མར་མེ་ཕན་ཡོན།

    སྤེལ་དུས།  2015-12-07 00:41:24         ཀློག་ཐེངས།  

      ༄༅། །མར་མེ་ནི་མཆོད་པའི་གྲས་ཀྱི་སྣང་གསལ་གྱི་མཆོད་པ་སྟེ་གཙོ་བོ་འོད་ཕུལ་བ་ཡིན་པས་གློག་མཆོད་ཕུལ་ནའང་ཆོག་མོད། དེང་གི་གློག་མཆོད་མང་བོ་མཛེས་པའི་ཆེད་དུ་འོད་གསལ་མི་གསལ་ལྷེམ་མེར་བྱེད་པ་ནི་མི་ལེགས་ཏེ་སྔོན་བྱོན་དམ་པས་ལ་ལ་འོད་མེད་པར་མེ་མ་ཤི་ཙམ་གྱིས་རྒྱུན་གང་རིང་བྱེད་པ་མི་ལེགས་གསུངས།
མར་མེ་གཙོ་བོ་འོད་ཕུལ་ཡིན་ཀྱང་རྒྱུ་ཞུན་མར་དང་འབྲུ་མར་ཡང་ཁ་དོག་ལེགས་པ། དྲི་རོ་ཕུན་སུམ་ཚོགས་པ་དེ་ལྟ་བུ་བྱུང་ན་བསོད་ནམས་རྫོགས་ཚབ་ལྷག་པར་ཆེ་གསུངས་ཤིང་ཚོགས་ཁྱད་པར་ཅན་གྱི་ཆེད་དུ་གསེར་དངུལ་ལས་བྱེད་པའམ་ཤེས་རབ་ཕུན་སུམ་ཚོགས་པའི་ཆེད་དུ་རྒྱ་ཁབ་ཀྱི་སྟེང་དུ་རས་བལ་གྱིས་དཀྲིས་པའང་ཡོད་ལ།མ་མཐའ་ཡང་དྲི་བཟང་བོའི་ཤིང་ཧ་ཅང་སྦོམ་པ་མ་ཡིན་པ། དྲང་ཞིང་བརླན་མེད་པའི་སྟེང་དུ་རས་བལ་གྱིས་དམ་ལྷོད་རན་པར་དྲིལ་ཏེ་རིང་ཐུང་རྐོང་བུའི་ཚད་ལ་དཔག་ཏེ་ཇི་ལྟར་རན་པར་བྱ་གསུངས།
མར་མེ་འབུལ་དུས། མར་ཁུ་རྒྱ་མཚོ་ཡོངས་སུ་འཁྱིལ་བའི་རྐོང༌། །ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་འདི། །མུན་པའི་བསྐལ་བ་ཡོངས་སུ་སངས་བྱས་ནས། །འགྲོ་རྣམས་སངས་རྒྱས་མངོན་སུམ་མཐོང་བར་ཤོག།ཅེས་པའི་སྔོན་བྱོན་དམ་པས་དེ་སྨོན་ལམ་ཞིག་འདི་གསུངས་པར་གལ་ཆེ། མར་མེ་འབར་ཚུལ་མེ་མ་ཤི་ཙམ་གྱིས་འོད་མེད་པར་རྒྱུན་རིང་བོར་བྱེད་པ་དང་སྡོང་བུ་ཧ་ཅང་སྦོམ་པས་མྱུར་ཏུ་འབར་བར་མི་བྱེད་པར་འོད་གསལ་བའི་སྟེང་ནས་དལ་འབར་བྱས་ན་ལེགས་པར་བསྟན་རིམ་ལས་གསུངས་སོ། །
མར་མེ་ཕུལ་བའི་ཕན་ཡོན་ནི། འཇིག་རྟེན་ན་མར་མེ་ལྟ་བུ་དང་ལྷ་དང་ཤའི་མིག་རྣམ་པར་དག་པ་དང་དགེ་མི་དགེའི་ཆོས་ཤེས་པར་འགྱུར་བ་དང༌། མ་རིག་པའི་མུན་པ་སེལ་ཅིང་ཤེས་རབ་ཀྱི་སྣང་བ་ཐོབ་པ་དང་མུན་ནག་ཏུ་མི་སྐྱེ་བ་དང་ལོངས་སྤྱོད་ཆེ་བ་དང་མཐོ་རིས་སུ་སྐྱེ་བ་དང་མྱུར་དུ་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་གསུངས་ཤིང་ཁྱད་པར་མ་རྒྱུད་ཀྱི་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས་བདེ་ཆེན་འོད་གསལ་གྱི་ཡེ་ཤེས་འདྲེན་པ་ལ་མར་མེ་ཕུལ་བ་རྟེན་འབྲེལ་གྱི་སྒོ་ནས་ཁྱད་པར་འཕགས་གསུངས།

 

བརྒྱུད་འགོད།