དུས་ཆེན་གྱི་བཤད་པ་ངོ་མཚར་དགའ་སྐྱེད་ཅེས་བྱ་བ་བཞུགས་སོ།།

    སྤེལ་དུས།  2015-12-06 22:54:13     རྩོམ་པ་པོ།   ངག་དབང་བློ་བཟང་ཆོས་ལྡན།    ཀློག་ཐེངས།  

 

          ༄༅། །སྟོན་པ་བཅོམ་ལྡན་འདས་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདིར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས་པའི་དུས་ཆེན་གྱི་རྣམ་གཞག་འཆད་པ་ལ། ཆོ་འཕྲུལ་གྱི་དུས་ཆེན་བཤད་པ། དུས་ཆེན་གཞན་བཤད་པ། དུས་ཆེན་དེ་དག་ལ་དགེ་བ་བྱས་པའི་ཕན་ཡོན་བཤད་པ། ཞར་བྱུང་གཞན་བཤད་པ་དང་བཞི།
དང་པོ་ལ། ཆོ་འཕྲུལ་གྱི་དུས་ཆེན་དུས་ནམ་གྱི་ཚེ་བྱུང་བ། རྐྱེན་ཇི་ལྟ་བུས་བྱུང་བ། ཚུལ་ཇི་ལྟར་བྱུང་བ་བཤད་པ་དང་གསུམ། དང་པོ་དུས་ནམ་གྱི་ཚེ་བྱུང་བ་ནི། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་དགོང་ལོ་ང་བདུན་པ་མེ་ཕོ་འབྲུག་གི་ལོ་བྱུང༌། རྐྱེན་ཇི་ལྟ་བུས་བྱུང་བ་ནི། དེའི་སྔར་ལོ་ཤིང་ཡོས་ལ་བཅོམ་ལྡན་འདས་འཁོར་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་ན་བཞུགས་པའི་ཚེ། མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད། ཀུན་དུ་རྒྱུ་གནག་ལྷས་ཀྱི་བུ། སྨྲ་འདོད་ཀྱི་བུ་ཡང་དག་རྒྱལ་བ་ཅན། མི་ཕམ་སྐྲའི་བུ་ལ་བ་ཅན། ཀ་ཏའི་བུ་ནོག་པོ་ཅན། གཅེར་བུ་པ་གཉེན་གྱི་བུ་དང་དྲུག་ཀྱང་དེར་གནས་པ་ལས་རྒྱལ་པོ་དང་བློན་པོ་དང༌། ཁྱིམ་བདག་དང་ཡུལ་མི་རྣམས་རིམ་གྱིས་སངས་རྒྱས་ལ་དད་དེ་ཞབས་ཏོག་བསྙེན་བཀུར་ཞུ་བ། ཇི་མང་དང༌། མུ་སྟེགས་ཀྱི་སྟོན་པ་དྲུག་ལ་ཞབས་ཏོག་བསྙེན་བཀུར་བྱེད་པ་ཇེ་ཉུང་དུ་སོང་བས་བཅོམ་ལྡན་འདས་ལ་ཕྲག་དོག་གིས་ཡིད་སྐྱོད་དེ་ཡུལ་དེའི་རྒྱལ་པོ་གཟུགས་ཅན་སྙིང་པོའི་དྲུང་དུ་སོང་སྟེ། བདག་ཅག་སངས་རྒྱས་དང་ཆོ་འཕྲུལ་འགྲན་དུ་ཆུ་གཅིག །ཅེས་ཞུས་པར་རྒྱལ་པོས་བཟློག་ཀྱང་མཉན་པས་སངས་རྒྱས་ལ་ཞུས་པར། སངས་རྒྱས་ཀྱིས་ང་ཉིད་དུས་མཁྱེན་ནོ་ཞེས་ཞལ་གྱིས་བཞེས་ཏེ། སངས་རྒྱས་འཁོར་བཅས་ཡུལ་ཡངས་པ་ཅན། ཀོའུ་ཤམྦི། ཝར་གྱི། ཐིག་ཆ་ཤི་རི། ཝ་ར་ཎ་སི། སེར་སྐྱ་རྣམས་སུ་རིམ་པ་བཞིན་བྱོན་པའི་མཐར་མཉན་ཡོད་དུ་ཕེབ། མུ་སྟེགས་ཀྱི་སྟོན་པ་དྲུག་འཁོར་བཅས་དང༌། རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་ཁྲི་ཕྲག་དྲུག་ཅུ། ལི་ཙ་བྱི་འཁོར་ཁྲི་ཕྲག་བདུན། རྒྱལ་པོ་ཨུ་ཏྲ་ཡ་ན་འཁོར་སྟོང་ཕྲག བརྒྱད་ཁྲི། རྒྱལ་པོ་ཤུན་ཙིད་ལ་འཁོར་ཁྲི་ཕྲག་ལྔ། རྒྱལ་པོ་ཨིནྟྲ་ཝ་རྨི་འཁོར་ཁྲི་ཕྲག་དྲུག །རྒྱལ་པོ་ཚངས་སྦྱིན་འཁོར་ཁྲི་ཕྲག་བརྒྱད་ཅུ། ཤཱཀྱའི་འཁོར་ཁྲི་ཁྲག་དགུ་དང་བཅས་པ་རྣམས་ཀྱང་སངས་རྒྱས་ཀྱི་རྗེས་སུ་འབྲངས་ཏེ་ཤིང་ཡོས་དགུན་ཟླ་ཐ་ཆུང་ལ་མཉན་ཡོད་དུ་འཚོགས། མུ་སྟེགས་ཀྱི་སྟོན་པ་དྲུག་མཉན་ཡོད་ཀྱི་རྒྱལ་པོ་གསལ་རྒྱལ་གྱི་དྲུང་དུ་སོང་སྟེ། དགེ་སྦྱོང་ཀོའུ་ཏ་མ་དང་བདག་ཅག་ཆོ་འཕྲུལ་འགྲན་པར་དུས་བྱས་པ་ལས་དུས་ལ་བབ་པ་དང་བྱོལ་ཞིང་བྲོས་ཏེ། ད་ནི་འཁོར་མང་པོ་ཡང་རྒྱལ་པོའི་ཡུལ་དུ་འཚོགས་ཀྱི་རྒྱལ་པོ་ཆེན་པོས་བདག་ཅག་འགྲན་དུ་ཆུ་གཅིག །ཅེས་ཞུས་པན་རྒྱལ་པོས་བཟློག་ཀྱང་མཉན་པས་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ། མུ་སྟེགས་སྟོན་པ་དྲུག་གིས་ཆོ་འཕྲུལ་འགྲན་པར་ཡང་ནས་ཡང་ཏུ་བསྐུལ་བར་འདུག་པས། བཅོམ་ལྡན་འདས་ཀྱིས་འདི་དག་ཆོ་འཕྲུལ་གྱིས་ཚར་བཅད་དུ་གསོལ་ཞེས་གསོལ་བས་ང་ཉིད་དུས་མཁྱེན་ནོ། །ཞེས་བཀའ་སྩལ་པ་དང༌། གསལ་རྒྱལ་གྱིས་ས་ཕྱོགས་བྱི་བདར་བྱས་ཤིང་བརྒྱན་ཏེ་འཁོར་མང་པོ་བསྡུས་པ་ལ་བརྟེན་ནས་བྱུང༌།
གསུམ་པ་ཚུལ་ཇི་ལྟར་བྱུང་བ་ནི། མེ་འབྲུག་གི་ཧོར་ཟླ་དང་པོའི་ཚེས་གཅིག་ལ་ཐམས་ཅད་འཚོགས་པའི་སར་རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་ལ་ཆོས་སྟོན་དྲང་བའི་ཚེ་ཚེམས་ཤིང་ས་ལ་བཙུག་མ་ཐག་ཏུ། རྩ་བ་དང་སྡོང་པོ་དང་ཡལ་ག་རྣམས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན། དཔག་ཚད་ལྔ་བརྒྱའི་དབང་ས་དང་རྒྱ་ཁྱོན་དང་ལྡན་པ་ལོ་འདབ་དང་མེ་ཏོག་ཤིན་དུ་ཡིད་དུ་འོང་ཞིང༌། འབྲས་བུ་བྲེ་ལྔ་ཤོང་བའི་བུམ་པའི་ཚད་དང་ལྡན་པ། ཁ་དོག་དང་འོད་ཟེར་གྱིས་ཉི་ཟླ་ཟིལ་གྱིས་གནོན་ཅིང༑ རླུང་གིས་བསྐྱོད་པའི་དྲི་བསུང་དང་སྒྲ་ལས་ཆོས་ཀྱི་སྒྲ་འབྱུང་བ་སྦྲུལ། ཚེས་གཉིས་ལ་རྒྱལ་པོ་ཨུ་ཏྲ་ཡ་ནས་མཆོད་པའི་ཚེ་སྐུའི་གཡས་གཡོན་དུ་རིན་པོ་ཆེའི་རི་མཐོ་ཞིང་བརྗིད་ཆགས་པ། ལྗོན་ཤིང་ཡལ་ག་ལོ་འདབ་དང་མེ་ཏོག་དང་འབྲས་བུ་མཛེས་ཤིང་ཡིད་དུ་འོང་བ་ཅན་གཉིས་ལས། གཡས་ཀྱི་རིལ་མི་རྣམས་འབྲས་བུ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པ་དང༌། གཡོན་གྱི་རིལ་དུད་འགྲོ་རྣམས་རྩ་སྔོ་ལྗང་བཅུད་དང་ལྡན་པ་ལ་བདེ་བར་ལོངས་སྤྱོད་པ་སྦྲུལ། ཚེས་གསུམ་ལ་ཤུན་ཙི་རྒྱལ་པོས་མཆོད་པའི་ཚེ་ཞལ་བཤལ་བའི་ཆུས་ལ་དོར་བ་ལས། ཆུ་ཡན་ལག་བརྒྱད་ལྡན་གྱིས་གང་བའི་རྫིད་བུ་དཔག་ཚད་ཉིས་བརྒྱའི་རྒྱ་ཁྱོན་ཅན། རིན་ཆེན་སྣ་བདུན་གྱིས་བརྒྱན་ཅིང༌། ཤིང་རྟའི་འཕང་ལོ་ཙམ་གྱི་པདྨ་ཁ་དོག་སྣ་ཚོགས་པ་འོད་ཟེར་གྱིས་ཕྱོགས་ཐམས་ཅད་སྣང་བར་བྱེད་པ་མང་པོས་མཛེས་པར་བྱས་བ་སྦྲུལ། ཚེས་བཞི་ལ་རྒྱལ་པོ་ཨིནྡྲ་ཝ་རྨིས་མཆོད་པའི་ཚེ་སྔར་ཉིན་སྤྲུལ་པའི་རྫིད་བུའི་ངོས་བཞིན་ཆུ་ཀླུང་ཡུར་བ་བརྒྱད་ཡོད་ལ་འབབ་པ་འཁོར་ཞིང་རྫིང་བུའི་ནང་དུ་འབབ་པའི་སྒྲ་ལས་བྱང་ཆུབ་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད། རྣམ་ཐར་གསུམ། ཕར་ཕྱིན་དྲུག །ཚད་མེད་བཞི་སོགས་ཆོས་ཀྱི་སྒྲ་སྒྲོགས་པ་སྤྲུལ། ཆོས་ལྔ་ལ་རྒྱལ་པོ་ཚངས་སྦྱིན་གྱིས་མཆོད་པའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་འཛུམ་ལས་འོད་ཟེར་སྟོང་གསུམ་ཁྱབ་པ་འཕྲོས་པའི་འོད་ཟེར་དེས་ལུས་ལ་རེག་པའི་སྐྱེ་དགུ་རྣམས་དུག་གསུམ་དང་སྒྲིབ་པ་ལྔ་དང་བྲལ་ཏེ། ལུས་སེམས་རབ་ཏུ་བདེ་བ་ལ་བཀོད་པ་སྤྲུལ། ཚེས་དྲུག་ལ་ལི་ཙ་བྱི་རྣམས་ཀྱིས་མཆོད་པའི་ཚེ་འཁོར་འདུས་པ་ཐམས་ཅད་ཀྱིས་གཅིག་གཅིག གིས་བསམ་པ་ཤེས་ཤིང་སོ་སོའི་དགེ་བ་དང་མི་དགེ་བའི་ལས་འབྲས་མངོན་དུ་གྱུར་ནས་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པས་སྟོན་པའི་ཡོན་ཏན་བརྗོད་ཅིང་དགེ་ཚོགས་རྒྱ་ཆེན་པོ་བསྐྲུན་པ་སྤྲུལ། ཚེས་བདུན་ལ་ཤཱཀྱའི་རིགས་རྣམས་ཀྱིས་མཆོད་པའི་ཚེ། སྟོན་པའི་འཁོར་རྣམས་སོ་སོ་ནས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྒྱལ་སྲིད་སྣ་བདུན་བུ་སྟོང༌། རྒྱལ་ཕྲན་དང་བློན་པོའི་ཚོགས་མང་པོས་བསྐོར་བ་ཀུན་ལ་མངོན་དུ་གྱུར་ནས་ངོ་མཚར་དང་དད་པ་རྨད་དུ་བྱུང་བ་སྐྱེས་ཏེ་ཆོས་ལ་སྦྱར་བ་སྤྲུལ། འདི་དག་གི་ཚེ་མུ་སྟེགས་ཀྱི་སྟོན་པ་དྲུག་ཆོ་འཕྲུལ་སྟོན་པར་འདོད་ཀྱང་ཡན་ལག་རེངས་ཁ་འཐམས། སེམས་ཁུང་དུ་ཆུད་ཅུང་ཟད་ཀྱང་སྟོན་པའི་མཐུ་མེད་པར་གྱུར། ཆོས་བརྒྱད་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་སེང་གེའི་ཁྲི་བཤམས་པ་ལ་སྤྱན་དྲངས་ནས་བཞུགས་སུ་གསོལ་ཏེ། ལྷ་ཚངས་པས་གཡས་ནས་མཆོད། བརྒྱ་བྱིན་གྱིས་གཡོན་ནས་མཆོད་པའི་ཚེ་བཅོམ་ལྡན་འདས་ཀྱི་ཕྱག གཡས་པའི་སོར་རྩེས་ཁྲི་ལ་རེག་པས་སྒྲ་སྐད་ཤིན་ཏུ་ཆེ་བ་ཞིག་བྱུང་བ་དང་མཉམ་དུ་སྲིན་པོ་ལྔ་བྱུང་སྟོན་པ་དྲུག་གི་ཁྲི་བཤིག །ཕྱག་ན་རྡོ་རྗེས་མེ་རབ་ཏུ་འབར་བའི་རྡོ་རྗེས་བསྐྲད། ཁ་ཅིག་སྐྱེངས་ཏེ་ཆུ་ལ་མཆོད། མུ་སྟེགས་ཀྱི་འཁོར་དགུ་ཁྲི་ཆིག་སྟོང་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཚེས་བསྟན་པས་དགྲ་བཅོམ་པར་གྱུར་པ་སྤྲུལ། ཚེས་དགུ་ལ་ལྷ་ཚངས་པས་མཆོད་པའི་ཚེ། བཅོམ་ལྡན་འདས་ཀྱི་སྐུ་མཉན་ཡོད་ཀྱི་ཁྲི་ལ་བཞུགས་བཞིན་པའི་དབུ་ཚངས་པའི་ཡུལ་སར་བསྙེགས་པ་གནམ་སའི་ཁྱོན་ཀུན་སྒྲིབ་པ་མེད་པར་ཀུན་གྱིས་མངོན་སུམ་དུ་གསལ་བར་མཐོང་པར་བཞུགས་ནས་ཆོས་སྟོན་པ་སྤྲུལ། ཚེས་བཅུ་ལ་རྒྱལ་ཆེན་བཞིས་མཆོད་པའི་ཚེ། སྐུ་ལུས་ཀྱིས་སྲིད་རྩེའི་བར་ཁྱབ་པ༌ ཀུན་གྱིས་མཐོང་ཞིང་གསུང་གིས་ཆོས་སྟོན་པ་ཀུན་གྱིས་ཐོས་པ་སྤྲུལ། ཚེས་བཅུ་གཅིག་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་མཆོད་པའི་ཚེ་བཅོམ་ལྡན་འདས་སེང་གེའི་ཁྲི་ལ་བཞུགས་བཞིན་དུ་སྐུ་མི་སྣང་ཞིང་འོད་ཟེར་གྱིས་སྟོང་གསུམ་ཁྱབ་པ་དང་གསུང་གིས་ཆོས་སྟོན་པ་ཐོས་པ་སྤྲུལ། ཚེས་བཅུ་གཉིས་ལ་ཁྱིམ་བདག་ཙིད་ས་མཆོད་པའི་ཚེ་ཏིང་ངེ་འཛིན་གྱི་མཐུས་སྐུ་ལས་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བཀྱེས་པ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀུན་སྣང་བར་བྱས་ནས་འོད་ཀྱིས་རེག་པའི་སེམས་ཅན་ཐམས་ཅད་དུག་གསུམ་གྱི་སེམས་ཞི་ནས་སེམས་ཅན་ཐམས་ཅད་གཅིག་ལ་གཅིག་ཕ་མ་འམ་ཕུ་ནུ་ལྟ་བུར་མཛའ་ཞིང་སྡུག་པའི་སེམས་དང་ལྡན་པར་གྱུར་པ་ལ་ཆོས་སྟོན་པ་སྤྲུལ། ཚེས་བཅུ་གསུམ་ལ་ཤུན་ཅི་རྒྱལ་པོས་མཆོད་པའི་ཚེ། སྐུའི་ལྟེ་བའི་དཀྱིལ་འཁོར་ལས་འོད་ཟེར་གཉིས་འཕྲོས་པ་འདོམ་བདུན་འཕགས། དེའི་སྟེང་དུ་པདྨ་ལ་སྤྲུལ་སྐུ་མཚན་དཔེའི་བརྒྱན་པ་རེ་རེ། དེ་གཉིས་ཀྱི་ལྟེ་བ་ནས་འོད་ཟེར་གཉིས་གཉིས་འཕྲོས་པ་འདོམ་བདུན་དུ་འཕགས་པའི་སྟེང་དུ་པདྨ་ལ་སྤྲུལ་སྐུ་མཚན་དཔེས་བརྒྱན་པར་རེ་རེ། དེ་ལས་ཀྱང་འོད་ཟེར་དང་པདྨ་དང་སྤྲུལ་སྐུ་སྔར་ལྟར་གཅིག་ལས་གཉིས། གཉིས་ལས་བཞི། བཞི་ལས་བརྒྱད། བརྒྱད་ལས་བཅུ་དྲུག་སོགས་གཉིས་གཉིས་འཕྲོས་པས་སྟོང་གསུམ་ཁྱབ་པ་ཀུན་ལ་མངོན་དུ་གྱུར་པ་སྤྲུལ། ཚེས་བཅུ་བཞི་ལ་རྒྱལ་པོ་ཨུ་ཏྲ་ཡ་ནས་མཆོད་པའི་ཚེ། ཨུ་ཏྲ་ཡ་ནས་སངས་རྒྱས་ཀྱི་སྐུ་ལ་མེ་ཏོག་གཏོར་བ་རིན་པོ་ཆེའི་ཤིང་རྟ་ནོར་བུས་སྤྲས་པ་མཐོ་ཁྱད་ཚངས་པའི་འཇིག་རྟེན་གྱི་བར་དུ་འཕགས་པ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་གྲངས་དང་ལྡན་པར་གྱུར་པའི་ཤིང་རྟ་རེ་རེའི་སྟེང་དུ་སྤྲུལ་པའི་སངས་རྒྱས་རེ་རེ་བཞུགས་པའི་འོད་ཀྱིས་སྟོང་གསུམ་ཁྱབ་པ་སྤྲུལ། ཚེས་བཅོ་ལྔ་ལ་རྒྱལ་པོ་གཟུགས་ཅན་སྙིང་པོས་མཆོད་པའི་ཚེ། ཟོས་ན་ལུས་སེམས་ལ་བདེ་བ་ཁྱད་པར་ཅན་སྐྱེད་པའི་རོ་བརྒྱ་པའི་ཟས་ཀྱིས་སྣོད་ཐམས་ཅད་གང་བར་མཛད་ཅིང༌། ཕྱག་གཡས་ས་ལ་བསྣུམ་མ་ཐག་དམྱལ་ཁམས་བཅོ་བརྒྱད་ཀྱི་སེམས་ཅན་རྣམས་སྨྲེ་སྔགས་སྣ་ཚོགས་འདོན་པ་ཀུན་གྱིས་མངོན་པར་གྱུར་པ་ལ་བརྟེན་ནས་དང་ངས་སྐྲག་དང་སྐྱོ་བ་ཚད་མེད་པ་སྐྱེས་པ་ལ་ཆོས་བསྟན་པས་ལ་ལ་ཤི་འཕོས་ཏེ་ལྷར་སྐྱེས། ལ་ལ་བྱང་ཆུབ་ཏུ་སེམས་བསྐྱེད། ལ་ལས་རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་གྱི་འབྲས་བུ་མངོན་དུ་བྱས་པའི་སྤྲུལ་པ་སྟོན་པར་མཛད། དེ་ལྟར་ཉིན་བཅོ་ལྔ་ལ་ཆོ་འཕྲུལ་རེ་རེ་བསྟན་པས་ཉིན་རེ་བཞིན་འཁོར་གྱི་སེམས་ཅན་ལྷར་སྐྱེ། སེམས་སྐྱེད་པ༑ འབྲས་བུ་ཐོབ་པ་དཔག་ཏུ་མེད་པ་བྱུང་ཞིང་དེ་ཕྱིན་ཆད་དཔྱིད་ར་བའི་ཡར་དོའི་ཚེས་བཅོ་ལྔ་པོ་དུས་ཆེན་དུ་བྱིན་གྱིས་བརླབས་པ་ཡིན།
གཉིས་པ་ཆོ་འཕྲུལ་མཆོད་པ་ཇི་ལྟར་བྱུང་བ་ནི། བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་ཟིན་པ་པ་དང་མཉན་ཡོད་དུ་ཚེ་འཕྲུལ་མཆོད་རྟེན་ནམ་མུ་སྟེགས་ཕམ་བྱེད་ཀྱི་མཆོད་རྟེན་བརྩིགས་ཤིང༌། དེའི་ཕྱི་ལོ་ནས་ཆོ་འཕྲུལ་མཆོད་པ་ཡང་ཚུགས་ཏེ་རྒྱ་གར་གྱི་པཎ་གྲུབ་དང་རྒྱལ་པོ་དང་བློན་པོ་དང༌། ཁྱིམ་བདག་དད་པ་ཅན་ལ་སོགས་པས་ཡུལ་སོ་སོར་ཆོ་འཕྲུལ་ཆེན་པོའི་དུས་ཆེན་ལ་མཆོད་པ་དང་དུས་སྟོན་བྱེད་པ་དར་བར་གྱུར། དེའི་རྒྱུན་གྱིས་བོད་དུ་ཡང་ཆོས་རྒྱལ་གོང་མ་ནས་བཟུང་སྟེ་བླ་མ་དང་སྦྱིན་བདག་དང་སྟོབས་དང་ལྡན་པ་རྣམས་ཀྱིས་རིམ་པ་ལྟར་ཆོ་འཕྲུལ་གྱི་དུས་ཆེན་ལ་མཆོད་པ་མཛད་པ་མང་དུ་བྱུང་ཞིང༌། ལྷག་པར་འཇམ་དབྱངས་བླ་མ་ཙོང་ཁ་པ་ཆེན་པོས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནེས་གཙོ་མཛད་པའི་རྟེན་སུམ་ཁྱད་པར་ཅན་གྱི་དྲུང་དུ། མཆོད་པ་རྒྱ་ཆེན་པོ་བཤམས་ཏེ་དགེ་འདུན་ཁྲི་ཕྲག་ལྷག་དང་བཅས་པས་ཤིང་བྱི་ཟླ་བ་བཅུ་གཉིས་པའི་གནམ་གང་ལ་སྙན་གསན་སྟ་གོན་དང༌། ཤིང་གླང་ཟླ་བ་དང་པོའི་ཚེས་གཅིག་ནས་ཉའི་བར་མཆོད་པ་དངོས་གཞི་ལྷ་ས་སྨོན་ལམ་ཆེན་མོར་གྲགས་པའི་ཆོ་འཕྲུལ་མཆོད་པ་མཛད་ཅིང༌། དེའི་རྒྱུན་དེང་སང་གི་བར་དུ་མཆད་པར་ཡོད། རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་ཆེན་དེའི་རྗེས་སུ་འབྲངས་ཏེ་ཆོ་འཕྲུལ་སྨོན་ལམ་དུ་གྲགས་པ་དབུས་གཙད། མངའ་རིས། བར་ཁམས། མདོ་སྨད། སོགས་ཡུལ་རྣམས་སུ་མཛད་མཁན་མང་དུ་བྱུང་ཞིང༌། མ་ཧ་ཙི་ནའི་ཡུལ་ཁམས་སུ་འཇམ་དབྱངས་གོང་མ་ཆེན་པོ་ཤིན་ཙུ་རྒྱལ་པས་ལྷ་ཁང་སེར་པོར་གྲགས་པའི་གཙུག་ལག་ཁང་གསར་དུ་བཞེངས། དེར་དགེ་འདུན་གྱི་སྡེ་བསྡུས་ཏེ། ས་བྱ་ཟླ་བ་དང་པོའི་ཚེ་བརྒྱད་ནས། ཆོ་འཕྲུལ་སྨོན་ལམ་འཛུག་པར་མཛད་པ་དེང་སང་གི་བར་དུ་ཇེ་འཕེལ་དུ་གྱུར། དེ་ཡང་སྔ་སོར་ཟླ་བ་དང་པོའི་ཚེས་བརྒྱད་ནས་བཅོ་ལྔའི་བར་ཆོ་འཕྲུལ་སྨོན་ལམ་མཛད་བཞིན་པའི་སྟེང་དུ་འཇམ་དབྱངས་གོང་མ་ཆེན་པོ་བདེ་སྐྱིད་རྒྱལ་པོས་ཙན་དན་ཇོ་བོ་བཞུགས་པའི་གཙུག་ལག་ཁང་གསར་བཞེངས་དེར་དགེ་འདུན་གྱི་སྡེ་བསྡུས་ཏེ། ས་འབྲུག་ཟླ་བ་དང་པོའི་ཚེས་གསུམ་ནས་ཚེས་བརྒྱད་ཀྱི་བར་ཆོ་འཕྲུལ་མཆོད་པ་ཞག་པོ་འཕར༌ མ་སྣོན་པར་མཛད།
སྤྱིར་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་ཆེན་པོའི་དུས་ཆེན་ཡིན་ཅིང༌། རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཐོག་མར་ཆོ་འཕྲུལ་སྨོན་ལམ་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་མཛད་ཀྱང་བྲེལ་བ་སོགས་རྐྱེན་དབང་གིས་ཕྱིས་སུ་ལྷ་ས་སྨོན་ལམ་ཡང་ཟླ་བ་དང་པོའི་ཚེས་བརྒྱད་ནས་མགོ་འཛུག་པར་གྱུར་ཅིང༌། ཕྱོགས་གཞན་དུའང་ཚེས་གསུམ་ནས་མགོ་འཛུག་པ་དང་བརྒྱད་ནས་མགོ་འཛུག་པ་སོགས་ཅི་རིགས་པ་བྱུང༌། དེ་ཡང་ཟླ་བ་དང་པོའི་ཡར་ངོའི་ཞག་བཅོ་ལྔ་པོ་ཆོ་འཕྲུལ་གྱི་དུས་ཆེན་ཡིན་ཀྱང་ཚེས་བདུན་ཡན་གྱི་ཆོ་འཕྲུལ་ལ་འགྲན་ཟླ་དང་བཅས་པའི་ཆོ་འཕྲུལ་དང༌། ཚེས་བརྒྱད་ཀྱི་ཉིན་མུ་སྟེགས་ཀྱི་སྟོན་པ་དྲུག་བཅོམ་ཞིང༌། དེ་དག་གི་འཁོར་དགུ་ཁྲི་ཆིག་སྟོང་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་སྟེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་རི་དགྲ་བཅོམ་པར་གྱུར་པས་དེ་ཕྱིན་གྱི་ཆོ་འཕྲུལ་ལ་འགྲན་ཟླ་མེད་པའི་ཆོ་འཕྲུལ་དུ་གྲགས་པ་དང༌། རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཀྱང་ཟླ་བ་དང་པོའི་ཚེས་བརྒྱད་ཀྱི་ཉིན་ཇོ་ཤཱཀྱ་སོགས་སྐུའི་རྟེན་ཐམས་ཅད་ལ་གསེར་ཆབ་སྒྲོན་པར་མཛད་པ་དུས་ཆེན་ཁྱད་པར་བ་ལ་དགོངས་པ་ཡིན་པས་ཕྱིས་སུ་ཚེས་བརྒྱད་ལ་མགོ་འཛུག་པ་དང༌། ལོ་གསར་གྱི་ཆོས༌གཅིག་སྲིད་གསུམ་བདག་མོ་མཆོད་པའི་དུས་ཁྱད་པར་པ་ཡིན་པས་སྲིད་གསུམ་བདག་མོ་མཆོད་པ་དང༌། ཕལ་མོ་ཆེས་ལོ་གསར་གྱི་དགའ་སྟོན་བྱེད་པ་སོགས་བྲེལ་བ་ཆེ་བས་ཚེས་གཉིས་ལ་སྦྱོར་བ་བྱས་ནས། ཚེས་གསུམ་ལ་དངོས་གཞིའི་མགོ་འཛུག་པ་བྱུང༌།
གཉིས་པ་དུས་ཆེན་གཞན་བཤད་པ་ནི། བདག་ཅག་གི་སྟོན་པ་དང་རྒྱུད་གཅིག་པའི་ལྷའི་བུ་དམ་པ་དོག་དཀར་པོས་དགའ་ལྡན་གྱི་ལྷ་རྣམས་ལ་ཆོས་སྟོན་ཅིང་བཞུགས་པ་ལས་འཛམ་བུ་གླིང་དུ་མཛད་པ་བཅུ་གཉིས་སྟོན་པའི་དུས་ལ་བབ་པ་ན་མི་ཕམ་པ་རང་གི་ཚབ་ཏུ་བསྐོས་ཏེ་དགའ་ལྡན་ནས་འཕོ་ཚུལ་བསྟན་ཅིང༌། ས་ལུག་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ལ་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་ཞུགས། དེ་ནས་ཟླ་བ་བཅུ་རྫོགས་པའི་ལྕགས་སྤྲེལ་ས་ག་ཟླ་བ་བཞི་པའི་ཚེས་བདུན་ལ་ལུམྦཱིའི་ཚལ་དུ་ཡུམ་བཞེངས་ནས་པ་ལཀྵའི༌ཡལ་ག་ལ་ཕྱག་གཡས་པས་བརྟེན་ནས་བཞུགས་པའི་གློ་གཡས་པ་ནས་སྐུ་བལྟམས།
ས་བྱི་ཧོར་ཟླ་བཞི་པའི་ཚེས་བརྒྱད་ལ་མཆོད་རྟེན་རྣམ་དག་གི་དྲུང་དུ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་གསིལ། བརྒྱ་བྱིན་གྱིས་གོས་ངུར་སྨྲིག་ཕུལ་བ་བཞེས་ཏེ་རབ་ཏུ་བྱུང༌།
ཤིང་རྩ་ཟླ་བ་བཞི་བའི་ཚེས་བཅོ་ལྔ་ལ་མ་ག་ཏ་རྡོ་རྗེ་གདན་གྱི་བྱང་ཆུབ་ཀྱི་ཤིང་ཨ་ཤོད་ཐའི་དྲུང་དུ་རྩྭ་ཟོར་བའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཏེ་མངོན་པར་རྫོགས་པར་སངས་རྒྱས། ལོ་དེ་ཀའི་ཟླ་བ་དྲུག་པའི་ཚེས་བཞི་ལ་ཚངས་པ་དང་བརྒྱ་བྱིན་གཉིས་ཀྱིས་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་ལ་བརྟེན་ནས་ཝ་ར་ཎ་སེར་འཁོར་ལྔ་སྡེ་བཟང་པོ་སོགས་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར།
ལྕགས་བྱི་ཟླ་བ་དགུ་པའི་ཉེར་གཉིས་ལ་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་སྐུའི་སྐྱེ་བ་སོགས་ལྷ་མང་པོ་བདེན་པ་མཐོང་བ་ལ་བཀོད་དེ་སུམ་བཅུ་རྩ་གསུམ་ནས་འཛམ་བུ་གླིང་དུ་བྱོན་པས་ལྷ་ལས་བབ།
ལྕགས་འབྲུག་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་ཡུལ་རྩ་ཅན་དུ་ཤིང་སཱ་ལ་ཟུང་གི་བར་དུ་སྐུ་དངོས་ཀྱི་གདུལ་བྱ་རྣམས་ཀྱི་དོན་རྫོགས་པར་མཛད་དེ་རྟག་འཛིན་ཅན་ཆོས་ལ་བསྐུལ་བ་དང་མི་རྟག་པའི་ངང་ཚུལ་སྟོན་པའི་ཕྱིར་མྱ་ངན་ལས་འདས་པའི་མཛད་པ་བསྟན་པས་ཚེ་གྲངས་དེ་རྣམས་དུས་ཆེན་དུ་བྱིན་གྱིས་བརླབས་པ་ཡིན།
གསུམ་པ་དུས་ཆེན་དེ་རྣམས་ལ་དགེ་བ་བྱས་པའི་ཕན་ཡོན་ནི། སྤྱིར་དུས་ཆེན་དེ་ཐམས་ཅད་ལ་དགེ་བ་གང་བྱས་ཕན་ཡོན་ཆེ་ཞིང་ཁྱད་པར་དུ། ཆོ་འཕྲུལ་ཆེན་པོ་བྱང་ཆུབ་བརྙེས་པ་ཆོས་འཁོར་བསྐོར་བ། ལྷ་ལས་བབ་པའི་དུས་ཆེན་བཞི་ལ་ཁ་དོན་དགེ་སྦྱོར་རྟེན་ལ་ཕྱག་མཆོད། །དགེ་འདུན་ལ་བསྙེན་བཀུར་སོགས་དགེ་བ་གང་བྱས་བྱེ་བ་ཕྲག་བརྒྱར་འགྱུར་བར་མདོ་ལས་བཤད། དེ་ཡང་དཔེར་མཚོན་ན་ལྷག བསམ་རྣམ་པར་དག་པས་འབྲལ་ཕུལ་གང་སྦྱིན་པར་བཏང་བའི་འབྲས་བུས་འབྲས་ཁལ་བརྒྱད་འབུམ་སུམ་ཁྲི་སུམ་སྟོང་སུམ་བརྒྱ་སུམ་ཅུ་རྩ་གསུམ་དང་བྲེ་དྲུག་ཕུལ་བཞི་འབྱང་བར་བཤད་པ་སོགས་ཀྱིས་མཚོན་ཏེ་ཤེས་པར་བྱ། བཞི་པ་ཞར་བྱུང་གཞན་བཤད་པ་ནི། ཆོ་འཕྲུལ་སྨོན་ལམ་གྱི་སྐབས་སུ་སྐོར་ལམ་ལ་རྗེ་བཙུན་བྱམས་པའི་སྐུ་བརྙན་སྤྱན་འདྲེན་བྱེད་པ་ནི། འཛམ་བུ་གླིང་པའི་མིའི་ཚེ་ཚད་ཚེ་ལོ་བཅུ་བའི་བར་དུ་མར་འགྲིབ་ཏེ། དེ་ནས་སླར་རིམ་གྱིས་ཡར་འཕེལ་ནས་ཚེ་ལོ་བརྒྱད་ཁྲི་བར་གྱུར་བ་ན་རྒྱལ་བ་བྱམས་པ་མགོན་པོ་འཇིག་རྟེན་དུ་འབྱོན་པར་འགྱུར་བ་ཡིན་ལ་དེའི་ཚེ་འཁོར་གྱི་ཐོག་མར་སྐྱེ་བའི་རྟེན་འབྲེལ་བསྒྲིགས་པའི་ཆེད་དུ་ད་ལྟ་སྐུ་བརྙན་སྤྱན་འདྲེན་བ་དང་དེ་ལ་ཕྱག་མཆོད་སྨོན་ལམ་འདེབས་བ་སོགས་ཚུལ་བཞིན་དུ་བྱས་ན་དོན་དེ་འགྲུབ་པའི་དགོས་པ་ཡོད་པས་རྗེ་བདག་ཉིད་ཆེན་པོས་ཆོ་འཕྲུལ་མཆོད་པའི་དུས་སུ་བྱམས་པ་སྤྱན་འདྲེན་སོགས་མཛད་པ། དེའི་སྲོལ་རྒྱུན་ད་ལྟའི་བར་དུ་མཛད་པ་ཡིན། འཆམ་མཛད་པ་ནི། རྒྱལ་བའི་བསྟན་སྲུང་མཐུ་རྩལ་ཅན་རྣམས་དང་སྔགས་འཆང་རྣལ་འབྱོར་རྣམས་ཀྱིས་དགྲ་བགེགས་གདུག་པ་ཅན་རྣམས་ཚར་གཅོད་པའི་གར་འཆམས་ཇི་ལྟར་མཛད་པ་དེའི་གར་ཆས་སུ་ཞུགས་ནས་དེའི་ང་རྒྱལ་དང་ལྡན་པས་འཆམ་སྟབས་རྣམས་བྱས་ན་རང་ཉིད་ཀྱིས་ལས་བྱེད་པ་ལ་ནུས་མཐུ་ཆེ་བ་དང་ཆོས་སྐྱོང་སྔགས་འཆང་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ་དེ་རྣམས་ཀྱང་འཆམ་སྟབས་དང་བཅས་ཏེ་དགྲ་བགེགས་སྒྲོལ་བ་སོགས་ཀྱི་ལས་ལ་འཇུག་པར་འགྱུར་བའི་དགོས་པ་ཆེན་པོ་ཡོད། དེ་ལྟར་ན་ཆོ་འཕྲུལ་མཆོད་པ་དང་བྱམས་པའི་སྐུ་བརྙན་སྤྱན་འདྲེན་པ་དང༌། གར་འཆམས་བྱེད་པ་སོགས་ཀྱང་དགོས་པ་ཆེན་པོ་དང་བཅས་པ་ཡིན་པས་བྱེད་པ་པོ་དང་ལྟད་མོ་བ་རྣམས་ཀྱིས་རྗེས་སུ་ཡི་རང་བ་བྱ་བར་རིགས་སོ། །
ཅེས་དུས་ཆེན་གྱི་བཤད་པ་ངོ་མཚར་དགའ་སྐྱེད་ཅེས་བྱ་བ་འདི་ནི་འཇམ་དབྱངས་གོང་མའི་རྒྱལ་ཁབ་ཆེན་པོ་པེའི་ཅིང་གི་བླ་མ་སེར་མོ་བ་ཐམས་ཅད་ལ་ལུགས་གཉིས་ཀྱི་བསླབ་བྱ་ལེགས་པར་སློབ་པའི་ཇ་སག་གི་གཙོ་བོ་འཇམ་དབྱངས་གོང་མའི་ལུང་གིས་ཀྭན་ཏིང་ཕུ་ཧུའི་ཧོར་ཤན་ཏ་ཀཽ་ཤྲཱི་མཚན་གཞན་མེར་གེན་ཆོས་རྗེས་འདི་ལྟ་བུ་ཞིག་གྱིས་ཞེས། བཀའ་སྩལ་པ་ལྟར་བན་རྒན་གྱིན་པ་ངག་དབང་བློ་བཟང་ཆོས་ལྡན་གྱིས་མདོ་སྡེ་འཛངས་བླུན་དང་ལུང་རིག གཏེར་མཛོད་སོགས་ལས་བཤད་པ་ལྟར་བོད་ཆོས་ལྷ་ཁང་དུ་སྦྱར་བའི་ཡི་གེ་བ་ནི་རྣམ་དཔྱོད་དང་ལྡན་པའི་དགེ་སློང་དཔལ་བཟང་ངོ།། །།བཀྲ་ཤིས་པར་གྱུར་ཅིག། །།

 

བརྒྱུད་འགོད།