དུ་བའི་ཉེས་དམིགས།

    སྤེལ་དུས།  2015-12-06 23:01:44     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

        ༄༅། །སྣ་ཐ་དང་ཐ་མ་ཁ་གཉིས་ མིང་མི་འདྲ་བ་མ་གཏོགས་ཁྱད་པར་ཅི་ཡང་མེད་དེ་ནི་རང་གི་སྐྱོན་ཆ་འགེབ་པའི་ཐབས་ཤིག་ལས་ཅི་ཡང་མིན་ཏེ་དེ་གཉིས་ལ་ཁྱད་པར་ཅི་ཡང་མེད་ཀྱང་གྲྭ་བས་གཏན་ནས་འཐེན་མི་ཆོག་པ་མ་ཟད་ཁྱིམ་པས་ཀྱང་གཏན་ནས་ཁ་དུད་དང་སྣ་དུད་གང་ཡིན་རུང་འཐེན་ན་ཤིན་ཏུ་མི་ལེགས། དེ་དག་ནི་དུག་ཀྱི་རིགས་ཡིན་ལ་སྔོན་སྟོན་པའི་དུས་སུ་གླེང་གཞི་མ་བྱུང་བ་མ་གཏོགས་ཆང་དང་ཁྱད་པར་ཅི་ཡང་མེད་པ་ཡིན།པཎ་ཆེན་ཐམས་ཅད་མཁྱེན་པས་སངས་རྒྱས་དུས་སུ་གླེང་གཞི་མ་བྱུང་བ་མ་གཏོགས་ཆང་དང་ཁྱད་མེད་གསུངས་པས་བློ་དང་ལྡན་པ་ཡིན་ན་འཇུག་ཚུལ་མེད་ལ་རྒྱལ་ཚབ་དེ་མོས་གྲྭ་ས་རྣམས་སུ་སྣ་ཐ་ཐབས་མཁས་ཀྱིས་གཅོད་དུ་བཅུག་པ་ཀློང་བརྡོལ་བླ་མ་རིན་པོ་ཆེས་གསུངས་པས་བསམ་ཡས་གསར་བཟོ་མཛད་པ་ལས་སྣ་ཐ་ཁ་གཅོད་དུ་བཅུག་པར་བཀའ་དྲིན་ཆེ་གསུངས།
དེ་བཞིན་ཨ་མེ་རི་ག་བས་དུ་བ་ནི་དུས་རབས་ཉི་ཤུ་བའི་བྱི་དུག་ཡིན་ཟེར།དུ་བ་འཐེན་པས་མི་རང་ཉིད་ལ་གནོད་པ་མ་ཟད་ཁོར་ཡུག་དང་ཁོར་ཡུག་གི་སེམས་ཅན་ལའང་ཤིན་ཏུ་གནོད། ཚན་རིག་གིས་བདེན་དཔང་བྱས་པ་ལྟར་ན་དུ་བ་རྐང་གཅིག་གི་ནང་དུ་རྫས་སྣ་སུམ་བརྒྱ་ལྷག་ཡོད་ལ་དེ་ལས་བརྒྱ་ཆའི་བཞི་ཆུ་ནི་སྐྲན་ནད་གྱི་རྫས་ཉེ་གུ་ཏིན་སོགས་ཡིན། ཉེ་གུ་ཏིན་ཐིགས་པ་གཅིག་གིས་རྟ་རྒན་གསུམ་གསོད་ཐུབ་ལ་ཧོ་ཁེ་ལྔ་བཅུ་ཡིས་མི་དར་མ་གཅིག་ཤི་འགྲོ། དེ་ལས་བལྟས་ན་དུ་རྐང་གཅིག་གིས་མི་གཅིག་གསོད་ཐུབ།ཡིན་ནའང་དེ་འདྲའི་དུག་ཕོག་པ་ཉུང་བ་ནི་དུ་བ་ལས་དུག་དེ་རིགས་བརྒྱ་ཆའི་ཉེར་ལྔ་མེར་བསྲེགས་པ་སོགས་ཀྱིས་མི་ལུས་སུ་བརྒྱ་ཆའི་ཉི་ཤུ་མ་གཏོགས་སོང་མེད། དེ་ལས་ཀྱང་བརྒྱ་ཆའི་བརྒྱད་བཅུ་ལུས་ཀྱིས་དུག་སེལ་བྱས་ནས་ཅུང་ཟད་ཅིག་མ་གཏོགས་ལུས་སུ་སོང་མེད་མོད། དེའི་ཤུགས་རྐྱེན་ལས་དུ་བ་འཐེན་མཁན་གྱི་ཚེ་ཚད་ལོ་ལོ་ལྔ་ནས་བརྒྱད་བར་ཇེ་ཐུང་དུ་བུད་འགྲོ་ཟེར།
འོ་ན་དུ་བ་འཐེན་པས་ནད་གང་འབྱུང་ཟེར་ན་ཚན་རིག་གིས་བརྟག་དཔྱད་བྱས་ནས་ཤེས་གསལ་ལྟར་ན་གློ་བའི་ཨེད་སྐྲན་བྱུང་བ་ལས་བརྒྱ་ཆའི་དྲུག་བཅུ་ཡུན་རིང་བོར་དུ་བ་འཐེན་པ་ལས་བྱུང་ལ་གློ་སྐྲན་གྱི་ཤི་ཚད་ཡང་དུ་བ་འཐེན་པ་དུ་བ་མི་འཐེན་པ་ལས་ལྡབ་བཅུ་དང་ཚེག་ལྔས་མཐོ་ལ་མིད་སྐྲན་གྱིས་ཤི་ཚད་ལྡབ་ལྔ་དང་ཚེག་བཞི། ཟས་ལམ་སྐྲན་གྱིས་ཤི་ཚད་ལྡབ་གསུམ་དང་ཚེག་བཞི། ཁའི་སྐྲན་གྱིས་ཤི་ཚད་ལྡབ་བཞི་དང་ཚེག་གཅིག་གིས་མཐོ་ཟེར། ད་དུང་གློ་བུག་ལ་གནོད་ཚད་ཤིན་ཏུ་ཆེ་སྟེ་དབྱིན་ཇིས་སྡོམ་ཚིག་བྱས་པ་ལྟར་ན་ཉིན་རེར་དུ་བ་རྐང་ཉེར་ལྔ་འཐེན་མཁན་གློ་བུག་གི་ནད་བྱུང་ཚད་དུ་བ་མི་འཐེན་མཁན་ལས་ལྡབ་ཉི་ཤུས་མཐོ་ལ་གློ་བུག་གི་ཤི་བ་ལས་བརྒྱ་ཆའི་བདུན་ཅུ་དུ་བ་འཐེན་པ་ལས་བརྟེན་ནས་བྱུང་བ་རེད། གཞན་ད་དུང་དུ་བ་འཐེན་པ་ལས་ཁྲག་རྩ་འཁུམ་པ་དང༌།ཁྲག་གི་རྒྱུགས་ཚད་དལ་བར་གྱུར་བ།ཁྲག་ཚད་མཐོ་བར་འགྱུར་བ། སྙིང་གི་ལྡིང་ཚད་མཐོ་བར་འགྱུར་བ་སོགས་ཀྱི་ནད་འབྱུང་བར་བཤད། སྡོམ་ཚིག་བྱས་པ་ལྟར་ན་དུ་བ་འཐེན་མཁན་སྙིང་ནད་ཀྱིས་ཤི་ཚད་མི་འཐེན་པ་ལས་ལྡབ་གཅིག་ཚེག་བདུན་གྱིས་མཐོ་བ་སོགས་ཉེས་པ་མང་བོ་བཤད་དོ། །
གྲྭ་བ་ཡིན་ནའང་འདྲ།སྔགས་པ་ཡིན་ན་ཡང་འདྲ་ཁྱིམ་པ་ཡིན་ནའང་འདྲ་སྟེ་མི་སུ་ཡིན་རུང་སྟེ་དུ་བ་འཐེན་མི་རུང་སྟེ་སློབ་དཔོན་པད་མའི་ལུང་བསྟན་རཏ་ན་གླིང་བའི་གཏེར་མ་ལས། སློབ་དཔོན་པད་མ་འབྱུང་གནས་ཀྱིས། །དམ་སྲི་སྤུན་དགུ་དམ་ལ་བཞག་པའི་ཚེ། །སྤུན་དགུའི་ཐ་ཆུང་ཉིད་ཀྱིས་འདི་སྨྲས་སོ། །སྤུན་རྣམས་མྱ་ངན་མ་བྱེད་གཏམ་ལ་ཉོན། །ང་ནི་རྒྱ་ཡུལ་ཐ་མ་ཁ་རུ་སྤྲུལ། །དུག་གི་མིང་ནི་ཧ་ལ་ནག་པོ་ཟེར། །བོད་ཀྱི་མཐའ་འཁོབ་རྣམས་སུ་སྐྱེས་ནས་ཡོད། །མཐའ་མི་རྣམས་ཀྱིས་དབུས་སུ་འཁྱེར་ནས་ཡོད། །བོད་འབངས་བདེ་སྐྱིད་ལོངས་སྤྱོད་དེ་ལ་བྱེད། །དེ་ཡིས་སྟོབས་ཀྱིས་དུག་ལྔ་རགས་ཤིང་རྒྱས། །དགེ་བཅུ་སྤོངས་ནས་མི་དགེ་བཅུ་ལ་སྤྱོད། །བསྟན་འཛིན་སྐུ་ཚེ་མི་བརྟན་རིང་དུ་གཤེགས། །དུག་གི་དུ་བ་ས་ཡི་འོག་ཏུ་སོང༌། །ཀླུ་ཡི་གྲོང་ཁྱེར་ཆེནཔོ་འབུམ་ཚོ་འཇིག། ཆར་ཆུ་མི་འབབ་ལོ་ཕྱུགས་མི་ལེགས་ཤིང༌། །ནད་འཁྲུགས་རིམས་ནད་མི་འདོད་སྣ་ཚོགས་འབྱུང༌། །དུག་གི་དུ་བ་ནམ་མཁའི་མཐོངས་སུ་སོང༌། །དེ་ཡི་སྟོབས་ཀྱིས་ལྷ་ཡི་གྲོང་ཁྱེར་འཇིག།གཟའ་སྐར་དུས་ལོག་སྐར་མ་རྟགས་ཅན་ཤར། །འཐུངས་པའི་མི་དེ་བྱང་ཆུབ་སེམས་རྩ་སྐམ། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ལྡང་བར་བྱེད། །ཞེས་གསུངས་ཤིང་མ་ཅིག་ལབ་སྒྲོན་གི་ལུང་བསྟན་ལས། ཡང་གཅིག་ཉོན་དང་བུ་སློབ་ཀུན། །དུས་ཀྱི་ཐ་མ་རྩོད་ལྡན་དུས། །དུག་ལྔ་ཚང་བའི་ཁ་ཟས་གཅིག། འབྱུང་ནི་ནག་པོ་རྒྱ་ནས་འབྱུང༌། །དར་ནི་ཧོར་གྱི་ཡུལ་དུ་དར། །ཟས་ནི་བོད་ཁམས་འགྲོ་བའི་ཟས། །དེ་ཡི་དབང་གིས་འཛམ་གླིང་འདིར། །ཆར་ཆུ་མི་སྙོམས་སད་སེར་ལྡང༌། །སྒོམ་སྒྲུབ་བྱེད་པས་འདི་ཟོས་ན། །བསྐལ་བ་བརྒྱར་ཡང་ལྷ་མི་འགྲུབ། །ཕྱི་མར་ངན་འགྲོར་གཏན་འཁྱམས་བྱེད། །མཆོག་གསུམ་ཐུགས་རྗེས་སྐྱོབ་མི་ནུས། །ཞེས་སོགས་དང་པཎ་ཆེན་བློ་བཟང་ཆོས་རྒྱམ་གྱིས། མི་གཙང་གཙོག་གིས་མནལ་བས་སད་སེར་དང༌། །མི་འདོད་འབྲུས་བུ་སྣ་ཚོགས་འགྲོ་ལ་འབྱུང༌། །རྣམ་སྨིན་རང་ཉིད་མི་ཟད་དྲི་ཕོག་པའི། །འགྲོ་རྣམས་དམྱལ་བ་ཡི་དྭགས་དུད་འགྲོ་སོགས། །གནས་ངན་མི་ཁོམ་རྣམས་སུ་སྐྱེས་བས་ན། །རིག་ལྡན་སུ་ཞིག་དེ་འདྲ་ལ་མི་འཛེམ། །ཞེས་སོགས་རྒྱ་ཆེར་གསུངས་པས་བདག་ལེགས་སུ་འདོད་པ་རྣམས་ཀྱིས་དུ་བ་ལ་འཛེམ་པ་ཤིན་ཏུ་གལ་ཆེའོ། །

 

བརྒྱུད་འགོད།