ཞལ་ཤུལ་དགོན་པའི་རྩོད་ཡིག་ནོར་བུའི་ཕྲེང་བ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-06 12:07:02     རྩོམ་པ་པོ།   ཀྲང་ཀྱ་ཞབས་དྲུང་སྐལ་བཟང་དཀོན་མ    ཀློག་ཐེངས།  

ང༵བ༵་ལྷ་མོའི་མཁྱེན་རབ་སྣང་བའི་མཛོད། །ཐུན་མཚམས་ངུར་སྨྲིག་འཛིན་པའི་རྫུ་བག་ལ། །བརྟེན་ནས་འཇམ་མགོན་སྟ༵པ༵འི་ཉི་འོད་ཀྱིས། །རྒྱ༵ཚོ༵འི་གོས་ཅན་འགེང་མཛད་གང་དེས་སྐྱོངས། །དེ་ལ་འདིར་ཆོས་སྡེ་འདིར་སྔོན་ཆད་རྩོད་ཡིག་མ་བྱུང་རྟེན། བསྡུས་གྲྭའི་རྩོད་པ་གོང་འཕེལ་དུ་འགྱུར་དཀའ་ཙམ་ཡོད་པ་དང་། བསྡུས་ཚད་རེ་རེ་ཆོས་ཐོག་ལྔ་དྲུག་ལ་བརྩད་དེ། དེ་ཙམ་ལས་རྩི་བཞག་ཀྱང་གོང་དུ་མི་འགྲོ་བ་བཅས་རྩོད་ཡིག་དགོས་ཚུལ་མོལ་བྱུང་བ་ལྟར། ཚད་མ་རྣམ་འགྲེལ་གྱི་རིགས་ལམ་གྱི་གྲྭ་ཕྱོགས་གཅིག་ཏུ་བསྡུས་པ་ལ་བསྡུས་གྲྭ་ཞེས་གྲགས་པའི་སྲོལ་སྟོད་དབུས་སྨད་གསུམ་དུ་གྲགས་ལ། འདིར་རྭ་བསོད་ནམས་དབང་རྒྱལ་གྱིས་མཛད་པའི་བསྡུས་གཞུང་ཉི་མའི་འོད་ཟེར་གྱིས་སྟེང་ནས། རྩི་བཞག་དང་རྩོད་པ་ལོ་དགུ་ལ་རྫོགས་པར་བྱ་ཚུལ་ནི།

བསྡུས་ཆུང་འཛིན་གྲྭའི་ལོ་གསུམ་གྱི་རིང་ལ། ལོ་དང་པོའི་དགུན་དཔྱིད་གཉིས་ལ་ཁ་དོག་དཀར་དམར། དབྱར་ཆོས་ལ་ཡོད་རྟོགས་མེད་རྟོགས། རིགས་གྲྭ་ལ་ཡིན་ལོག་མིན་ལོག སྟོན་ཆོས་ལ་ལྡོག་པ་ངོས་འཛིན། ལོ་གཉིས་པའི་དགུན་དཔྱིད་གཉིས་ལ་རྒྱུ་འབྲས་ཆུང་ངུ་། དབྱར་ཆོས་ལ་གཅིག་ཐ་དད། རིགས་གྲྭ་ལ་ཁྱབ་མཐའ་དགོད་ཚུལ། སྟོན་ཆོས་ལ་ཡུལ་ཡུལ་ཅན་ཚུགས། ལོ་གསུམ་པའི་དགུན་ཆོས་ལ་ཡུལ་ཡུལ་ཅན་རྫོགས། དཔྱིད་དབྱར་གཉིས་ལ་སྤྱི་བྱེ་བྲག རིགས་གྲྭ་ལ་འགལ་འབྲེལ་ཆུང་ངུ་། སྟོན་ཆོས་ལ་མཚན་མཚོན་ཚུགས།

བསྡུས་འབྲིང་འཛིན་གྲྭའི་ལོ་དང་པོར། དགུན་ཆོས་ལ་མཚན་མཚོན་རྫོགས། དཔྱིད་དབྱར་གཉིས་ལ་ཆ་བའི་ལུགས་ཀྱི་རྫས་ལྡོག རིགས་གྲྭ་དང་སྟོན་ཆོས་གཉིས་ལ་རིང་ལུགས་རྫས་ལྡོག ལོ་གཉིས་པཱ་དགུན་དཔྱིད་གཉིས་ལ་ཁྱབ་པ་སྒོ་བརྒྱད། དབྱར་ཆོས་རིགས་གྲྭ་གཉིས་ལ་ཁས་ལེན་སོང་ཚུལ། སྟོན་ཆོས་ལ་རྣམ་མཁྱེན་དྲུག་སྒྲ་ཚུགས། ལོ་གསུམ་པའི་དགུན་ཆོས་ལ་རྣམ་མཁྱེན་དྲུག་སྒྲ་རྫོགས་ནས་དཔྱིད་ཆོས་ལ་དགག་གཞིའི་དྲུག་སྒྲ་རྩོད། དབྱར་ཆོས་རིགས་གྲྭ་གཉིས་ལ་ཐལ་འགྱུར་ཆུང་ངུ་། སྟོན་ཆོས་ལ་དུས་གསུམ་རྣམ་བཞག་ཚུགས།

བསྡུས་ཆེན་འཛིན་གྲྭའི་ལོ་དང་པོ། དགུན་ཆོས་ལ་དུས་གསུམ་རྣམ་བཞག་རྫོགས། དཔྱིད་དབྱར་གཉིས་ལ་རང་མཚན་སྤྱི་མཚན། རིགས་གྲྭ་དང་སྟོན་ཆོས་ལ་སེལ་འཇུག་སྒྲུབ་འཇུག ལོ་གཉིས་པའི་དགུན་ཆོས་ལ་བརྗོད་བྱ་བརྗོད་བྱེད་ཚུགས། དཔྱིད་ཆོས་ལ་བརྗོད་བྱ་བརྗོད་བྱེད་མཚོན་སྦྱོར་བཅས་རྫོགས་ནས་དགག་སྒྲུབ་ཚུགས། དབྱར་ཆོས་ལ་དགག་སྒྲུབ་རྫོགས། རིགས་གྲྭ་ལ་གཞན་སེལ། སྟོན་ཆོས་ལ་འགལ་འབྲེལ་ཆེ་བ་བཅས། ལོ་གསུམ་པའི་དགུན་དཔྱིད་གཉིས་ལ་ཐལ་འགྱུར་ཆེ་བ། དབྱར་ཆོས་དང་རིགས་གྲྭ་གཉིས་ལ་རྒྱུ་འབྲས་ཆེ་བ་བཅས་དེ་ལྟར་བསྡུས་གྲྭ་ལོ་དགུའི་རིང་ལ་རྩོད་པ་ཧོར་ཁུངས་སུ་མ་ལུས་པ་དགོས་སོ། །

སྟོན་ཆོས་ལ་རྟགས་རིགས་ཀྱི་དབུ་ནས་རྩོད་པ་ཚུགས་ཏེ། སྟོན་ཆོས་དགུན་ཆོས་གཉིས་ལ་རྟགས་ཡང་དག རྟགས་རིགས་འཛིན་གྲྭའི་ལོ་དང་པོའི་དཔྱིད་དབྱར་གཉིས་ལ་རྟགས་ལྟར་སྣང་། རིགས་གྲྭ་སྟོན་ཆོས་གཉིས་ལ་འབྲས་རྟགས། ལོ་གཉིས་པའི་དགུན་དཔྱིད་གཉིས་ལ་རང་བཞིན། དབྱར་ཆོས་ལ་མི་སྣང་བ་ཚུགས། རིགས་གྲྭ་ལ་མི་སྣང་བ་རྫོགས་ནས་སྣང་རུང་ཚུགས། སྟོན་ཆོས་ལ་སྣང་རུང་རྫོགས། ལོ་གསུམ་པའི་དགུན་དཔྱིད་གཉིས་ལ་བློ་རིགས་བདུན། དབྱར་ཆོས་ལ་ཚད་མར་གྱུར་བ། རིགས་གྲྭ་ལ་མངོན་སུམ་བཞི། སྟོན་ཆོས་ལ་དམིགས་རྐྱེན་བདག་རྐྱེན་བཅས་རྫོགས།

རྣམ་འགྲེལ་འཛིན་གྲྭ་འོག་མའི་ལོ་དང་པོའི་དགུན་ཆོས་ལ་མཚན་དོན་ཚུགས། དཔྱིད་ཆོས་ལ་མཚན་དོན་གྱི་སྟེང་འགྱུར་ཕྱག་རྫོགས་པ་བྱེད། དབྱར་ཆོས་ལ་མཆོད་བརྗོད། རིགས་གྲྭ་ལ་དགོས་འབྲེལ། སྟོན་ཆོས་ལ་ཕྱོགས་སྒྲ་ཚུགས་ཏེ་ལོ་དང་པོའི་རྩོད་པ་སོང་། ལོ་གཉིས་པའི་དགུན་ཆོས་ལ་ཕྱོགས་སྒྲ་རྫོགས། དེ་ལྟར་རྣམ་འགྲེལ་གྱི་རྩོད་པ་རྫོགས་པར་བྱ་ཚུལ་རྩོད་ཡིག་ལོགས་སུ་དགོད་པ་ལྟར་རྩོད་པ་ཞིབ་པར་འགྲོ་བ་བྱས་ཏེ་བྱང་ཆུབ་ལམ་གྱི་རིམ་པར་བག་ཆགས་ཅི་ཐེབས་བྱ་དགོས་སོ། །

དེའི་ཚུལ་ཡང་དཔེ་ཀློག་ཞིབ་མོ་བྱས་ཏེ།ལམ་རིམ་ཆུང་ངུའི་སྟེང་ནས་བཀའ་རམས་འཛིན་གྲྭའི་ལོ་གསུམ་ལ་རྫོགས་པར་བྱ་ཚུལ་ནི། ལོ་དང་པོའི་དགུན་ཆོས་ལ་ལམ་རིམ་གྱི་དབུ་ནས་ཆོས་ལ་ཉན་བཤད་བྱ་ཚུལ་ཡན་རྫོགས། དཔྱིད་ཆོས་ལ་བཤེས་གཉེན་བསྟེན་ཚུལ། དབྱར་ཆོས་ལ་དལ་འབྱོར་གྱི་སྐོར། རིགས་གྲྭ་ལ་འཆི་བ་མི་རྟག་པ་ཡན་ཆོད། སྟོན་ཆོས་ལ་འཆི་བ་མི་རྟག་པ་དང་ངན་འགྲོའི་སྡུག་བསྔལ་བཅས། ལོ་གཉིས་པའི་དགུན་ཆོས་ལ་སྐྱབས་འགྲོ། དཔྱིད་ཆོས་ལ་ལས་འབྲས། དབྱར་ཆོས་ལ་སྐྱེས་བུ་ཆུང་ངུའི་སྐོར་རྫོགས། རིགས་གྲྭ་ལ་སྡུག་བདེན་ཉེས་དམིགས། སྟོན་ཆོས་ལ་ཀུན་འབྱུང་གི་འཇུག་རིམ་བཅས་འབྲིང་རྫོགས། ལོ་གསུམ་པའི་དགུན་དཔྱིད་གཉིས་ལ་སེམས་བསྐྱེད་རྫོགས། དབྱར་ཆོས་ལ་སྤྱོད་པ་སྤྱི་བསླབ་གཞི་གནས་ཡན། རིགས་གྲྭ་ལ་ཞི་གནས། སྟོན་ཆོས་ལ་ལྷག་མཐོང་བཅས་རྩོད་པ་ཞིབ་འགྲོ་བྱ་ཞིང་། དེ་ལྟར་ལོ་སྟར་ཆགས་སུ་བྱས་ཏེ། བློ་སྐྱེད་ཐོན་ངེས་དང་གོ་བ་རྙེད་ངེས་ཀྱི་དཔེ་ཁྲིད་དཔེ་ལྟས། འཕྲོས་པ་བློ་ནུས་དང་བསྟུན་པ་བྱ་ཞིང་། ཆོས་ཐོག་རྗེས་མ་རྗེས་མར་གང་རྩོད་ཆོས་མཚམས་དེར་ཚགས་སུ་ཚུད་པ་བྱས་ཏེ་བསྟན་པའི་ཞབས་འདེགས་དང་རང་གི་དལ་འབྱོར་དོན་ལྡན་གྱི་སྒོས་བླ་མའི་ཐུགས་དགོངས་རྫོགས་པར་བྱེད་པ་གཅེས་སོ། །ཞེས་དགའ་ལྡན་བཤད་སྒྲུབ་བཀྲ་ཤིས་འབྱུང་གནས་གླིང་གི་བློ་གསལ་རྣམས་ཀྱི་རྩོད་པ་བྱ་ཚུལ་གྱི་ཡི་གེ་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ནི་དགོན་དེ་གའི་ནང་ཆེན་དབོན་པོ་བརྩོན་འགྲུས་རྒྱ་མཚོས་གཙོས་བྱས། ལས་སྣེ་དང་གྲྭ་ཚང་རྒན་གཞོན་ཀུན་གྱིས་འདུན་པ་གཅིག་དྲིལ་གྱི་སྒོས། དྲི་མེད་ལྷ་དར་བཅས་བསྐུལ་ངོར། རྡོ་རྗེ་འཆང་ངག་དབང་བསྟན་པའི་རྒྱ་མཚོ་དཔལ་བཟང་པོའི་གསུང་གི་བདུད་རྩི་མནོས་པའི་དཀའ་འབངས་གྱི་ན་བ་སྐལ་བཟང་དཀོན་མཆོག་རྒྱ་མཚོས་རབ་རྒྱལ་ལྕགས་ལུག་ལོའི་གསུམ་པའི་དམར་ཕྱོགས་ཀྱི་ཚེས་དགེ་བར་རྗེ་བཙུན་བླ་མ་དེ་ཉིད་ཀྱི་ཐུགས་དགོངས་རྫོགས་པའི་མཆོད་སྤྲིན་དུ་སྤྲོས་པའི་ཡི་གེ་བ་ནི་རིག་པའི་གནས་ལ་བློ་མིག་ཡངས་པ་དགེ་སློང་དགེ་འདུན་རྒྱ་མཚོས་བགྱི་བ་སྟེ་དགེ་ལེགས་འཕེལ། །ཆོས་སྦྱིན་འཛད་མེད་དཔར་གྱི་མཆོད་སྤྲིན་འདི། །དགེ་ལྡན་དམ་ཆོས་པདྨ་དཀར་པོའི་ཚལ། །ཀུན་ནས་རྒྱས་པའི་གླིང་གི་གནྡྷོ་ལར། །བསྐྲུན་པའི་དགེ་བས་ཐུབ་བསྟན་རྒྱས་གྱུར་ཅིག །

རིག་གནས་ཡར་སྤེལ་སྤྱི་སྟེགས་ལས་བཤུས།

བརྒྱུད་འགོད།