མ་ཎི་ཡི་གེ་དྲུག་མའི་ཕན་ཡོན་བཞུགས་སོ། །

    སྤེལ་དུས།  2015-12-07 00:44:14         ཀློག་ཐེངས།  

༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པད་མེ་ཧཱུཾ། ཡི་གེ་དྲུག་མ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་བསྡུས་པའི་བདག་ཉིད་དང༌། ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་གཅིག་ཏུ་བསྡུས་པའི་སྙིང་བོ། སངས་རྒྱས་རིགས་ལྔ་དང་གསང་བའི་བདག་པོ་རྣམས་ཀྱི་སྙིང་བོ་ཡིག་འབྲུ་རེ་རེ་ནས་བསྡུས་པའི་གཟུངས་སྔགས། དགེ་ལེགས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། ཕན་བདེ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། མཐོ་རིས་དང་ཐར་བ་ཆེན་པོའི་ལམ་ཆེན་ཡིན་ཏེ། དེ་ལས་ཨོཾ་ནི་མཆོག་གི་དངོས་གྲུབ་གཏན་གྱི་བདེ་བ་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་དང༌། ཐུན་མོང་གི་དངོས་གྲུབ་བཀྲ་ཤིས་པ་དང༌། ནོར་དང༌། དཔལ་དང༌། སྐལ་བ་བཟང་བོ་སོགས་དོན་དུ་གཉེར་བྱའི་དངོས་གྲུབ་རྣམ་གཉིས་ལ་གོ་ཞིང༌། མ་ཎི་ཞེས་པ་ནོར་བུ་སྟེ་འཕགས་མཆོག་ཐུགས་རྗེ་ཆེན་མོ་རྩ་ཕྱག་གཉིས་ཐུགས་གར་ཐལ་མོ་སྦྱར་བའི་བར་དུ་འཛིན་པའི་ནོར་བུ་སྟེ་དེས་འཕགས་མཆོག་གང་ལ་དད་པས་བསྙེན་པའི་འགྲོ་བ་རིས་སུ་མ་ཆད་པ་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་དགོས་དོན་མཐའ་དག་ཡིད་བཞིན་དུ་སྩོལ་བ་མཚོན། པད་མ་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་ཕྱག་ན་བསྣམས་པའི་རྡུལ་དང་བྲལ་བའི་པད་མ་དཀར་བོ་སྟེ་དེས་སྲིད་པར་གནས་ཀྱང་སྲིད་པའི་སྐྱོན་ཕྲ་མོ་ཙམ་ཡང་མ་གོས་པ་མཚོན། པད་མ་ལ་ཨེ་ཡིག་སྦྱར་ནས་པད་མེ་ཞེས་གྲུབ་པ་ནི་པད་མ་དང་ནོར་བུ་འཛིན་པའི་ལྷ་མཆོག་དེ་ལ་འབོད་པའི་དོན་ཡིན། ཧཱུཾ་ཞེས་སྨོས་པ་ནི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ལྷ་མཆོག་དེས་བསྐུལ་ནས་ཨོཾ་གྱིས་མཚོན་པའི་གནས་སྐབས་དང་མཐར་ཐུག་གི་འདོད་དོན་གྱི་དངོས་གྲུབ་དེ་དག་བདག་ལ་སྩོལ་བར་མཛད་དུ་གསོལ་པའི་དོན་ཡིན། ཨོཾ་མ་ཎི་པད་མེ་ཧཱུཾ། ཞེས་སྒྲུབ་པ་བོ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག་ཅེས་གསོལ་བ་འདེབས་པ་ཡིན་ནོ། །
མ་ཎི་ཡི་གེ་དྲུག་མ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་ཕན་ཡོན་ལ་མཐའ་མེད་ཀྱང་མ་ནི་བཀའ་འབུམ་ལས་འབྱུང་བ་ལྟར་ན། འགྲོ་བ་རིགས་དྲུག་གི་སྐྱེ་སྒོ་གཅོད་ཅིང་སྒྲིབ་པ་སྦྱོང་བ་ཡིན་ཏེ། ཨོཾ་གྱིས་ལྷ་འཆི་འཕོ་ལྟུང་བའི་སྡུག་བསྔལ་སྦྱངས་ནས་ལྷའི་སྐྱེ་སྒོ་གཅོད། མས་ལྷ་མ་ཡིན་གྱི་འཐབ་རྩོད་ཀྱི་སྡུག་བསྔལ་སྦྱངས་ནས་ལྷ་མ་ཡིན་གྱི་སྐྱེ་སྒོ་གཅོད། ཎིས་མི་ཡིས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྦྱངས་ནས་མིའི་སྐྱེ་སྒོ་གཅོད། པད་ཀྱིས་བྱོལ་སོང་གླེན་ལྐུགས་བཀོལ་སྤྱོད་ཀྱི་སྡུགས་བསྔལ་སྦྱངས་ནས་དུད་འགྲོའི་སྐྱེ་སྒོ་གཅོད། མེས་ཡི་དྭགས་བཀྲེས་སྐོམ་གྱིས་སྡུག་བསྔལ་སྦྱངས་ནས་ཡི་དྭགས་ཀྱི་སྐྱེ་སྒོ་གཅོད། ཧཱུཾ་གིས་དམྱལ་བའི་ཚ་གྲང་སྡུག་བསྔལ་སྦྱངས་ནས་དམྱལ་བའི་སྐྱེ་སྒོ་གཅོད་པར་གསུངས་པ་མ་ཟད་མ་ཎི་ཡི་གེ་དྲུག་མ་འདི་དད་པས་༡ མཐོང་བས་ཕྱིར་མི་ལྡོག་པའི་ས་འཐོབ་ནས་འགྲོ་བ་སྒྲོལ་བའི་དེད་དཔོན་དུ་འགྱུར་བ། ༢ ཐོས་པས་བདེ་འགྲོ་མཐོ་རིས་ཀྱི་ལུས་འཐོབ་པ། ༣བཀླགས་པས་ལས་ངན་སྡིག་སྒྲིབ་མཐའ་དག་དག་ཅིང་འདི་ཕྱི་བསམ་པའི་དོན་ཀུན་འགྲུབ་པ། ༤ དྲན་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་སྡིག་སྒྲིབ་མཐའ་དག་འདག་པ། ༥ རེག་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་མེད་ཀྱི་དབང་བསྐུར་ཐོབ་པ། ༦ ལུས་ལ་བཅང་ན་ནད་རིགས་བཞི་བརྒྱ་རྩ་བཞི་དང་གཟའ་གདོན་དག་གིས་གནོད་པས་མི་ཚུགས་པ། ༧ བྲིས་ན་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་བྲིས་པ་དང་མཉམ་པས་ཚེ་འདིར་བདེ་སྐྱིད་ལོངས་སྤྱད་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་འབྲས་བུ་ཐོབ་པ། ༨ འཆི་ཁ་མའི་སྲོག་ཆགས་དང་དུད་འགྲོའི་རྣ་བར་བསྒྲགས་ན་ལུས་དེ་ལས་གྲོལ་ཏེ་བདེ་བ་ཅན་དུ་སྐྱེ་བར་འགྱུར། ༩ འཁོར་ལོ་བསྐོར་ན་མཚམས་མེད་ལྔ་སོགས་མི་དགེ་བ་སྦྱོང་ཞིང་ནད་གདོན་གནོད་བྱེད་ཀྱིས་མི་ཚུགས་ཤིང་བསམ་པའི་དོན་ཀུན་འགྲུབ། ཕྱི་མར་བདེ་བ་ཅན་དུ་སྐྱེས་ནས་ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་པ་སོགས་ཕན་ཡོན་མཐའ་ཡས་པ་འབྱུང་སྟེ་རི་རྒྱལ་བོ་རི་རབ་སྲང་ལ་གཞལ་ནུས་ཀྱི་ཡི་གེ་དྲུག་མ་ལན་ཅིག་བཟླས་པའི་བསོད་ནམས་ནི་སུས་ཀྱང་བགྲང་བར་མི་ནུས་སོ། །ཞེས་གསུངས་སོ། །
དེ་བས་སྐབས་གང་དང་གང་དུ་ཡང་ཐེ་ཚོམ་མེད་པར་བློ་སེམས་རྩེ་གཅིག་གིས་འགྲོ་བ་རིགས་དྲུག་དང་དགྲ་གཉེན་རིས་སུ་མ་ཆད་པའི་སེམས་ཅད་ཐམས་ཅད་ཀྱི་དོན་དུ་ཡི་གེ་དྲུག་མ་འདི་ཀློག་པ་དང༌། སྒོམ་པར་བྱས་ན་སྒྲིབ་པ་སྦྱོང་བ་དང༌། བྱིན་གྱིས་བརླབས་པ་སོགས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཐོབ་པར་བྱེད་པས་ན་ཀུན་གྱིས་ཡི་གེ་དྲུག་མའི་བཟླས་བརྗོད་ལ་བརྩོན་པར་བྱའོ། །

 

 

བརྒྱུད་འགོད།