འཆི་ཁ་མའི་སེམས་ཅན་ལ་ཕན་པ་བྱེད་ཚུལ།

    སྤེལ་དུས།  2015-12-21 10:31:05         ཀློག་ཐེངས།  

             ༄༅། །བླ་མ་དམ་པ་རྣམས་ཀྱི་གསུང་ལས། མི་ཚེ་ཧྲིལ་གྱིས་དགེ་བ་ལ་འབད་པ་ཞིག་ཡིན་ ཀྱང་འཆི་ཁའི་གནས་སྐབས་སུ་འདོད་ཆགས་དང་ཁོང་ཁྲོ་སོགས་ མི་དགེ་བའི་བློ་ཤུགས་དྲག་པོ་དང་བཅས་ཏེ་ཤི་ན་ཕྱི་མར་ངན་ འགྲོར་སྐྱེ། ཚེ་འདི་མི་དགེ་བ་འབའ་ཞིག་ལ་སྤྱོད་པ་ཡིན་ཡང་ འཆི་ཁར་དགེ་སེམས་བཟང་པོ་མངོན་དུ་གྱུར་བཞིན་ཚེ་འཕོས་ན་ཕྱི་མར་བདེ་འགྲོར་སྐྱེས་བའི་ལུས་སྔོན་མ་མཐུ་ཅན་དུ་བྱས་ཏེ་ འབྲས་བུ་སྔོན་ལ་འབྱིན་པ་ཡིན་གྱི། དེར་དགེ་སྡིག་གི་ལས་གང་ བྱས་པ་དེ་དག་ཀྱང་ནམ་ཞིག་རྐྱེན་དང་ཚོགས་པ་ན་འབྲས་བུ་ འབྱིན་པར་འགྱུར་བས་ན། ལས་མ་བྱས་པ་དང་མི་འཕྲད། ལས་བྱས་པ་ཆུད་ཟོས་པར་མི་འགྱུར་རོ་ཞེས་གསུང༌། དེས་ན་འཆི་ཁར་ཁོང་ཁྲོ་སོགས་མི་དགེ་བའི་སེམས་དྲག་པོ་ མངོན་དུ་མི་འགྱུར་བར། དད་པ་སོགས་དགེ་སེམས་བཟང་པོ སྐྱེ་པའི་ཐབས་བྱེད་པ་ནི། འཆི་ཁ་མའི་སེམས་ཅན་ལ་ཕན་པའི་ ཐབས་ཀྱི་སྙིང་པོ་ཡིན་ལ། ཐབས་དེ་གཙོ་བོར་རང་ཉིད་ཀྱིས་སྒྲུབ་དགོས་ནའང༌། དེ་ལྟར་མི་ནུས་པའི་གང་ཟག་ཕལ་བ་ལ་དགེ་བའི་བཤེས་གཉེན་ དང་གྲོགས་བཟང་པོས་བྱས་ཀྱང་ཕན་པར་འགྱུར་བས། དེའི་ཚུལ་ནི། འཆི་ཁའི་སེམས་ཅན་ཁོ་རང་ཤིན་ཏུ་གཅེས་ པའི་ནོར་རྫས་གཉེན་ཉེ་དུ་སོགས་དང༌། ཞེ་འགྲས་པའི་ དགྲ་བོ་སོགས་ཆགས་སྡང་དྲག་པོ་སྐྱེ་བའི་ཡུལ་མིག་ལམ་ དུ་མི་མཐོང་བ་དང༌། ཤི་བའི་རྗེས་སུ་འདི་བྱེད་དེ་བྱེད་ཀྱི་ གཏམ་སྣ་ཚོགས་སྣ་ལམ་དུ་མི་སྒྲོག་ཅིང་ཀུ་ཅོ་ངུ་འབོད་སྨྲེ་ སྔགས་སོགས་ཀྱི་སྒྲ་མི་བསྒྲགས་པར་སེམས་རྣལ་དུ་གནས་ པའི་ཐབས་བྱེད་པ་གལ་ཆེ་ཞིང༌། སྤྱོད་ལམ་ཀྱང་མི་དགེ་བའི་ རྟོགས་པ་གཡོ་བྱེད་ཀྱི་རླུང་རྣམས་གཡས་ཀྱི་རྩ་ནས་རྒྱུ་བར་ བཤད་པས། གཞོགས་གཡས་འོག་ཏུ་མནན། སྣ་བུག་གཡས་པ་ སྲིན་བལ་སོགས་ཀྱིས་བཀག་ལ། གྲུབ་ན་ཁོ་རང་གང་ལ་དད་པའི་ བླ་མ་དང་ཡི་དམ་གྱི་སྐུ་བརྙན་དང་རྒྱལ་བ་འོད་དཔག་མེད་ཀྱི་ ཞིང་བཀོད་སོགས་དཀོན་མཆོག་གི་རྟེན་མཆོད་པ་དང་བཅས་ པ་མིག་སྔར་བཤམས། རང་ཉིད་རྙེད་བཀུར་དོན་དུ་གཉེར་བ་ སོགས་ཀྱི་ཀུན་སློང་ངན་པ་བསལ་ཏེ་ཉམ་ཐག་འཆི་ཁ་མའི་ སེམས་ཅན་དེ་ལ་བྱམས་སྙིང་རྗེ་ཤུགས་དྲག་པོ་བསྐྱེད་དེ་བླ་མ་ དཀོན་མཆོག་གི་ཡོན་ཏན་དང་སངས་རྒྱས་ཀྱི་མཚན་དང་ གཟུངས་སྔགས་ཟབ་མོའི་ཕན་ཡོན་རྣམས་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོའི་སྒོ་ནས་སྐད་གསེང་མཐོན་པོས་སྒྲ་དག་ཅིང་གསལ་ བར་དལ་བུས་བརྗོད་པར་བྱའོ། །
 

བརྒྱུད་འགོད།