རྒྱལ་སྲིད་སྣ་བདུན་ངོ་སྤྲོད།

    སྤེལ་དུས།  2015-12-06 22:59:45     རྩོམ་པ་པོ།   བཛྲ་ཚུལ་ཁྲིམས།    ཀློག་ཐེངས།  


འཁོར་ལོ་རིན་པོ་ཆེ་ནི་སྔོན་དུས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ས་ཕོ་བྲང་གི་རྩེ་ནས་བདེན་ཚིག་བརྗོད་པས།ཤར་ཕྱོགས་ཀྱི་ནམ་མཁའ་ནས་རྒྱལ་པོའི་མདུན་དུ་བབས་ཏེ་གང་དུ་འགྲོ་འདོད་པའི་ཡུལ་དེར་འཁོར་ལོ་དེས་སྣས་དྲངས་ནས་འགྲོ་བ་དང་།དེ་དང་མཉམ་དུ་རྒྱལ་སྲིད་ཀྱི་རིན་པོ་ཆེ་གཞན་རྣམས་ཀྱང་འབད་མེད་དུ་རྗེས་སུ་འབྱོར་འོང་བ་དེ་ཡིན།

ནོར་བུ་རིན་པོ་ཆེ་ནི་མདོག་མཐིང་ག་དྲི་མ་མེད་པ་འོད་དཔལ་ཚད་བརྒྱད་ཅུར་སྣང་བར་བྱེད་པའི་ནུས་པ་དང་ལྡན་པ།གླིང་བཞིའི་འགྲོ་བ་ཐམས་ཆད་ཀྱི་དབུལ་ཕོངས་སེལ་བ།འདོད་རྒུ་ཡིད་བཞིན་དུ་སྐོང་བ་སོགས་ཀྱི་ཡོན་ཏན་དང་ལྡན་པ་དེའོ།།

བཙུན་མོ་རིན་པོ་ཆེ་ནི་གཟུགས་མཛེས་ཤིང་ལྟ་ན་སྡུག་པ།རིག་པ་དྭངས་ཤིང་ངག་འཇམ་པ།བུད་མེད་ཀྱི་སྐྱོན་ཐམས་ཅད་དང་ཡོངས་སུ་བྲལ་ཞིང་ཡོན་ཏན་དང་ལྡན་པ།ལུས་ཕྲ་མོ་མཛེས་པའི་མཚན་པ་བཅོ་བརྒྱད་སོགས་ཀྱིས་མཛེས་ཤིང་དར་ཟབ་ཀྱི་གོས་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ།སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་སོགས་པར་མཁས་ཤིང་མཐོང་བ་ཙམ་གྱིས་སྐྱེ་བོ་ཀུན་གྱི་ཡོད་འཕྲོག་ཅིང་བདེ་ལེགས་ཐམས་ཅད་སྟེར་བ་དེའོ།།

བློན་པོ་རིན་པོ་ཆེ་ནི་རྣམ་ཐོས་ཀྱི་བུ་ལྟ་བུ་ལོངས་སྤྱོད་དང་དཔལ་འབྱོར་ཕུན་སུམ་ཚོགས་པ།གཡུལ་དུ་དཔའ་ཞིང་ལས་ལ་མཛངས་པ།སྲིད་ཀྱི་ལས་ལ་སྣ་ཐམས་ཅད་ལ་བྱང་ཞིང་རྒྱལ་པོའི་སྤྱན་གྱི་འབྲས་བུ་དང་མཚུངས་པ།རྒྱལ་པོས་སྟོང་གསུམ་གསེར་གྱིས་ཁེངས་ཤིག་ཅེས་བཀའ་བསྩལ་ནའང་སྐད་ཅིག་གིས་སྒྲུབ་ནུས་ཤིང་གཏོང་ཕོད་ཆེ་བ་བསོད་ནམས་དང་བློ་སྟོབས་ལྡན་པ་དེའོ།།

གླང་པོ་རིན་པོ་ཆེ་ནི་ཐལ་དཀར་གྱི་མདོག་ལྟ་བུ་མཆེ་བ་དྲུག་དང་ལྡན་པ། སྤྱི་གཙུག་དམར་ཞིང་དཔངས་མཐོ་བ།ནོར་བུའི་དྲ་བས་གཡོགས་ཤིང་གླང་པོ་ཆེ་ཕལ་བ་སྟོང་གི་སྟོབས་མངའ་བ།གཡུལ་ལས་རྣམ་པར་རྒྱལ་ཞིང་།ཤིན་ཏུ་མགྱོགས་པའི་ཁྱད་ཆོས་དང་ལྡན་པ་གླང་ཆེན་ས་སྲུང་གི་བུ་ལྟ་བུའོ།།

རྟ་མཆོག་རིན་པོ་ཆེ་ནི་མདོག་སྔོན་པོ་རྨ་བྱའི་མགྲིན་པའི་སྤུ་ལྟ་བུ་ཡིད་དུ་འོང་བ།ནད་མེད་ཅིང་མཚེར་སྐད་ཀྱིས་འཛམ་གླིང་ཁྱབ་པ།རྒྱལ་པོའི་ཐུགས་ལ་གང་ཤར་ཤེས་པས་ཅང་ཤེས་པ།འཛམ་གླིང་ཇིན་གཅིག་ལ་ལན་གསུམ་བསྐོར་ནུས་པའི་བང་ཤུགས་རླུང་དང་འདྲ་བ་རྟ་ཡི་རྒྱལ་པོ་ ཅང་ཤེས་བ་ལ་ཧ་ལྟ་བུའོ།།

དམག་དཔོན་རིན་པོ་ཆེ་ནི་དཔའ་དང་སྙིང་སྟོབས་ལྡན་པ།འཕྲུལ་དང་མཚོན་གྱི་སྒྱུ་རྩལ་དང་གཡུལ་འགྱེད་ཀྱི་ཐབས་ལ་མཁས་པ་དཔུང་ཚོགས་ཡན་ལག་བཞི་དང་བཅས་པ།གཞུ་བདུངས་པ་ཙམ་གྱིས་ཕ་རོལ་གྱི་དགྲ་སྡེ་ཐམས་ཅད་དཔའ་ཞུམ་པའི་གཟི་བྱིན་བཟོད་པར་དཀའ་བ་རྒྱལ་པོ་འཕགས་སྐྱེས་པོ་ལྟ་བུ་སྟེ་བདུན་ནོ།།
 

བརྒྱུད་འགོད།