་ནི་ཡེ་ཤེས་མགོན་པོའི་བཀའ་གཉན་དྲག་ཤད་ནག་པོའི་རྣམ་འཕྲུལ་དུ་གསུངས།   འཁྱམ་ཐོ།  རི་བག་མ།  རི་ལོག་ལོག་འགའ་རེ་བག་མ་འགྲོ་བའི་ཚུལ་དུ་གནས་ཡོད་པས་རི་བག་མ་ཞེས་གྲགས།   ལྷ་རྒྱལ་རི།   ཙོང་ཁའི་སྐྱེས་རི།   ཕོ་རོག་གདོང་།   སྐྱེས་རིའི་མར་ཁ་ན་དཔའ་བོ་དམག་གསུམ་མམ་སྤུན་གསུམ།   རི་ཆེན་འདིའི་རྒྱབ་ངོས་སུ་ཟངས་རི་ཆེ་ཆུང་གཉིས་ཡོད།   བྱང་གི་ཙོང་ཆུ་དང་ལྷོའི་རྨ་ཆུ་གཉིས་ཀྱི་བར་དུ་ཡོད་པའི་ཙོང་ལ་རིང་མོའི་རྫ་རྒྱུད་འདི་ཤར་དུ་ལན་གྲུ་དང་ཉེ་ཞིང་།   ནུབ་ཕྱོགས་སུ་ཉིན་ཞག་དུ་མའི་བར་ཆོད་པའི་རི་རྒྱུད་ཤིན་ཏུ་རིང་བོ་ཞིག་ཡིན།   ཙོང་ཁའི་སྐྱེས་རི་ནི་རི་བོ་མཐོ་ཞིང་བརྗིད་ཆགས་པ་དབུ་རྩེ་ནམ་མཁའི་དབྱིངས་སུ་ཟུག་པ།   རི་རྩེ་གཡའ་བྲག་ཁོ་ནའི་གྲུབ་པ།  རི་སུལ་ཆེ་ཆུང་མང་བོར་རྩི་ཤིང་ནགས་ཚལ་དང་།   སྨན་གྱི་མྱུ་གུ་སྣ་ཚོགས་ཀྱིས་ཡོངས་སུ་ཁེབས་པ།   ལ་ལུང་དང་རིའི་ཁོར་ཡུག་ཀུན་ཏུ་ཆུ་ཕྲན་དུ་མ་ཕྱོགས་ཀུན་ནས་འབབ་པའི་རི་ཆེན་འདི་ལ་ཙོང་ཁའི་སྐྱེས་རི་ཞེས་འབོད།   རི་ཆེན་འདི་ལ་ལྷོ་ཕྱོགས་ནས་རྒྱང་ལྟ་བྱས་ན་དངོས་གནས་རྗེ་ཙོང་ཁ་བས་དབུ་ཞྭ་མནབས་ནས་བཞུགས་པ་དང་ཆ་འདྲ་བ་ཞིག་ཡོད།   མཁས་དབང་ཨ་ཀྱྰ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་གནས་རི་འདི་དང་འབྲེལ་བའི་བསྟོད་པ་ཞིག་ལས།    འཛམ་གླིང་ནོར་འཛིན་ཡངས་པའི་བྱང་གི་ཆར། །  ཆོས་སྲིད་འབྱོར་བ་རྣམ་རྒྱས་མདོ་སྨད་ཡུལ། །  ཡབ་རྗེ་རྒྱལ་བ་གཉིས་པ་སྐུ་བལྟམས་པའི།།  བཙོང་ཁ་ཞེས་སུ་གྲགས་པའི་བ་དན་དཀར། །   དེར་ནི་བཀོད་ལེགས་སྤང་ལྗོངས་རི་བྲག་དང་། །   ལྷུང་ལྷུང་དལ་གྱིས་འབབ་པ་གཙང་མའི་ཆབ། །   སྣ་ཚོགས་ལྗོན་པ་མེ་ཏོག་རྒྱས་པའི་ཚལ།  །  ལ་སོགས་ངོ་མཚར་བཀོད་ལེགས་ཡིད་འཕྲོག་སར། །   རྣམ་མང་རི་བོའི་རྩེ་ཕྲན་མཐའ་དག་ལས། །  ལྷུན་ཆགས་ས་འཛིན་དབང་བོ་མཁའ་དབྱིངས་སུ། །  ཆེར་འཕགས་ཙོ༵ང་ཁ༵འི་སྐྱེ༵ས་རི༵་མཐོན་པོ་ཞེས། །  གྲགས་པའི་རྔ་སྒྲ་ཕྱོགས་ཀུན་དལ་གྱིས་རྒོད། །  ཞེས་གསུངས་པ་ནི་རང་བཞིན་བརྗོད་པ་ཁོ་ནའོ། །   ཙོང་ཁའི་སྐྱེས་རིའི་དབུ་རྩེ་ཤར་ངོས་སུ་བྱེ་མ་རྟ་སྒང་དང་།  འདིའི་འགྲམ་དུ་ཤར་གྱི་གོ་ཚང་བླ་མཚོ་དང་།   སྐྱེས་རིའི་དབུ་རྩེའི་སྐེད་ན་དབྱར་དགུན་མེད་པའི་ཆུ་མགོ་ཟེར་བ་ཡོད།   སྐྱེས་རིའི་དབུ་རྩེའི་ནུབ་ངོས་སུའང་གོ་ཚང་བླ་མཚོ་ཡོད་ཅིང་།  མཚོ་ཆུང་འདི་གཉིས་ལ་སྐྱེས་རིའི་རྣ་ལུང་གཉིས་ཟེར།  ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་རྣམ་ཐར་དུ་ཙོང་ཁའི་སྐྱེས་རིའི་བླ་མཚོ་ཟེར་བ་ནས་བདུན་མཚམས་དང་བོའི་མགོ་བཟུང་།   མཇུག་དར་གྱི་ལྷ་མཚོ་ནས་གྲུབ་པར་བྱས་གསུངས་པའི་དར་གྱི་ལྷ་མཚོ་ནི་ཚེ་རུག་དར་གྱི་གྲོང་གི་ནུབ་བྱང་དུ་ཡོད་པའི་མཚོ་ཆུང་དེ་ཡིན་པར་བཤད།   སྐྱེས་རིའི་དཀྱིལ་ངོས་ཀྱི་མདུན་དུ་ཕོ་རོག་གདོང་ཡོད།   འདིའི་རི་ངོས་ནས་ཙོང་ཁའི་སྐྱེས་རིའི་རི་རྩེར་འགོས་ན་ཅུང་ཟད་ཐག་ཉེ།   སྐྱེས་རིའི་མདུན་ངོས་ཤར་ལྷོའི་ཕྱོགས་སུ་རྒྱ་རྒྱབ་སྒང་ཡོད། རྒྱ་རྒྱབ་སྒང་གི་ནུབ་ངོས་སུ་བྱ་ཁྱུང་བདེ་ཁང་བ་བློ་བཟང་རབ་བརྟན་གྱི་བཞུགས་གནས་ལུང་གཡོན་རི་ཁྲོད་དགའ་ལྡན་ཆོས་འཕེལ་གླིང་ཡོད།   སྐྱེས་རིའི་ཤར་ཕྱོགས་སུ་བྲག་དམར་སྒང་།   སྐྱེས་རིའི་གཡོན་ཟུར་དུ་བར་གདོང་དང་།  འཐེན་གི་ནང་།   སུལ་མགོ   བྲག་ཆོས་རྒན།    གནའ་བཟུང་ནང་།   སེར་སྐེ་གདོང་།   ཁྲ་རིས་ནང་དང་ཁྲ་རིས་ལབ་རྩེ་བཅས་ཡོད།    ཙོང་ཁའི་སྐྱེས་རིའི་མར་ཁ་མིག་རྒྱང་གང་གི་ཚོད་ཙམ་ན་དབའ་བོ་དམག་གསུམ་མམ་སྤུན་གསུམ་ཡོད།   ཡུལ་དེ་གའི་ངག་རྒྱུན་དུ་རྒྱལ་བོ་ཁྲི་རལ་བ་ཅན་གྱི་དུས་བོད་ཀྱི་དམག་དཔོན་སྤུན་གསུམ་ས་འདིར་སྐུ་གཤེགས་ནས་བང་སོ་རི་རྩེར་བརྩིགས་པས་ས་མིང་ལ་དེ་ལྟར་ཐོགས་ཞེས་གྲགས།    ཡང་མགོན་པོ་བྲག་ནག   འདིའི་གཡོན་ཕྱོགས་སུ་རི་རྫ་མ་ཞེས་པ་རྫ་མ་ཁ་སྦུབ་པ་འདྲ་བ་ཞིག་ཡོད།   རི་རྫ་མའི་ཐག་ཉེར་བྲག་ཞ་ཙེ་ཡོད།  འཁྱམ་ཐོ་རི་ངོས་ཀྱི་གཟའ་སྡོང་སྒང་ན་སྔོན་ཆད་གཟའ་སྡོང་སྤོམ་པོ་ཞིག་ཡོད་ཅིང་།  དབྱར་དུས་བྱ་བྱིའི་འབུ་སྲིན་སོགས་སེམས་ཅན་མང་བོར་གནོད་པས་རྗེ་གསེར་ཁང་བའི་སྐུ་དུས་སུ་བཅད་ཟེར།  གསེར་ཁང་རི་ཁྲོད་ཀྱི་གཡས་སུ་འཁྱམ་ཐོ་རི་དང་དེའི་གདོང་རྒྱུད་གཟར་བོ་ཐུར་དུ་བརྐྱངས་ཡོད།   གསེར་ཁང་གི་གཡོན་ཕྱོགས་སུ་ལྷ་རྒྱལ་རི་དང་དེའི་འདབས་སུ་པད་མོ་སྟེང་གྲོང་སྡེ་ཆགས་ཡོད། གཤོང་ཤན་པད་མོ་སྟེང་ནས་རྟ་བབས་ནང་དང་།   རྟ་བབས་ལ།  རྫ་ལྟོང་ལ་རིང་བརྒྱབ་ཏེ་རི་རྩེར་འཛེག་ན་རྫ་ལྟོང་ཉག་ཁ་དང་།  རྩ་སྐྱ་ཉག་ཁ་ཡོད།   དེའི་ཉེ་འཁོར་དུ་ལབ་རྩེ་བཤིག་ར་ཡོད།  དེ་ནས་ཐུར་དུ་བསྐྱོད་དེ་མར་བབ་འཕྲལ་ལ་རྩར་སྐུ་འབུམ་ཞིང་སྐྱོང་ཚོ་བའི་ཤྭ་རྒྱ་གསོར་རྒྱ་ཞེས་འབོད་པའི་གྲོང་སྡེ་ཡོད།   རབ་བྱུང་བཅུ་གཉིས་པའི་ཆུ་ལུག་སྤྱི་ལོ་༡༧༠༣ལོར་རོང་བོ་མཁན་ཆེན་དགེ་འདུན་རྒྱ་མཚོ་སོགས་ཀྱིས་མདོ་སྨད་བྱང་རྒྱུད་ཀྱི་དགོན་ཆེན་སོ་སོར་དམ་བཅའ་དང་གནས་མཇལ་བྱེད་སྐབས། གསེར་ཁང་རི་ཁྲོད་ནས་ཙོང་ཁའི་སྐྱེས་རི་ཕྱོགས་ལ་འགྲོ་བའི་ལམ་ཁ་རྙིང་བ་འདི་བརྒྱུད་དེ་སྐུ་འབུམ་ཕྱོགས་སུ་ཕེབས་ཚུལ་དང་།  གཤོང་ཤན་ཇོ་བོ་རིན་པོ་ཆེ་དང་དུས་མཚུངས་སུ་བཀའ་འགྱུར་རིན་པོ་ཆེ་རྟ་ཡིས་གདན་དྲངས་ཚེ་རྟ་ཐུར་དུ་བབས་པས་ས་མིང་ལ་རྟ་བབས་ཞེས་གྲགས་པའི་ཟུར་ཞིག་ཁོང་གི་རྣམ་ཐར་དཔག་བསམ་ལྗོན་ཤིང་ལས་གསུངས།  འགྲོ་མགོན་ཞབས་དཀར་ཚོགས་དྲུག་རང་གྲོང་ཚང་གསེར་ཁང་རི་ཁྲོད་ནས་ཙོང་ཁའི་སྐྱེས་རིའི་གཡས་ཕྱོགས་ཀྱི་རི་རྩེ་བརྒལ་ནས་ཕར་ནང་དུ་རྐང་ཐང་ལ་དཔའ་རིས་ཕྱོགས་སུ་ཕེབས་ཚུལ་གསུང་ཡོད།   སྔོན་ཆད་གཤོང་ཤན་དང་ཚེ་རུག་གི་མི་རྣམས་ཟི་ལིང་དང་སྐུ་འབུམ་ཕྱོགས་སུ་འགྲོ་སྐབས་རྟ་བབས་ལ་རིང་བརྒྱུད་དེ་སོང་ན་ཐག་ཉེ་ཡིན་པ་དང་དེ་ལྟར་འགྲོ་བ་ཡང་སྔོན་ཆད་རྒྱུན་ལྡན་ཡིན་པར་བཤད།   གཤོང་ཤན་པད་མོ་སྟེང་ནས་བྱ་ཁྱུང་མཁན་པོ་ཤེས་རབ་བཟང་བོ་དང་། མཁན་པོ་བསོད་ནམས་བཟང་བོ། པད་མོ་སྟེང་ཞབས་དྲུང་སོགས་འཁྲུངས།   གཤོང་ཤན་ཚོ་བ་ལྔའི་གྲས་སུ་རྡོ་འཕོང་གྲོང་སྡེ་དང་།  གཤོང་ཤན་གྲོང་སྡེ།   དབལ་གོང་དང་ལོག་མ་གྲོང་སྡེ། གཤོང་ཤན་ཐང་གཞུག་དང་ཐང་ཆུང་གྲོང་སྡེ། གཞི་མ་ནང་གྲོང་སྡེ། པད་མོ་སྟེང་དང་ཇོ་ཤར་གྲོང་སྡེ་བཅས་ཡོད།   གཤོང་ཤན་གཞི་མ་ནང་དུ་ཆུ་མགོ་ངོ་མཚར་བ་ཞིག་དང་། དབལ་གོང་ཤར་ངོས་སུ་ཤིང་སྡོང་རིགས་མི་འདྲ་བ་ཞིག་ཡོད་པར་གླེང་།  ཆུ་ལ་འོ་མ་མི་དགོས་འབྲུག་ཆུ་དཀར་མོ།  ཤིང་ལ་སྟ་རེ་མི་དགོས་འབག་པ་ལྷ་ཤིང་། ཤིང་ཐོད་དཀར་ཡིན་པར་བཤད།  སྐུ་ལ་རབ་གནས་མི་དགོས་གཤོང་ཤན་ཇོ་བོ།  ཞེས་དེ་དག་གི་གཏམ་རྒྱུད་དང་ཁྱད་ཆོས་དེང་སང་ཡང་གླེང་བཞིན་ཡོད།  རྡོ་འཕོང་གྲོང་སྡེའི་གཡས་ངོས་གདོང་རྒྱུད་དུ་གནམ་སྟེང་ལ་ཁའི་རི་ཁྲོད་བཀྲ་ཤིས་དགེ་འཕེལ་ཆགས་ཡོད།   གསེར་ཁང་དགེ་བཤེས་བྱ་བྲལ་ལྷ་རམས་པ་ཨ་རིག་སྨོན་ལམ་བཟང་བོ་གནམ་སྟེང་ལ་ཁར་རྒྱུན་རིང་བཞུགས། རབ་ཡིད་ཆུ་ཕག་སྤྱི་ལོ་༡༨༦༣ལོར་བྱ་ཁྱུང་བདེ་ཡངས་བློ་བཟང་བསྟན་འཛིན་ནོར་བུ་ཚང་གནམ་སྟེང་ལ་ཁར་རྒྱུན་རིང་བཞུགས། རབ་ཚེས་ཆུ་ལུག་སྤྱི་ལོ་༡༨༨༣ལོར་ཀུན་མཁྱེན་སྐུ་ཕྲེང་བཞི་བ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་ཚང་སྐུ་འབུམ་དུ་ཕེབས་པའི་ལམ་ཞོར་གནམ་སྟེང་ལ་ཁར་སྐུ་ངལ་གསོ་གནང་།  རྡོ་འཕོང་སྡེ་བས་གསོལ་ཞོ་མང་བོ་ཕུལ།   ཞོ་སྣོད་གསུམ་ཡོད་པ་ཙོང་ཁའི་སྐྱེས་རི་དང་།  མགོན་པོ་བྲག་ནག  རྒོད་རྩེ་བཅས་ལ་མཆོད་པར་མཛད།  རབ་ཚེས་ཆུ་སྟག་སྤྱི་ལོ་༡༩༠༢ལོའི་ཧོར་ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན་དཔོན་པོ་བཀྲ་ཤིས་ཚེ་རིང་དང་རྡོ་འཕོང་སྡེ་བས་ཞུ་ནན་བཞིན་རྗེ་ཞྭ་དམར་རིན་པོ་ཆེ་གནམ་སྟེང་ལྷ་རི་ཞལ་དཀར་ཟེར་བའི་སྤངས་ལྗོངས་སུ་ཕེབས།  རྗེ་ཞྭ་དམར་རིན་པོ་ཆེས་བླ་སྤྲུལ་དགེ་བཤེས་བརྒྱད་ཅུ་སྐོར་ལ་ཕར་ཕྱིན་གྱི་དཔེ་ཁྲིད་དང་།  སྐུ་འབུམ་ཆེ་ཤོས་ཚང་ལ་སྔགས་རིམ་ཆེན་མོའི་བཤད་ལུང་། འགྲེལ་ཆེན་དྲི་མེད་འོད་བུ་སྟོན་གྱི་མཆན་དང་སྦྲགས་པའི་བཤད་ལུང་།   ཐང་རིང་རྒྱལ་བ་ཚང་ལ་འཇིགས་བྱེད་དཔའ་གཅིག་གི་དབང་།   སྒྲོལ་དཀར་རྗེས་གནང་སོགས་རིམ་པར་སྩལ།   རབ་ཚེས་ཤིང་འབྲུག་སྤྱི་ལོ་༡༩༠༤ལོའི་ཧོར་ཟླ་ལྔ་བའི་བཅོ་ལྔ་ཉིན་རྗེ་ཞྭ་དམར་རིན་པོ་ཆེ་སྟོན་འཁོར་རྣམས་གནས་སྟེང་ལ་ཁར་ཕེབས།   ཀུན་སྤངས་སེམས་དཔའ་ཆེན་པོ་རྗེ་ངག་དབང་བསྟན་དར་བའི་དྲུང་ནས་རྗེ་ཞྭ་དམར་རིན་པོ་ཆེ་དང་།   སྐུ་དབོན་མཁར་ནང་ཞབས་དྲུང་ངག་དབང་མཁས་བཙུན་རྒྱ་མཚོ།   སློབ་གཉེར་བ་མ་ཡིན་པའི་རི་ཁྲོད་པ་ཁ་ཤས་བཅས་ཀྱིས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་བཀའ་འབུམ་གྱི་ལུང་གསན།   རྗེ་ཞྭ་དམར་རིན་པོ་ཆེ་ལ་བྱ་ཁྱུང་གི་གྲྭ་རིགས་བརྩོན་འགྲུས་རྒྱ་མཚོས་ཞུས་པ་བཞིན་རྗེ་ངག་དབང་བསྟན་དར་དང་།   བྱ་བྲལ་སྤྲུལ་སྐུ།   གསེར་ཁང་དགེ་བཤེས་སྤྲུལ་སྐུ་དགེ་འདུན་བསྟན་པ་དར་རྒྱས།   སྐུ་དབོན་ཞབས་དྲུང་སོགས་གསན་མཁན་མང་བོར་སྲད་རྒྱུད་བླ་མའི་རྣལ་འབྱོར་གྱི་ཁྲིད་དང་།   ཨོར་ཏུ་སུ་ཨོ་ཐོག་པེ་ལིའི་མཁན་པོ་བཀའ་འགྱུར་བའི་ཡང་སྤྲུལ་དཀོན་མཆོག་འཇིགས་མེད་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་ཞུས་ངོར།   གྲུབ་རྒྱལ་ཚེ་དབང་སོགས་འདོད་ཆོས་དུ་མ་སྩལ།   འདི་དུས་དཔོན་པོ་བཀྲ་ཤིས་ཚེ་རིང་དང་རྡོ་འཕོང་སྡེ་བས་གཟིམ་སྤྱིལ་གསར་བསྐྲུན་གྱི་སྙན་ཞུས་ཕུལ་བར།  རྗེ་ཉིད་ཀྱིས་ཞལ་བཞེས་མ་མཛད་ཀྱང་།   ཁོ་རང་ཚོས་ཨུ་ཚུགས་ཀྱིས་ཞུས་ཏེ་གསོལ་ཐབ་ཆུང་དུ་ཞིག་ལས་བགྱིའི་ཞལ་བཀོད་སྩལ་བར་དགའ་སྤྲོས་དྭངས་ལེན་ཞུས།  རབ་ཚེས་མེ་རྟ་སྤྱི་ལོ་༡༩༠༦ལོར་ལྡེ་ཚའི་རི་ཁྲོད་པ་རྣམས་གནམ་སྟེང་ལ་ཁར་དབྱར་ཆོས་འཚོགས་ཤིང་།   སྐུ་འབུམ་དགེ་བཤེས་ཧོར་ཆེན་ཡེ་ཤེས་རྒྱ་མཚོ་གདན་དྲངས་ཏེ་འཛིན་གྲྭ་སོ་སོར་ལེགས་བཤད་ཀྱི་སྐྱེས་བཟང་སྤེལ་དུ་བཅུག   སྙན་བརྒྱུད་གདམས་པའི་མཛོད་འཛིན་ར་རྒྱའི་ཀུན་སྤངས་ཆེན་པོ་ངག་དབང་བསྟན་དར་གྱི་དྲུང་ནས་རྗེ་ཞྭ་དམར་རིན་པོ་ཆེ་མཆོག་གིས་ཀུན་མཁྱེན་འཇིགས་མེད་དབང་བོའི་གསུང་འབུམ་གྱི་ལུང་གསན་བཞེས་མཛད་དོ། །    རྡོ་འཕོང་གྲོང་སྡེར་བྱ་ཁྱུང་མཁན་པོ་རྡོ་འཕོང་དགེ་བཤེས་ངག་དབང་ཤེས་རབ་དང་།   སྐུ་འབུམ་ཨན་འཇའ་སུ་སྤྲུལ་སྐུ་བློ་བཟང་དགེ་འདུན་བསྟན་པ་རིན་ཆེན།   བཤེས་གཉེན་ཆེན་པོ་རྡོ་འཕོང་མཁས་གྲུབ་བཟང་བོ།   རྗེ་ཞྭ་དམར་རིན་པོ་ཆེ་དང་སྐུ་འབུམ་ཆེ་ཤོས་ཚང་གཉིས་ཀའི་དངོས་སློབ་རྡོ་འཕོང་དགེ་བཤེས་དགེ་འདུན་རྒྱ་མཚོ་སོགས་སྡེ་འདིར་སྐུ་འཁྲུངས། རྗེ་ཞྭ་དམར་ཚང་གི་བཀའ་ལྟར་རྡོ་འཕོང་དགེ་བཤེས་དགེ་འདུན་རྒྱ་མཚོས་སྐུ་འབུམ་ཆེ་ཤོས་ཚང་གི་མདུན་ནས་རྒྱལ་བ་དགེ་འདུན་རྒྱ་མཚོའི་བཀའ་འབུམ་གྱི་ལུང་སོགས་གསན་བཞེས་མཛད།  རྡོ་འཕོང་དགེ་བཤེས་ཚང་གནམ་སྟེང་ལ་ཁར་རྒྱུན་རིང་བཞུགས་ཤིང་། ཁོང་གི་རྟེན་ཁྲོད་དུ་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཕྱག་དྲིལ་འཁྲུལ་མེད་དང་།   དབུས་གཙང་སོགས་ནས་གདན་དྲངས་པའི་སྔོན་གྱི་དཔེ་རྙིང་དཀོན་པོ་རྣམས་རྗེ་ཞྭ་དམར་རིན་པོ་ཆེ་དང་། རྗེ་ཞྭ་དམར་པའི་དངོས་སློབ་རྒན་པ་ཚོས་གཡར་པོ་ཞུས་ཏེ་ལྟ་རྟོག་དང་བུ་བཤུས་བྱས་ཚུལ་ཡུལ་དེ་གར་ངག་རྒྱུན་ཁུངས་མ་ཡོད་དོ། །  རྡོ་འཕོང་གྲོང་གི་རྒྱབ་རི་མགོན་པོ་བྲག་ནག་ཡིན་ལ།   དེའི་ནུབ་ངོས་སུ་ཇོ་མོ་མཚམས་ཁང་ཡོད།   དེའི་མདུན་དུ་གསོམ་སྡོང་ཆེན་པོ་བཞི་སྐྱེས་ཡོད་པ་རིག་གནས་གསར་བརྗེ་སྐབས་བཅད་ཟེར།   མཚམས་ཁང་གི་མདུན་ཐང་དེ་ལ་དགོན་པའི་ཤུལ་ཞེས་འབོད།  སྔོན་གྱི་དུས་མགོན་པོ་བྲག་ནག་གི་མཚམས་ཁང་དུ་རི་ཁྲོད་པ་གཉིས་བཞུགས་སྐབས་རི་ཁྲོད་པ་གཅིག་གིས་བྲག་ཕུག་པའི་ལོ་རྒྱུས་དང་། ཅིག་ཤོས་ཀྱིས་ཆེ་ཆུང་བྱ་སྒོང་ཙམ་གྱི་ཕྲེང་བ་གཅིག་བཟུང་སྟེ་ཕྲེང་རྡོག་རེ་རེའི་སྟེང་དུ་རི་མོ་སྣ་ཚོགས་བརྐོས་ནས་བསྡད་ཟེར་བའི་གསུང་རྒྱུན་ཨ་ཀྱྰ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱི་དངོས་སློབ་སྨད་སོག་ཁེ་ཤིག་ཐེན་དགེ་བཤེས་བདེ་ལེགས་འབྱུང་གནས་ཀྱིས་མཛད་པའི་ཐོག་མར་བློ་སྤྱོང་གི་ཟིན་བྲིས་བཀའ་གདམས་མེས་པོའི་ཞལ་ལུང་ཆོས་འདོད་སྙིང་གི་བདུད་རྩི་སོགས་ལས་གསུངས།   མགོན་པོ་བྲག་ནག་གི་གཡས་སུ་ཕྱྭ་གཡང་ལྷུན་པོ་དང་།   འདིའི་རྩེ་མོར་ཁ་ཡངས་སྡེ་བའི་ལབ་རྩེ་ཡོད།   ཁ་ཡངས་གྲོང་སྡེ་སྔོན་ཆད་རྡོ་འཕོང་གི་ནོར་བ་ཡིན།  མགོན་པོ་བྲག་ནག་གི་གཡོན་ངོས་ཐོང་ལྕགས་རིའི་སྟེང་དུ་ལྕང་མ་གླང་མ་དང་།   སྐྱེར་བ་གླ་ཤིང་སུ་རུ་སོགས་ཤིང་ནགས་མང་དུ་སྐྱེས་ཡོད།   རྡོ་འཕོང་གྲོང་སྡེ་དང་འདབས་འབྲེལ་བའི་གྲོ་གདོང་སྡེ་བ་འདི་སྤྱི་ལོ་ང་བརྒྱད་ཀྱི་སྔོན་ཞིག་ནས་ས་འདིར་འོང་སྟེ་གཞི་ཆགས་བྱས་ཤིང་།  ཐོག་མར་ཁོ་ཚོས་ས་རྒོད་བསློགས་ནས་ས་ཞིང་བཏབ།  སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་བར་དུ་ལོ་ངོ་གྱ་གཉིས་ཙམ་འགོར་ཡོད་པར་གླེང་།  གཤོང་ཤན་དང་ལྡེ་ཚར་ཡོད་པའི་རྒྱ་རིགས་རྣམས་རྒྱ་ནག་ནས་དམག་ལ་མ་ཞུགས་པ་དང་།   དམག་འཁྲུག་གི་དོན་རྐྱེན་སོགས་ལ་གཞོལ་ནས་བྲོས་བྱོལ་དུ་ཡོང་བ་དང་།  ཡང་ཤིང་བཟོ་དང་།   གདན་འཇོག   རྡོ་བཟོ།   མགར་བ་སོགས་ལག་ཤེས་པ་འགའ་རེ་ཡོང་བ་དང་།  མཚོ་སྔོན་དུས་འཁྲུག་སྐབས་སྐུ་འབུམ་ས་ཆའི་བོད་མི་ཉུང་ཤས་ཤིག་བྲོས་བྱོལ་དུ་ཡོང་ནས་རྒྱ་མི་ཡིན་ཁུལ་གྱིས་གཞི་ཆགས་བྱས་པའང་ཡོད་ཟེར།   ལྡེ་ཚ་དགོན་པའི་ཉེ་འདབས་ཀྱི་ཧོས་ཧོས་ཚོས་ཐོག་མར་ཚོང་ལས་དང་རྗེས་སུ་ཤན་འབན་གྱི་ལས་ཀ་གཉེར་ཏེ་ཡུན་རིང་བསྡད་པས་གཞི་ཆགས་པར་གྲགས། དེ་དུས་ལྡེ་ཚའི་ནང་སོ་དང་དགོན་པ་སོགས་ལ་སྐྱབས་བཅོལ་དང་མགོ་འདོགས་བྱས་ཏེ་གཞི་བཟུང་བར་གྲགས།   རྡོ་འཕོང་དང་གཤོང་ཤན་བར་དུ་སྒར་ཁའི་སྒང་དང་།   རི་ཆེན་སྒང་།   ཅོག་འདུས་སྒང་།  བཀྲ་ཤིས་རྩེ།   ཉི་འབེན་ལ།   ཁ་ཤ་མཐིལ་གྱི་རྒྱབ་རི་སྒང་།   མཁར་མདའ་སྤྲུལ་སྐུ་བློ་བཟང་བསྟན་པ་རིག་གྲོལ་གྱི་རྫའི་མཁར་མདའ་སྒར། སྔོན་ཆད་མཁར་མདའ་འདི་བ་ཚང་ལ་བཀྲ་ཤིས་རྩེའི་ཉེ་འཁོར་གོང་ཐང་ལ་ཁར་མཁར་མདའ་སྒར་བ་ཡོད་ཟེར།  ཞིང་དམར་ཐང་ངམ་ཉི་འབེན་གྲོང་སྡེ་ལྡེ་ཚའི་ནང་སོའི་ནོར་བ་ཡིན་ཞེས་བཤད་ཚུལ་ཡོད།   དེའི་མན་ཆད་ན་དོར་ཤུལ་ཚོ་བ་ལྔ་བཅས་ཡོད། 

གདོང་གཞུག་དང་ཚེ་རུག་གཉིས་ཀྱི་མཚམས་སུ་ལབ་རྩེ་ནག་ལྡིང་ཡོད་ཅིང་།  ཚེ་རུག་ལ་གདོང་གཞུག་གྲོང་སྡེ།   སྐེ་བ་གྲོང་སྡེ། འདིའི་གོང་ན་སྔོན་གྱི་མདའ་ར་ཞིག་ཡོད།  སྡེ་འགང་གྲོང་སྡེ།  ཀྱོའུ་རྒྱ་གྲོང་སྡེ།   ཚེ་རུག་དར་གྲོང་སྡེ།   བོན་འཇའ་གྲོང་སྡེ་སོགས་ཡོད།  གདོང་གཞུག་ངག་དབང་ཆོས་གྲགས་ཚེ་རུག་བོན་འཇའ་རུ་སྐུ་འཁྲུངས།   སྐེ་བ་དང་བོན་འཇའ་གཉིས་ཀྱི་བར་ན་གསེག་རྡེའུ་ཉག་ཁ་ཡོད་།   ཟོག་པོ་རྩའི་མདོ་ན་སྐར་མ་སྒང་དང་།   སྐེ་བའི་གོང་ན་ཤ་འོང་ལ་ཁ།  སྡེ་འགང་སྒང་། བོན་འཇའི་བྱང་ཕྱོགས་སུ་སེར་འབུམ་ལ་ཁ།   ལྷོ་ནུབ་ཏུ་ལྷ་ཕུག་སྒང་།  གཤོལ་མགོ་སྒང་།   ཙི་མགོ་སྒང་།  ཆར་བྱོལ་སྒང་བཅས་ཡོད།  གཤོང་ཤན་དང་ཚལ་ཕུག་གི་མཚམས་སུ་སབ་སིབ་ཉག་ཁ་གོང་ཞོལ་གཉིས་ཡོད།  སྔོན་ཆད་ཚེ་རུག་དཔོན་པོ་བསོད་ནམས་སྟོབས་རྒྱས་ཞེས་སྟོབས་འབྱོར་མངའ་ཐང་ཅན་ཞིག་སྐྱེས།   ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་ཕྱག་མཛོད་མིང་གྲགས་ཅན་བློ་བཟང་བཀྲ་ཤིས་ཀྱིས་རང་གི་ཡུལ་ཕྱོགས་ཚེ་རུག་སྤྱི་ཁང་དུ་རྭ་རྒྱའི་བཀའ་འགྱུར་དཔར་མ་དཔེ་ཐུམ་གླེགས་ཤིང་གླེགས་ཐག་གདོང་དར་བཅས་གསར་དུ་བསྒྲུབས་ནས་རྟེན་དུ་འཇོག་གནང་མཛད།   བོན་འཇའ་གྲོང་སྡེའི་རྒྱབ་རི་གསེར་བཟང་སྐེད་ན་དུར་ཁྲོད་ངོ་མཚར་བ་འགའ་རེ་ཡོད།  གསེར་བཟང་སྐེད་ཀྱི་ལབ་རྩེ་ཉེ་འཁོར་དུ་རིགས་གསུམ་མགོན་པོའི་བླ་རི་ཡོད།  ཤར་གདོང་སྤྲུལ་སྐུ་དགེ་འདུན་བསྟན་པ་རབ་རྒྱས་དང་།   ཨ་ལགས་རྩ་བ་སྐུ་སྔོན་མ།   ཨ་ལགས་བདེ་ཡངས་བློ་བཟང་བསྟན་འཛིན་ནོར་བུ་སོགས་སྔོན་གྱི་དམ་པ་མང་བོ་ཞིག་གིས་ཆེད་དུ་གནས་དེར་སྐུ་གདུང་བྱ་གཏོར་གཏོང་དུ་འཇུག་པ་དང་།   སྤྱིན་སྲེག་བྱེད་པ། དེའི་ཤུལ་དུ་རྡེའུ་འབུམ་བརྩིགས་པ་བཅས་ཀྱིས་སྒོ་ནས་གནས་ཁྱད་པར་ཅན་དུ་བྱིན་གྱིས་བརླབས་པར་མཛད་དོ། །  བདག་ལ་ཡུལ་ཕྱོགས་དེའི་གྲོང་སྡེ་དང་ས་མིང་བཅས་ལ་རྒྱུས་མངའ་མེད་བཞིན་དུ་འཕྲོས་དོན་མང་བོ་བྲིས་པ་དགོས་མེད་ལྟ་བུར་སྣང་མོད།   སླན་ཆད་དེ་དག་ངོས་འཛིན་དང་སྲུང་སྐྱོབ་བྱེད་པར་བསམས་ཏེ་རྣམ་ཐར་ལོ་རྒྱུས་དང་རྒན་རབས་འགའི་ངག་རྒྱུན་ལྟར་སངས་རྒྱས་རྒྱ་མཚོས་འབྲི་ཁུལ་བྱས་པ་ལགས།   བཀྲ་ཤིས་ཤོག

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།