ཚད་མ་རིག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-25 21:08:56     རྩོམ་པ་པོ།   འཇིགས་མེད་ཆོས་ཀྱི་རྡོ་རྗེ།     ཀློག་ཐེངས།  

W020120921314525930633.jpg

ཚད་མ་ལ་ཕྱི་ནང་གི་གཉིས་ལས། ཕྱི་རོལ་པར་ཁྱད་གཞི་བདག་ཁས་བླངས་པའི་སྟེང་ནས་ཡུལ་ཡུལ་ཅན་དང་འབྲེལ་བ་སྣ་ཚོགས་རྟོག་པས་བཏགས་ནས་བཞག་པ་སྟེ། དེ་དག་ནི་ནང་བའི་ཚད་མའི་ཕྱོགས་སྔ་ཡིན་ལ། དེ་དག་ཏུ་ཚད་མ་ཞེས་པའི་མིང་མཐུན་པ་མང་བོ་ཡོད་ཀྱང་དོན་ཐུན་མོང་བ་མེད། ནང་པའི་ཚད་མའི་གཞུང་གི་རྩ་བའི་ཁུངས་ནི་སངས་རྒྱས་ཀྱིས་མདོ་སྡེ་རྣམས་སུ། །ཆུ་རྐྱལ་ལས་ནི་ཆུ་ཤེས་དང་། །དུ་བ་ལས་ནི་མེ་ཤེས་བཞིན། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་ཚད་མ་དག་ལས་ཤེས། །ཞེས་པ་ལྟ་བུ་འཐོར་བུར་གསུངས་པ་རྣམས་དང་། ཕྱོགས་གླང་གི་ཚད་མ་མདོ་དང་། དེའི་འགྲེལ་བ་དཔལ་ལྡན་ཆོས་གྲགས་ཀྱི་ཚད་མ་སྡེ་བདུན་སོགས་མཛད་དེ་དར་རྒྱས་བྱུང་། ཚད་མའི་ཁྱད་ཆོས་དང་དགོངས་དོན་གཙོ་བོ་ནི་དཀོན་མཆོག་གསུམ་དང་། བདེན་པ་བཞིས་བསྡུས་པའི་ཀུན་བྱང་། འཁོར་འདས། བཅིངས་གྲོལ་སྤང་བླང་གི་རྣམ་གཞག་ཐམས་ཅད་དད་པའི་རྗེས་སུ་མ་ཡིན་པར་རིགས་པའི་ལམ་ནས་ཐག་གཅོད་ཅིང་མཆོད་པ་དེ་ཡིན། དེ་དག་གི་བརྒྱུད་པ་ནི། ཚད་མའི་སྟོན་པ། འཇམ་དཔལ། དགྲ་བཅོམ་པ་ཆོས་སྐྱོབ། མ་ཝཾ་ག དབྱིག་གཉེན། ཕྱོགས་གླང་། དབང་ཕྱུག་སྡེ། ཆོས་གྲགས། ལྷ་དབང་བློ། ཤཱཀྱ་བློ། ཤེར་འབྱུང་སྦས་པ། ཛ་མ་ར། ཆོས་མཆོག་སོགས་བརྒྱུད་དེ་། ས་པཎ་ཆེན་པོས། པཎ་ཆེན་ཤཱཀྱ་ཤྲཱི་སོགས་སློབ་དཔོན་བཞི་ལ་གསན་ནས་བོད་དུ་དར་རོ། །

ཕྱྭ་བ་ཆོས་ཀྱི་སེང་གེ་ནི་མཚན་དོན་མཐུན་པ་བོད་དུ་རིགས་པའི་ལམ་སྲོལ་སྤེལ་མཁན་ཏེ། ཤེའུ་བློ་གྲོས་བྱང་ཆུབ་སོགས་བསྟེན་ཏེ་དབུ་ཚད་སོགས་མདོ་སྔགས་ཐམས་ཅད་ལ་སྦྱངས། ཆོས་གྲྭ་ལོ་མང་པོའི་བར་བསྐྱངས། གཞུང་ཆེན་མོའི་ཊིཀྐ་དང་བསྡུས་དོན་མང་བོ་བརྩམས་ཤིང་། ཚད་མའི་གཞུང་གཉིས་ཀྱིས་མཚོན་པའི་བསྟན་བཅོས་མང་དུ་མཛད་པ་དང་། སློབ་མ་ཤིན་ཏུ་མང་བོ་འདུས་ཤིང་། ཁྱད་པར་དུ་གཙང་ནག་པ་བརྩོན་འགྲུས་སེང་གེ་སོགས་སེང་གེ་མཚན་ཅན་གྱི་སྨྲ་བའི་སེང་ཆེན་བརྒྱད་དང་། འཁོན་ཇོ་སྲས་རྩེ་མོ་སོགས་ཇོ་སྲས་བཞི་དང་། འགར་དབང་གྲུབ་སོགས་ཤེས་རབ་ཅན་བཞི་ལ་སོགས་པ་བྱུང་སྟེ་དབུ་ཕར་གྱི་འཕྲིན་ལས་ཅན་ཤ་སྟག་གོ །ཁྱད་པར་དུ་ཁོང་ནི་བོད་ཀྱི་བསྡུས་གྲྭའི་རིགས་ལམ་དང་རྩོད་པ་བྱེད་སྟངས་སོགས་ཀྱི་སྲོལ་འབྱེད་མཁན་ཡིན་པས། དོན་གྱིས་ད་ལྟའི་ཚད་མ་རིག་པའི་སྦྱང་སྲོལ་འདི་ནི་དཔལ་ལྡན་ཕྱྭ་བ་ཆོས་ཀྱི་སེངྒེ་ཉིད་ནས་བྱུང་བ་ཡིན་ནོ། །

 

                                    རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

བརྒྱུད་འགོད།