ཆང་གི་ཉེས་དམིགས།

    སྤེལ་དུས།  2015-12-16 21:38:13         ཀློག་ཐེངས།  

          ༄༅། །ཆང་ནི་སྡིག་པ་དང་ཉོན་མོངས་བག་མེད་ཀུན་གྱི་རྩ་བ་དང་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཉམས་པར་བྱེད་པའི་རྒྱུ། ཉེས་པ་ཀུན་གྱི་འབྱུང་ཁུངས་ཡིན་ལ་འདི་འཐུང་བས་སྨྲ་བྱེད་ཀྱི་གདོན་དང༌།བྲེ་མོའི་གདོན། སྲེད་བྱེད་ཀྱི་གདོན། འགྱུར་བྱེད་ཀྱི་གདོན།ཕྱི་བཤོལ་གྱི་གདོན། རྒུད་བྱེད་ཀྱི་གདོན། འཆོར་བྱེད་ཀྱི་གདོན། འཇིག་བྱེད་ཀྱི་གདོན། གནོད་བྱེད་ཀྱི་གདོན།འགྲིབ་བྱེད་ཀྱི་གདོན། འཆོལ་བྱེད་ཀྱི་གདོན།ཉམས་བྱེད་ཀྱི་གདོན། ཉེས་བྱེད་ཀྱི་གདོན། འཁྲུག་བྱེད་ཀྱི་གདོན།ཕུང་བྱེད་ཀྱི་གདོན། བག་མེད་ཀྱི་གདོན་སོགས་སྙིང་ལ་གཞུག་པར་འགྱུར་བ་ཡིན་ཞེས་རྒྱལ་བ་ཀློང་ཆེན་རབ་འབྱམས་པས་གསུངས་ཤིང་དེ་བས་ཁྱིམ་པ་དང་སྔགས་པ་གྲྭ་བ་སུ་ཞིགས་ཀྱང་འཐུང་མི་རུང་བ་ཡིན་མོད་དེང་སང་དེ་ནི་དགོས་པ་ཞིག་ཏུ་བསམ་བཞིན་ཡོད་ནི་ཤིན་ཏུ་ནས་ཀྱང་མི་བཟང༌།
          དང་བོ། ཆང་འཐུང་བའི་ཉེས་དམིགས།དེ་བཞིན་ཆང་གཞན་ལའང་ལྡད་མི་རུང་སྟེ་དེ་ཡང་གཏན་ནས་མི་རུང་བ་ཞིག་ཡིན་ཏེ་བདག་ཅག་གི་སྟོན་པས། དགེ་སློང་དག ང་ལ་སྟོན་པ་ཞེས་ཟེར་བ་ཁྱེད་ཅག་གིས་ཆང་ཐ་ན་རྩ་མཆོག་གིས་ཀྱང་མི་བླུད་མི་བཏུང་ངོ་ཞེས་གསུངས་པ་ཡིན་ནོ། །ལྷག་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆང་འཐུང་བའི་ཉེས་པ་སུམ་ཅུ་སོ་ལྔ་དགའ་བ་ཅན་གྱིས་ཞུས་པའི་མདོ་ལས་གསུངས་ཏེ། དེ་བཞིན་ཆང་འཐུང་ན་ལུས་ཕུང་ལའང་ཤིན་ཏུ་གནོད་དེ་ཆང་གིས་ཟས་ལམ་དང་མིག་ཐག ཕོ་བ། མཆིན་པ། མཁྲིས་པ། ཀླད་པ་སོགས་ལ་གནོད་སྐྱོན་ཤིན་ཏུ་ཆེ་ལ་དུས་ཡུན་རིང་བོར་འཐུང་མཁན་དག་ལ་མཆིན་པ་སྲ་འགྱུར་གྱི་ནད་དང་སྐྲན་ནད་འབྱུང་སླ་བ་ཚན་རིག་གས་བདེན་དབང་བྱས་ཡོད་པས་མཆིན་པའི་ནད་གཞི་ཕོག་ཡོད་པ་དག་གིས་ཆང་གཏན་ནས་འཐུང་མི་རུང༌། 
         གཉིས་པ། ཆང་བླུད་པའི་ཉེས་དམིགས།ཆང་འཐུང་བ་ལ་ཉེས་པ་ཆེ་བ་མ་ཟད། གཞན་ལ་ཆང་ལྡུད་པ་ལའང་ཆེ་བ་ཤིན་ཏུ་ཆེ་སྟེ།དགའ་བ་ཅན་གྱིས་ཞུས་པའི་མདོ་ལས། ཆང་སྦྱོར་མཁན་དང་གཞན་ལ་ཆང་ལྡུད་མཁན་དམྱལ་བ་ངུ་འབོད་ཀྱི་འཁོར་བཅུ་དྲུག་ཏུ་སྐྱེས་པར་གསུངས་ཤིང༌། ཆང་འཚོང་མཁན་དམྱལ་བ་ངུ་འབོད་ཀྱི་འཁོར་བཞི་བ་མེའི་ཕྱི་མ་སྲིན་བུ་སྐྱེ་བར་འགྱུར་ཞིང་དེར་ནི་དམྱལ་བ་པ་དེ་དག་རང་གི་ལུས་དེ་དག་ལ་སྲིན་བུ་དག་འབྱུང་བར་འགྱུར་ཏེ་ཤ་པགས་རུས་རྐངརྣམས་ཕུག་ཅིང་ཕུག་ཅིང་འཐུང་བ་དང་ལུས་ལ་ནད་རིགས་བཞི་བརྒྱ་རྩ་བཞི་འབྱུང་བར་གསུངས། བུད་མེད་ལ་ཆང་བླུད་ནས་མི་གཙང་བ་སྤྱད་ན་དམྱལ་བ་ངུ་འབོད་ཀྱི་འཁོར་བདུན་པ་འཆི་མེད་དུ་སྐྱེ་བར་འགྱུར་ཏེ་དེར་ནི་ཁྱི་མེ་རབ་ཏུ་འབར་བས་དེའི་རླིག་པ་ཡང་ཡང་ཕྱེ་སྟེ་ངུ་བཞིན་བྲོས་པའི་དམུན་ན་བྱ་ལྕགས་ཀྱི་མཆུ་དང་སེན་མོ་འབར་བ་རྣམས་ཀྱིས་གང་བའི་ངམ་གྲོག་ཏུ་ལྟུང་བ་དང་དེ་དག་གིས་ཡན་ལག་སོགས་སོ་སོར་ཕྱེ་སྟེ་ཟའོ། །ནད་པ་དང་བུ་བཙས་པ་དག་ལ་ཆང་རིན་བྱིན་ན་དམྱལ་བ་ངུ་འབོད་ཀྱི་འཁོར་བཅུ་པ་གཤིན་རྗེའི་མཚམས་ཀྱི་དགོན་པར་སྐྱེ་བར་འགྱུར། བུད་མེད་ཡོན་ཏན་ཅན་ལ་ཆང་བླུད་ན་དམྱལ་བ་ངུ་འབོད་ཀྱི་འཁོར་བཅུ་གསུམ་པ་ཆུ་ཤིང་བསྲེགས་པའི་དུད་པའི་ཚལ་དུ་སྐྱེ་བར་འགྱུར།གཞན་བསླུ་སེམས་ཀྱིས་ཆང་བླུད་ན་དམྱལ་བ་ངུ་འབོད་ཀྱི་འཁོར་བཅོ་ལྔ་བ་གློག་གི་ན་བུན་ཚལ་དུ་སྐྱེ་བར་འགྱུར། ལམ་དུ་འཇུག་པར་ཚེ་མགྱོགས་པ་དང་ངལ་བར་མི་འགྱུར་བའི་ཕྱིར་ཏུ་ཆང་བླུད་ན་དེ་ལུས་དང་བྲལ་ནས་དམྱལ་བ་ངུ་འབོད་ཀྱི་འཁོར་བཅུ་དྲུག་པ་ཀུན་ཏུ་རྟོག་བྱེད་དུ་སྐྱེ་བར་འགྱུར་བ་སོགས་ཉེས་པ་རྒྱ་ཆེན་པོ་གསུངས་ཤིང༌། སེང་གེས་ཞུས་པ་ལས། ཆང་བྱིན་ན་སྐྱེ་བ་ལྔ་བརྒྱར་ལག་ལྡུམ་དུ་སྐྱེའོ། །ཞེས་དང་དྲང་སྲོང་རྒྱས་པའི་ཞུས་པའི་མདོ་ལས་གཞན་ལ་ཆང་བཙོང་བ་དང་སྦྱིན་པའང་ཉེས་དམིགས་ཤིན་ཏུ་ཆེ་བར་གསུངས་སོ། །
         མདོར་ན་སློབ་དཔོན་དཔའ་བོས། དགེ་བ་རྣམས་ཀྱང་གཞན་དག་ལས་ཀྱང་འདིས་ཟློག་པར་བྱེད་ན་བདག་ཅི་ལྟ་ཅི་སྨོས་ཞེས་གསུངས་པ་ལྟར་ཉེས་པ་ཀུན་གྱི་གཞིར་གྱུར་ཅིང་ཆང་སྤངས་པ་ལ་ཕན་ཡོན་མཐའ་མེད་པ་ཡོད་ཅིང་མདོར་བསྡུས་ན་དེ་བས་ཁྱིམ་པ་དག་གིས་ངེས་པར་ཆང་དང་དུ་བ་འཛེམ་ན་ཤིན་ཏུ་ལེགས་ལ་ས་ཆ་ལ་ལར་སྡེ་བ་ཡོངས་ཀྱིས་ཆང་གཅོད་པའི་ལས་འགུལ་སྤེལ་བཞིན་པ་ཤིན་ཏུ་ལེགས་དེ་ནི་སྡེ་བ་དེ་དག་གི་རྒན་པ་དག་ཤེས་རྒྱ་ཆེ་ཞིང་ཡ་རབས་ཚུལ་གནས་པ་གསལ་བོར་མཚོན་པ་རེད། ཁྱིམ་པ་དག་གིས་རབ་ཡིན་ན་སྡེ་བས་གཅོད་པ་དང་དེ་མིན་ན་རང་གི་ཉེ་འབྲེལ་དག དེ་ཡང་མི་ནུས་ན་རང་གི་ཁྱིམ་ཚང་དང་མ་མཐའ་ཡང་རང་ཉིད་ནས་གཅོད་པའི་མགོ་བརྩམས་ན་ཤིན་ཏུ་ལེགས་སོ། །

 

བརྒྱུད་འགོད།