ཤོ་ཡི་ཉེས་དམིགས།

    སྤེལ་དུས།  2015-12-21 11:06:00         ཀློག་ཐེངས།  

                  ༄༅། །དེང་སང་ས་ཆ་གང་དུའང་ཤོ་བརྒྱབས་ནས་རྒྱུ་ནོར་སྐུགས་ལ་འཇོག་པའི་སྲོལ་ངན་པ་ཞིག་དར་བཞིན་ཡོད་པ་ནི་ཤིན་ཏུ་ནས་ཀྱང་མི་ལེགས་པས་ཚང་མས་ཆེད་དུ་དོ་སྣང་བྱ་དགོས།ཤོ་བརྒྱབ་ནས་ཚོད་མ་ཟིན་པར་རྒྱུ་ནོར་གཞན་ལ་ཤོར་བའམ་ཡང་རྒྱུ་ནོར་ལེན་འདོད་ནས་ཉིན་མཚན་ཀུན་དེ་ལ་གཡེང་བས་ཁྱིམ་གྱི་བྱ་བ་དང་རང་གི་ལས་ཀ་ཤོར་བ་གང་མང་ཞིག་ཡོད་ལ་མང་བོ་ཞིག་གིས་རང་གི་རྒྱུ་ནོར་དག་ཉི་མ་གཅིག་ལ་ཤོར་ནས་ཕྱིར་ཡུལ་དུ་འགྲོ་ཐབས་མ་བྱུང་བས་བྱ་བ་ངན་པ་སྣ་ཚོགས་བྱེད་པ་དང་ལ་ལ་ཞིག་གིས་ཚོད་མ་ཟིན་པར་རང་གི་རྒྱུ་ནོར་ཁང་ཁྱིམ་སོགས་ཡོད་ཚད་སྐུགས་ལ་འཇོག་པར་མ་ཟད་ཐ་ན་རང་གི་ཆུང་མ་དང་བྱིས་པ་སོགས་ཀྱང་སྐུགས་ལ་འཇོག་བཞིན་ཡོད། ཤོ་རྒྱག་པ་འདི་ནི་སྙིང་ལ་བདུད་ཞུགས་པ་ཡིན་པས་མཇུག་འབྲས་བཟང་བོ་ཞིག་གཏན་ནས་འབྱུང་མི་སྲིད། དེ་བས་ཤོ་རྒྱག་མཁན་དག་རྗེས་སུ་ལྕེབས་པའམ་བཙོན་དུ་འགྲོ་བ་གཞན་གྱིས་གསོད་པ་སོགས་མང་དུ་འབྱུང་གིན་ཡོད། ངན་པ་ཐ་ཤལ་གྱི་ལས་འདི་བདུད་ཀྱི་ཆོ་འཕྲུལ་ཡིན་པས་བོད་མིའི་ཁྲོད་དུ་འདི་ལ་འཇུག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ལ་ད་ལྟ་གྲྭ་བ་འགའ་རེས་ཀྱང་ཤོ་རྒྱག་གིན་ཡོད། འདི་ནི་གཏན་ནས་མི་རུང་སྟེ་སྟོན་པ་བཅོམ་ལྡན་འདས་ཀྱིས་གྲྭ་བས་ཤོ་རྒྱག་པ་ལ་བལྟས་ཀྱང་མི་ཆོག་པའི་བཅས་པ་མཛད། དེ་ནི་བལྟས་ནའང་ཉེས་པ་ཤིན་ཏུ་ཆེ་བའི་རྒྱུ་མཚན་གྱིས་ཡིན།
                 སློབ་དཔོན་ཀླུ་སྒྲུབ་ཀྱིས་ཤོ་རྒྱག་པ་འདི་གྲགས་ས་པ་ཉམས་བྱེད་ཀྱི་རྒྱུ་དྲུག་གི་གཅིག་ཏུ་དྲངས་ཡོད་ལ་དེ་ནི་རང་གཞན་གཉིས་ཀ་ཕུང་བྱེད་ཡིན་པའི་རྒྱུ་མཚན་གྱིས་ཡིན། བདེན་སྨྲས་ལུང་བསྟན་པའི་མདོ་ལས། རྒྱན་པོ་སྨད་འཚོང་ལ་སོགས་པ། །ཚུལ་མིན་ལོངས་སྤྱོད་ཆུད་ཟ་བ། །དགག་ཕྱིར་བླངས་ན་དོན་གཉིས་བྱས། །དེ་ལ་སྡིགས་པ་མེད་པར་བཤད། །ཅེས་ཤོ་རྒྱག་མཁན་གྱི་རྒྱུ་ནོར་བླངས་བཀག་ནའང་སྡིག་པ་མེད་པར་རང་གཞན་གཉིས་ཀྱི་དོན་དུ་འགྱུར་བས་དགེ་བར་གསུངས་ཡོད་པ་ལྟར་རོ། །  མདོར་ན་ཤོ་རྒྱག་པ་འདིས་རང་གི་གྲགས་པ་ཉམས་ཤིང༌།བཟའ་ཚང་བྱེ་བྲལ་ཏུ་འགྲོ་བ་དང༌། ཁྱིམ་ཚང་གི་བདེ་སྐྱིད་ཉམས་པ། དཔལ་དང་འབྱོར་བ་ཐམས་ཅད་རྒུད་པར་འགྱུར་བ།མཐར་མི་དགེ་བ་ལས་ལ་ཞུགས་པར་འགྱུར་ཞིང་མཐར་ཐུག་རང་དང་གཞན་དག་ཐམས་སྡུག་བསྔལ་བར་འགྱུར་བ་ཡིན་པས་ཚང་མས་འཛེམ་པར་བྱེད་པ་གལ་ཆེ། རྣམ་དཀར་ལས་ལ་འཇུག་པའི་དམ་པ་ཞིག་ཡིན་ན་འདི་དག་སྡོམ་པར་བྱེད་པ་གལ་ཆེ་ལ་སྡེ་བ་ཡ་རབས་དག་གིས་ཤོ་གཅོད་པར་མཛད་པ་ནི་རྗེས་སུ་ཡི་རངས་ཀྱི་གནས་སོ། །
 

བརྒྱུད་འགོད།