བསྙེན་གནས་ཡན་ལག་བརྒྱད་པ།

    སྤེལ་དུས།  2015-12-09 12:47:33         ཀློག་ཐེངས།  

          བསྙེན་གནས་ཞེས་པ་ནི་རྒྱུན་དུ་སྡོམ་པ་སྲུང་ཞེས་པ་དེ་ཡིན་ཏེ་ཉིན་ཞག་གཅིག་ལ་ལེན་རྒྱུའི་སྡོམ་པ་ཞིག་སྟེ་ཉིན་དེར་ཁྱིམ་པ་ཚོས་སྲོག་གཅོད་དང་འཁྲིག་པ་སྤྱོད་པ་རྐུ་བྱེད་པ། རྫུན་བཤད་པ། ཆང་འཐུང་བ་དང་ཕྱི་དྲོར་ཟས་ཟ་བ་དང༌། གླུ་གར་རོལ་མོ་རྒྱན་ཆ་འདོགས་པ་བཅས་ཡན་ལག་བརྒྱད་སྤོང་བའི་སྡོམ་པ་ཞིག་ཡིན་ནོ། །
བསྙེན་གནས་སྲུང་བ་ལ་ཕན་ཡོན་མཐའ་ཡས་པ་ཡོད་དེ་འཛམ་བུ་གླིང་གང་བའི་དགྲ་བཅོམ་པ་ལ་ཚེ་གང་བོར་རིན་པོ་ཆེ་སྣ་ཚོགས་ཕུལ་བའི་མཆོད་པའི་བསོད་ནམས་ཀྱིས་བསྙེན་གནས་ལན་གཅིག་བསྲུང་བའི་བསོད་ནམས་ཀྱི་ཆ་ཁྲི་ཕྲག་བགོས་བའི་ཆ་གཅིག་ལའང་འགྲན་མི་ནུས་གསུངས་ཤིང་བསྙེན་གནས་ལ་གནས་ཚེ་དགེ་བ་བསྒྲུབ་ན་དུས་རྒྱུན་དུ་དགེ་བ་བསྒྲུབ་པ་དང་མི་འདྲ་སྟེ་གཞུང་ལས་བསྙེན་གནས་ལ་མི་གནས་ཚེ་མར་མེ་བརྒྱ་སྟོང་གིས་སངས་རྒྱས་མཆོད་པའི་བསོད་ནམས་ལས་བསྙེན་གནས་ཀྱི་སྡོམ་པ་ལ་གནས་ནས་མར་མེ་གཅིག་གིས་མཆོད་པ་བསོད་ནམས་ལྷག་པར་ཆེ་གསུངས།བསྙེན་གནས་སྡོམ་པ་ལ་མི་གནས་བའི་དུས་མར་མེ་བརྒྱ་སྟོང་གིས་དཀོན་མཆོག་ལ་མཆོད་པའི་བསོད་ནམས་ལས་བསྙེན་གནས་སྡོམ་པ་ལ་གནས་ནས་མར་མེ་གཅིག་གིས་མཆོད་པ་ཕན་ཡོན་ལྷག་པར་ཆེ་གསུངས།
         བསྙེན་གནས་སྲུང་བ་ལ་ཐོག་མར་བླ་མ་ལས་བསྙེན་གནས་ཀྱི་སྡོམ་པ་ལེན་དགོས། ལེན་དུས་ཟླ་བ་རེ་རེའི་བཅོ་ལྔ་ཚེས་བརྒྱད་གནམ་གང་དུ་སྲུང་བར་ཁས་བླངས་ན་རྗེས་སུ་ངེས་ཅན་དུ་སྲུང་དགོས་ཏེ་དེ་དུས་སྡོམ་པ་ངེས་ཅན་དུ་སྐྱེ་བ་ཡིན་ནོ། །འོ་ན་ཉིན་དེར་བརྗེད་ནས་ཟས་ཟོས་ན་ཡང་ཉིན་དེར་སྡོམ་པ་བསྲུང་དགོས་ཏེ་བསྙེན་གནས་ཀྱི་སྡོམ་པ་ཉིན་དེར་སྐྱེས་ཡོད་པས་མ་བསྲུངས་ན་སྡོམ་པ་བཏང་བའི་ཉེས་པ་ཡོད་དོ། །
          ཁས་བླངས་པའི་ཉིན་དེར་སྲུང་མ་ཐུབ་ན་སང་ཉིན་དེའི་ཚབ་དུ་བསྲུང་ན་མི་ཆོག ཉིན་དེར་ངེས་པར་དུ་བསྲུང་དགོས་ཏེ་ཉིན་དེའི་ཕྱི་དྲོར་ཟས་ཟོས་ན་ཡང་སྡོམ་པ་མི་གཏོང་ལ་སང་ཉིན་བསྲུང་སྙམ་ནས་མི་ཚངས་སོགས་རྩ་བ་བཞི་བོའི་གང་རུང་སྤྱད་ན་སྡོམ་པ་ཤོར་འགྲོའོ། །ཉིན་མོ་འཁྲུལ་ནས་བཅུ་དྲུག་བཅོ་ལྔའི་ཉིན་ཡིན་སྙམ་ནས་བཅོ་ལྔའི་ཉིན་མ་བསྲུངས་བར་བཅུ་དྲུག་ཉིན་བསྲུང་ན་ཆོག་མོད་དེ་མིན་མི་ཆོག་གོ།
         གླུ་གར་དང་དུས་མིན་ཟས་ཟ་བ་སོགས་ཀྱིས་བསྙེན་གནས་ཀྱི་སྡོམ་པ་མི་གཏོང་ཡང་ཉེས་པ་ཆེན་པོ་ཞིག་འབྱུང༌། །

གསལ་འདེབས།            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་འགོད་དག་པར་ཞུ།     
       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
                 རྩོམ་འདིའི་སྦྲེལ་ཐག 
http://www.tb1025.cn
བརྒྱུད་འགོད།