རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བྱུང་བ་དང་ཕན་ཡོན་མདོར་བསྡུས་ཙམ་ངོ་སྤྲོད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-16 10:38:18     རྩོམ་པ་པོ།   རྭ་རྒྱ་དགེ་འདུན་བསྟན་དར།    ཀློག་ཐེངས།  

                        དཔེར.jpg

            དེ་ཡང་ཇི་སྐད་དུ། སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་བུ་སློབ་བཤད་སྒྲུབ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་པའི་བདེན་ཚིག་མེ་ཏོག་གི་ཕྲེང་བ་མཁའ་རུ་གཏོར་བས་མདུན་བསུས་ཏེ།
གང་གླེང་བར་བྱ་བ་ནི། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བྱུང་བ་བརྗོད་པ་འདི་ཡིན་ལ།
            དེས་ན་སྤྱིར་རྒྱལ་བ་དོན་ཀུན་གྲུབ་པ་དེ་ཉིད་དོན་དམ་པར་མངོན་པར་རྫོགས་པའི་སངས་རྒྱས་ཏེ་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་ཟིན་ནའང་། རྩོད་དུས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་སྐལ་བཟང་གི་སངས་རྒྱས་སྟོང་ལས་འགྲན་མི་བཟོད་པའི་གོ་ཆ་བདག་གིར་བཞེས་ཏེ། ཞིང་འདིར་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་འོག་མིན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་གླིང་འདིར་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ནས་གདུལ་བྱ་རྣམས་ལ་ཐར་ལམ་ཕྱིན་ཀྱི་མ་ལོག་པ་སྟོན་པར་མཛད། སྔར་རྒྱ་གར་དུ་སངས་རྒྱས་དངོས་སུ་བཞུགས་སྐབས་ཁོང་གི་གསུང་རབ་འགའ་ཞིག་ཡི་གེར་བྲིས་ཏེ། ཡུལ་གྱི་རྒྱལ་བོ་དང་། བཙུན་མོ། བློན་པོ། ཁྱིམ་བདག་སོགས་དད་པ་ཅན་མང་པོས་མཚན་མོ་སྒྲོན་མེའི་འོད་ནས་ལྟ་ཀློག་བྱེད་ཀྱང་། གསུང་རབ་རྣམས་ཕྱོགས་བསྡུས་མཛད་པའི་གླེགས་བམ་མེད། སངས་རྒྱས་མྱ་ངན་ལས་རྗེས་བཀའ་བསྡུ་ཐེངས་མང་མཛད་དེ་གསུང་རབ་རྣམས་གླེགས་བམ་དུ་བཀོད་ཀྱང་། ཕྱིས་སུ་ཁ་ཆེའི་དམག་ལ་སོགས་པའི་དགྲ་ཐེངས་གསུམ་བྱུང་སྟེ་རྒྱལ་བའི་བསྟན་པ་ལ་ཉམས་ཆག་ཆེན་པོ་བྱུང་། གསུང་རབ་རྣམས་མེར་བསྲེགས་པ་དང་ཆུ་ལ་སྐུར་བ་སོགས་བྱས་ཏེ་འཕགས་ཡུལ་དུ་རྒྱལ་བསྟན་དར་བ་ཉམ་ཉེས་ཆེན་པོ་བྱུང་། གངས་ཅན་བོད་ཀྱི་ཡུལ་འདིར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་འཛིན་སྐབས་ལོ་ཙཱ་བ་རྣམས་ཀྱིས་སྐབས་དེར་རྒྱ་གར་ན་བཞུགས་པའི་གསུང་རབ་ཕལ་ཆེ་བ་སྤྱན་དྲངས་ཏེ་བོད་སྐད་དུ་བསྒྱུར། བསྒྱུར་ཟིན་པའི་གསུང་རབ་རྣམས་ལ་རྒྱལ་བའི་བཀའ་འགྱུར་ཅེས་ཡོངས་སུ་གྲགས། བཙན་པོ་འདིས་རིམ་བཞིན།<<དཀར་ཆག་འཕང་ཐང་མ་>>དང<<ལྡན་དཀར་མ>><<མཆིམས་ཕུ་མ>>བཅས་བཀོད་པར་མཛད་པ་དང་།དེའི་རྗེས་སུ་རབ་བྱུང་ལྔ་བའི་ཆུ་བྱི་༡༣༡༢ལོ་ནས་ཡོན་རྒྱལ་རབས་ཀྱི་གོང་མ་ཨ་ཡུན་པར་པ་ཏཱ་བུ་ཡན་ཐུས་ལོ་དགུ་བར་སྲིད་དབང་བཟུང་བའི་རིང་ལ་སྣར་ཐང་དགེ་བཤེས་མཁས་པ་ཆེན་པོ་འཇམ་དགག་པཀྴི་བླ་མར་གདན་དྲངས་ནས་སོག་ཡུལ་དུ་རྒྱུན་རིང་བཞུགས་སྐབས། ཁོང་ཉིད་ཀྱི་བླ་མ་བཅོམ་ལྡན་རིག་པའི་རལ་གྲི་ལ་གསེར་དངུལ་སོགས་ཕུལ་ཆེན་པོ་དང་། རྒྱ་ནག་གི་སྣག་ཚ།ཤོག་བུ།སྨྱུ་གུ་བཅས་མང་དུ་ཕུལ་ནས་བོད་ས་གནས་སུ་བཞུགས་པའི་བཀའ་བསྟན་འགྱུར་མ་དཔེ་གང་རྙེད་བཙལ་ནས་ཆ་ཚང་བ་ཞིག་བཞེངས་ཏེ་སྣར་ཐང་དགོན་པར་བཞུགས་སུ་གསོལ་དགོས་པའི་བསྐུལ་མ་ཞུས་པ་ལྟར།བཅོམ་ལྡན་རིག་རལ་དང་། དབུས་བ་བློ་གསལ་བྱང་ཆུབ། ཡེ་ཤེས་ལོ་ཙཱ་བ་བ་བསོད་ནམས་འོད་ཟེར་དང་ལོ་ཙཱ་བ་དགེ་སློང་ཉི་མ་རྒྱལ་མཚན། བནྡེ་ཡེ་ཤེས།ཡེ་ཤེས་སྡེ། ཤེས་རབ་གྲགས་བཅས་དང་། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ། མུ་ནི་ཝརྨ། ཁ་ཆེའི་པཎྡིཏ་སོ་མནྡ་ཐ་སོགས་ཀྱིས་བཀའ་འགྱུར་གྱི་མ་བརྗོད་དོན་གཙོ་བོ་འདུལ་བ། ཤེར་ཕྱིན། ཕལ་བོ་ཆེ།དཀོན་བརྩེགས།མདོ་མང་། རྒྱུད་འབུམ་སོགས་ཡིན་ལ།དེའི་མ་དཔེ་འཚོལ་བསྡུ་གནང་ཐོག ཞུ་དག་དང་། སྡེ་ཚན་དབྱེ་བ།གོ་རིམ་སྒྲིག་པ་བཅས་ལོ་མང་པོའི་བར་ཏུ་སྐུ་ངལ་མཛེམས་མེད་ཀྱིས་བཀའ་འགྱུར་ཆ་ཚང་ཞིག་བཞེངས་གནང་བ་དང་ཆབ་ཅིག བཅོམ་ལྡན་རིག་རལ་དང་དབུས་པ་བློ་གསལ་གཉིས་ཀས་དཀར་ཆག་རྒྱས་བསྡུས་ཁག་གསུམ་མཛད་དེ་སྣར་ཐང་དགོན་པར་འཇོག་གནང་མཛད་ནས་བསིལ་ལྗོངས་སུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བྲིས་མ་ཆ་ཚང་ཐོག་མ་དེ་ཡིན། དེ་ནས་རིམ་བཞིན་ཚལ་པ་བཀའ་འགྱུར། ཞ་ལུ་བཀའ་འགྱུར། འཕྱོངས་རྒྱས་ཕྱིང་དབར་སྟག་རྩེའི་བཀའ་འགྱུར་ལྗགས་ཞུ་མ།ཡུང་ལིའི་བཀའ་འགྱུར། བཀའ་འགྱུར་རྒྱལ་རྩེ་ཐེམ་སྤང་མ། ཏཱ་མིང་དབན་ལིའི་བཀའ་འགྱུར། ལི་ཐང་བཀའ་འགྱུར་མཚལ་དཔར་མ།སྣར་ཐང་དཔར་མའི་བཀའ་འགྱུར། རྭ་རྒྱའི་བཀའ་འགྱུར་དང་། སྡེ་དགེ་དཔར་མའི་བཀའ་འགྱུར། ཅོ་ནེ་དཔར་མའི་བཀའ་འགྱུར། ད་དུང་འཇར་མིན་སོགས་ཕྱི་རྒྱལ་དུ་དཔར་སློག་བྱས་པའི་བཀའ་འགྱུར་དཔར་མ་འགའ་ཞིག་བཅས་མང་པོ་བྱུང་། དེ་རིམ་བཞིན་ད་ལྟའི་བར་གླིང་འདིར་མ་ཉམས་པར་བསོད་ནམས་བསགས་པའི་ཞིང་ས་དང་སློབ་སྦྱོང་བྱེད་སའི་འཛམ་གླིང་སློབ་དེབ་ཆེས་མཆོག་གྱུར་ཏུ་གྱུར་བ་འདི་ལགས་སོ། རྭ་རྒྱ་དགེ་འདུན་བསྟན་དར་གྱིས་བྲིས།

       གསལ་འདེབས།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།