བཟོ་རིག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-25 21:12:02     རྩོམ་པ་པོ།   འཇིགས་མེད་ཆོས་ཀྱི་རྡོ་རྗེ།     ཀློག་ཐེངས།  

724.JPG

བཟོ་བ་རིག་པ་ལ་ལུས་བཟོ། ངག་བཟོ། ཡིད་བཟོ་གསུམ་དུ་བཤད་པས་ལུས་བཟོ་བྲིས་འབུར་སོགས་ལག་པས་བཅོས་པའི་བཟོ་རིགས་ཐམས་ཅད་དང་། ངག་བཟོ་དཀའ་དང་བསྟན་བཅོས་ཡི་གེ་མིང་ཚིག་གདངས་དབྱངས་སམ་གྱེར་དབྱངས་ཐམས་ཅད་དོ། །ཡིད་བཟོ་ནི་ཐོས་བསམ་སྒོམ་གསུམ་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ས་གཞི་བརྟག་པ། ལྗོན་ཤིང་བརྟག་པ། རིན་པོ་ཆེ་བརྟག་པ། རྟ་བརྟག་པ། གོས་བརྟག་པ། གླང་བོ་ཆེ་བརྟག་པ། སྐྱེས་པ་བརྟག་པ། བུད་མེད་བརྟག་པ་སྟེ་བརྟག་པ་བརྒྱད་དང་། ཡང་མི་དཔྱད་རྒྱ་མཚོར་བསྟན་པ་ལས། སྐྱེས་པའི་མཚན་ཉིད་བཅོ་ལྔ། བུད་མེད་ཀྱི་མཚན་ཉིད་བཅུ་བཤད་པ་རྣམས་དང་། ས་བཅུ་ལམ་ལྔ་ཐམས་ཅད་དོ། །མདོར་བསྡུ་ན་སྔར་བཟོ་རྣམ་པ་བཅུ་སྟེ་འཐག་པའི་བཟོ་དང་གཅིག ཉོ་ཚོང་བྱ་བའི་བཟོ་དང་གཉིས། རྒྱལ་པོས་ཞབས་འབྲིང་བྱ་བའི་བཟོ་དང་གསུམ། ཡི་གེ་དང་། རྩིས་དང་། ཤེད་པ་དགོད་པ་དང་། གྲངས་དང་། ལག་རྩིས་ཀྱི་བཟོ་དང་བཞི། ལྟས་སུ་ལྟ་བའི་བཟོ་དང་ལྔ། བློ་གྲོས་ཀྱི་བཟོ་དང་དྲུག འབུར་གྱི་བཟོ་དང་ བདུན། བསྲེའི་བཟོ་དང་བརྒྱད། སྣམ་བུ་བྱ་བའི་བཟོ་དང་དགུ། སྦྱར་བའི་བཟོ་དང་བཅུའོ། །དེ་བཅུའི་ནང་དུ་མ་འདུས་པའི་རིག་གནས་མེད་པར་ གསུངས་སོ། །རིག་གནས་བཅོ་བརྒྱད་ལ་བཤད་ཚུལ་མི་འདྲ་བ་བཞི་སྟེ། འདུལ་བ་ལུང་ལས་བཤད་པ། ཀོ་ས་ལིའི་རྒྱན་གྱི་མདོ་དང་། མཛོད་ལས་བཤད་ཚུལ་དང་། དུས་འཁོར་ལས་བྱུང་བའི་ཚུལ་ལོ། །དང་པོ་འདུལ་བ་ལས་བྱུང་བ་ནི། གསང་སྔགས་ཀྱི་རྒྱུད་དང་། ཆོ་ག་ཞིབ་མོ་དང་། གཏན་ཚིགས་རིག་པ་དང་།   རིག་བྱེད་དང་། བརྡ་སྦྱོར་དང་། སྒྲ་ངེས་སྦྱོར་དང་། ཤེས་གསལ་དང་། ངེས་ཚིག་དང་། སྡེབ་སྦྱོར་བསྡུས་པ་དང་། སྐར་མའི་རིག་པ་དང་། རྟོག་བྱེད་ཀྱི་རིག་པ་དང་། ཆུར་ལྷུང་གི་རིག་པ་དང་། ཆེར་སྤྱོད་ཀྱི་རིག་པ་དང་། འཇིག་རྟེན་རྒྱང་འཕེན་པའི་རིག་པ་དང་། བྱེ་བྲག་པའི་རིག་པ་དང་། རྒྱུད་དྲུག་ཅུ་བ་དང་། ཁྱུར་མིད་ཀྱི་རིག་པ་དང་། གནས་འདུག་གི་རིག་པ་དང་བཅོ་བརྒྱད་དོ། །

སྤྱིར་ཡི་གེ་ནི་ངག་བཟོ་ཡིན་ལ། དེ་ཡང་། ཚིག་རྨོངས་བརྙས་པའི་རྒྱུ། དབྱངས་མེད་བཞད་གད་རྒྱུ། ཚོད་མེད་སྐྱོ་བའི་རྒྱུ། དགོས་མེད་སྡིག་པའི་རྒྱུ། ཞེས་ཟེར་བ་ལྟར། དེ་ལའང་ཆ་རྐྱེན་ངེས་ཅན་ཞིག་འཛོམས་ན་དེའི་མཚན་ཉིད་ཚང་བས་ན། དེ་ལ་ཉེ་བར་མཁོ་བ་བཅུ་གཉིས་ཏེ། འདེགས་འཇོག་སྦོམ་ཕྲ་གྲིམ་ལྷོད་འགྱུར་ལྡེམ་སྙན་གསང་གཅོད་སྦྲེལ་སོགས་ཀྱི་སྒོ་ནས་གཟབ་ཆེན་དང་། གཟབ་ཆུང་། འབྲུ་ཆེན། འབྲུ་ཆུང་། གཤུར་མ་དཀྱུས་ཡིག་སྟེ་འབྲི་སྲོལ་གཙོ་བོ་དྲུག་གིས་མཚོན་པ་རྣམས་དང་། དེ་ཡང་གཟབ་ཆེན་ལ་འདོན་པ་བཅུ་བཞི་སྟེ། བཟང་མགོ་ལ་འདོན། འཁྲང་དཔུང་པ་ལ་འདོན། སྒྲོས་སྦོ་ཐེམ་ལ་འདོན། ཤད་མར་འཐེན་ལ་འདོན། སྤྱང་ཁོག་པ་ལ་འདོན། ཧུར་སྣག་སྣ་ལ་འདོན། ཧུར་མིག་འདྲིལ་ལ་འདོན། གཡེར་ཡར་འཕུལ་ལ་འདོན། ཡང་ཡ་བཏགས་ལ་འདོན། གྲུང་ཟག་མཆུ་ལ་འདོན། བཟང་མགོ་དཔུང་ལ་འདོན། འཛུམ་དཀར་ནག་སྣ་ལ་འདོན། མཉེབ་བསྙོལ་མཚམས་སུ་འདོན། འཁྱུག་ཡན་ལག་ལ་འདོན་པ་རྣམས་དང་། གཅེས་པ་བརྒྱད་དེ། སྣ་ལམ་ཟླུམ་ལ་སྒྲོས་ཆགས་གཅེས། །གཅིག་པུར་སྐྱེས་ལ་དཔུང་ཐུང་གཅེས། །གདགས་པ་ཅན་ལ་ཟུར་ཐིག་གཅེས། །སྟོད་ཕུབས་ཅན་ལ་ཕོ་བ་གཅེས། །སྨད་ཕུབས་ཅན་ལ་ཁོང་འདྲེན་གཅེས། །རྐང་པར་རྟར་ཞོན་ཕྱི་འབྲང་གཅེས། །ཡར་ཕུལ་མཐར་རྒྱས་སྒྲོས་གནོན་གཅེས། །མིག་ཅན་དག་ལ་སྐེ་གཙང་གཅེས། །ཞེས་མྱོང་ཐོག་ནས་འབྱུང་བ་ལྟར་རོ། །

ལོ་ཙཱ་བ་ཐོན་མིས་ཁ་ཆེའི་ཡི་གེར་དཔེ་བྱས་ཏེ་བོད་ཡིག་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཧོར་ཡིག་མི་འདྲ་བ་གསུམ། ཁོང་སེང་མ་དང་བཞི། བལ་པོའམ་ནཱེ་པ་ལའི་ཡི་གེ ཆག་ལའི་ཡི་གེགཽ་ཌའི་ཡི་གེརྒྱ་མཚོ་མཐའི་ཡི་གེ སིནྔྷ་ལའི་ཡི་གེ བྲུ་ཤའི་ཡི་གེ ཁ་ཆེའི་ཡི་གེ ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་མཛད་པའི་མོང་གོལ་ཀྱི་ཡི་གེ་སྟེ་སོག་ཡིགརྩིས་པ་རྣམས་ཀྱི་ཨང་ཀིའི་ཡི་གེ ཨོ་རྒྱན་ཟངས་གླིང་གི་ཡི་གེ སྲིན་པོའི་ཡི་གེ ཨོ་རྒྱན་མུ་སྟེགས་ལོག་པའི་ཡི་གེ གཏེར་ཡིག་དཀྱུས་མ་མི་འདྲ་བ་དྲུག རྒྱན་ཅན་གསུམ། མཁའ་འགྲོའི་བརྡ་ཡིག་ནི། གཏེར་སྟོན་རེས་མི་འདྲ་བ་རེ་ཆེད་དུ་བཅོས་པས་མཐའ་དག་ཤེས་པ་སུ་ཡིས་ནུས།   ཕལ་ཆེར་གྲགས་ཆེ་བ་ནི། ཟེག་ཆེན། ཟེག་ཆུང་སོགས་དང་བཅས་རང་རང་གི་བློ་ཡི་བྱེ་བྲག་གིས་བརྗོད་ལས་འདས་སོ། །གཞན་ཡང་ལཉྫ་ལྟ་བུ་ལ་ཡང་རྣམ་འགྱུར་མི་འགྱུར་མི་འདྲ་བ་གསུམ་ཡོད་དེ། ལཉྫ་དེ་དང་ཆ་མཐུན་པ་བ་དྷ་རི། མལ་མགོ་གྱེན་དུ་གཟེངས་པ་ན་ག་རའི་ཡི་གེ ལཉྫ་ཐུར་དུ་བཀུག་པ་ཝརྟུའི་ཡི་གེའདྲ་མིན་ཤས་ཆེ་བ་ཀསྨི་རའི་ཡི་གེ་རྣམས་སོ། །དེ་བཞིན་དུ་བོད་ཡིག་ལ་ཡང་དབུ་ཅན་ནམ་གཟབ་མ་དང་། དབུ་མེད་དམ་གཤར་མ། གཤར་མ་དེ་ལ་འབྲུ་ཚ་དང་། ཚེག་སྒྲིག་དང་། ཟླུམ་རིས་བཅས་གསུམ་མོ། །

ངག་བཟོ་གཙོ་བོ་ཡི་གེ་ནི། ཡིག་རིགས་དྲུག་ཅུ་རྩ་བཞི་ཡོད་དེ། ཚངས་པའི་ཡི་གེ ཁ་རོནྡའི་ཡི་གེ པདྨའི་སྙིང་པོའི་ཡི་གེ ཨངྒའི་ཡི་གེ མ་ག་དྷའི་ཡི་གེ བཀྲ་ཤིས་པའི་ཡི་གེ སོར་གདུབ་ཀྱི་ཡི་གེས་ཀཱ་རིའི་ཡི་གེསི་དྷའི་ནིའི་ཡི་གེཨཱ་ཧུ་བའི་ཡི་གེ རྩིབ་མོའི་ཡི་གེ འགྲོ་ལྡིང་བའི་ཡི་གེ མོན་ཡུལ་གྱི་ཡི་གེ ལྷོ་ཕྱོགས་པའི་ཡི་གེ དྲག་པོའི་ཡི་གེ གྲངས་ཀྱི་ཡི་གེ སྤྱིའི་ཚུགས་ཡི་གེ རྗེས་སུ་མཐུན་པའི་ཡི་གེ དྷའི་ར་དའི་ཡི་གེ ཁྱཱ་སྱའི་ཡི་གེརྒྱ་ནག་གི་ཡི་གེ ཧཱུ་ནའི་ཡི་གེ དབུས་ཀྱི་ཡི་གེ རྒྱལ་གྱི་ཡི་གེ ལྷའི་ཡི་གེ ཀླུའི་ཡི་གེ གནོད་ སྦྱིན་གྱི་ཡི་གེ དྲི་ཟའི་ཡི་གེ མིའམ་ཅིའི་ཡི་གེ ལྷོ་འཕྱེ་ཆེན་པོའི་ཡི་གེ ལྷ་མ་ཡིན་གྱི་ཡི་གེ ནམ་མཁའ་ལྡིང་ གི་ཡི་གེ རི་དྭགས་འཁོར་ལོའི་ཡི་གེ བྱ་རོག་སྐད་ཀྱི་ཡི་གེ སའི་ལྷའི་ཡི་གེ བར་སྣང་ལྷའི་ཡི་གེ བྱང་སྒྲ་མི་སྙན་གྱི་ཡི་གེ ནུབ་བ་ལང་སྤྱོད་ཀྱི་ཡི་གེ ཤར་ལུས་འཕགས་པོའི་ཡི་གེ འདེགས་པའི་ཡི་གེ བཞག་པའི་ཡི་གེ རབ་ཏུ་བཞག་པའི་ཡི་གེ རྒྱ་མཚོ་མཐའི་ཡི་གེ རྡོ་རྗེའི་ཡི་གེ ཕྲིན་ཡིག་སྤྲིང་བའི་ཡི་གེ ཕྲིན་ཡིག་རབ་ཏུ་ སྤྲིང་པའི་ཡི་གེ རྣམ་པར་བཞག་པའི་ཡི་གེ ཆུང་ངུ་མ་ཡིན་པའི་ཡི་གེ བསྟན་བཅོས་བསྐོར་བའི་ཡི་གེ རྩིས་བསྐོར་བའི་ཡི་གེ འདེབས་པའི་ཡི་གེ རང་བས་བྲིས་པའི་ཚིག་ཕྱི་མ་གཉིས་གྲུབ་པའི་ཡི་གེ ཇི་སྲིད་ཚིག་ཕྱི་མ་བཅུས་གྲུབ་པའི་ཡི་གེབར་མ་གྲུབ་པའི་ཡི་གེ སྒྲ་ཐམས་ཅད་ཀུན་བསྡུས་པའི་ཡི་གེ རིག་པ་དང་རྗེས་སུ་མཐུན་པའི་ཡི་གེ རྣམ་པར་བསྲེས་པའི་ཡི་གེ དྲང་སྲོང་དཀའ་ཐུབ་ཀྱིས་གདུངས་པའི་ཡི་གེ གསལ་བའི་ཡི་གེས་རབ་ཏུ་བལྟ་བའི་ཡི་གེ སྨན་ཐམས་ཅད་ཀྱི་རྒྱུ་མཐུན་པའི་ཡི་གེ སྙིང་པོ་ཐམས་ཅད་ཀུན་བསྡུས་པའི་ཡི་གེ་སོགས་ཏེ་ཡིག་རིགས་དྲུག་ཅུ་རེ་བཞི་སྟེ་མདོ་རྒྱ་ཆེར་རོལ་བ་ལས་འབྱུང་ངོ་། །ཡང་བོད་ཡིག་ལ་མཚོན་ན་ཡི་གེའི་གཟུགས་ཀྱི་གླེགས་བམ་ལ་རྒྱ་རིམ་པ་བདུན་དུ་གྲགས་པ་སྟེ། དེ་དག་ནི་དོན་མི་འཁྲུགས་པ་ཚེག་གི་རྒྱ་དང་། ཚིག་རྐང་མི་འཁྲུགས་པ་ཤད་ཀྱི་རྒྱ། ཚིག་དོན་མི་འཁྲིགས་པ་ལེའུའི་རྒྱ་དང་། ཤོ་ལོ་ཀ་མི་འཁྲུགས་པ་བམ་པོའི་རྒྱ། བམ་པོ་མི་འཁྲུགས་པ་བམ་པོའི་གྲངས་ཀྱི་རྒྱ་དང་། མཐའ་མི་འཆིལ་བ་སྣེ་  ཐིག་གི་རྒྱ། པོ་ཏི་མི་འཁྲུགས་པ་སྤྱན་ཁྱེར་གདོང་དར་གྱི་རྒྱ་དང་བཅས་ལའོ། །

ཁྱད་པར་དུ། རིག་གནས་བཅོ་བརྒྱད་ནི། རོལ་མོ་དང་། འཁྲིགས་ཐབས་དང་། འཚོ་ཚིས་དང་།   གྲངས་དང་། སྒྲ། གསོ་སྤྱད། ཆོས་ལུགས། བཟོ། འཕོངས་དང་། གཏན་ཚིགས། རྣལ་འབྱོར་དང་། ཐོས་པ། དྲན་པ་དང་། སྐར་མའི་དཔྱད། རྩིས་དང་མིག་འཕྲུལ། སྔོན་གྱི་རབས། སྔོན་བྱུང་བ་རིག་པ་རྣམས་དང་། ནང་སྒོས་སུ་རིག་གནས་ཆེ་བ་བཅོ་བརྒྱད་ནི། འཇིག་རྟེན་ཤེས་པས་བཟོ་རིག་པ་ཤེས་པ། ཟས་ཀྱི་ཚད་དང་ཕན་གནོད་ཤེས་པས་གསོ་བ་རིག་པ། བྱཱ་ཀ་ར་ཎ་སྡེ་བརྒྱད་སོགས་ཤེས་པས་སྒྲ་རིག་པ། རྟག་ཆད་སྒྲོ་སྐུར་ཤེས་པས་ཚད་མ་རིག་པ། གནས་མཐོ་དམན་ཤེས་པས་ཕྱི་སྣོད་ཀྱི་འཇིག་རྟེན་རིག་པ། འགྲོ་བ་རིགས་དྲུག་གི་མཚན་ཉིད་ཤེས་པས་ནང་བཅུད་ཀྱི་སེམས་ཅན་རིག་པ། མཐོ་རིས་དང་ངན་འགྲོ་ཤེས་པས་ལས་རིག་པ། རང་གཞན་གྱི་ལུས་ལེན་པ་སོགས་གང་དུ་སྐྱེ་བའི་བདེ་སྡུག་ཤེས་པས་སྐྱེ་གནས་རིག་པ། ཚེ་སྔ་ཕྱི་བར་གསུམ་ཤེས་པས་དུས་རིག་པ། རྟ་འཛིན་གྱི་སྐྱོན་ཤེས་པས་འཆི་བ་རིག་པ། དབང་པོ་རབ་འབྲིང་ཐ་གསུམ་ཤེས་པས་ཤེས་རབ་རིག་པ། གཞན་གྱི་བསམ་པ་ཤེས་པས་ཡིད་རིག་པ། ཁམས་ཐམས་ཅད་འབྱུང་བ་ལྔར་ཤེས་པས་སྐྱེ་བ་རིག་པ། གཟུགས་སོགས་ཡུལ་དྲུག་སེམས་སུ་ཤེས་པས་ཡུལ་རིག་པ། ཐམས་ཅད་བྱིན་གྱིས་བརླབ་པར་ནུས་པས་སྔགས་རིག་པ། ཐེག་གསུམ་གྱི་ལམ་བཅོ་ལྔ་ཤེས་པས་ཆོས་རིག་པ། འཁོར་བ་ལས་འདས་པ་ཤེས་པས་བྱང་ཆུབ་རིག་པའོ། །

                                         རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།