གཏེར་སྒྲུབ་ཀྱི་ཕན་ཡོན་དགེ་བའི་ལམ་གསལ།

    སྤེལ་དུས།  2015-12-06 22:52:07     རྩོམ་པ་པོ།   ཤེས་རབ་བསྟན་དར།     ཀློག་ཐེངས།  

        ༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག འདིར་ནོར་ལྷའི་སྒོ་ནས་གཏེར་སྒྲུབ་བྱས་པའི་ཕན་ཡོན་མདོ་ཙམ་བརྗོད་ན་སྤྱིར་ན་ཚེ་འདིར་ཕྱུག་པོ་དང་དབུལ་བོར་འགྱུར་མིན་ནི་ཚེ་སྔོན་སྦྱིན་པ་བཏང་མ་བཏང་བའི་འབྲས་བུ་ཡིན་ཏེ།སྐྱེ་བ་སྔོན་མར་སྦྱིན་པ་བཏང་བས་ཚེ་འདིར་ཕྱུག་པོར་འགྱུར་ཞིང༌། སྐྱེ་བ་སྔོན་མར་སེར་སྣའི་དབང་དུ་སོང་བས་སྐྱེ་བ་འདིར་དབུལ་བོར་གྱུར་བ་བདག་གིས་སྟོན་པས་གསལ་བོར་གསུངས་ཤིང༌། དེ་བཞིན་ཚེ་འདིར་རྒྱུ་ནོར་ལོངས་སྤྱོད་འབྱུང་བ་དང་བྱུང་བ་འཕེལ་ཞིང་འཕེལ་བ་རང་གི་མཐུན་རྐྱེན་དུ་འགྲོ་བ་ལ་ཚོགས་བསགས་དགོས་ཏེ་ཚོགས་མ་བསགས་ན་ལོངས་སྤྱོད་མི་འབྱུང༌། འབྱུང་ཡང་མི་འཕེལ། འཕེལ་ཡང་རང་གི་མཐུན་རྐྱེན་དུ་མི་འགྱུར་བར་མ་ཟད་རང་གི་མི་ཚེ་སྡུག་བསྔལ་འདྲེན་པའི་གཞི་རུ་འགྱུར་རོ། །
དེ་བས་དགེ་བའི་ལས་སྒྲུབ་པའི་རྐྱེན་དུ་དཔལ་འབྱུང་ཞིང་འཕེལ་བ་གལ་ཆེ་བ་མ་ཟད། དེ་ལ་སྙིང་བོ་ལེན་པ་དེ་བས་ཀྱང་གལ་ཆེ་སྟེ། དེ་ལ་རྒྱུ་ནོར་ལོངས་སྤྱོད་ལ་མཛད་མཐའ་མེད་ཡང༌། དགེ་བའི་ཕྱོགས་དང༌། རང་གི་མཐུན་རྐྱེན། ཡར་དཀོན་མཆོག་ལ་མཆོད་པ་དང་མར་ངན་སོང་ལ་སྦྱིན་པ་གཏོང་མ་ཐུབ་ན་སྙིང་བོ་ཅི་ཡང་མེད་པར་འགྱུར་ཏེ་ཐ་ན་མེད་པ་ཁྱད་པར་ཅི་ཡང་མེད་པས་རྒྱུ་ནོར་ལ་བརྟེན་ནས་དགེ་བ་སྒྲུབ་པ་ཤིན་ཏུ་གལ་ཆེ་བར་གསུངས་སོ། །
      དེ་བས་སྦྱིན་པའི་བདག་པོ་དག་ལ་ཆོས་དང་མཐུན་པའི་དཔལ་འབྱོར་འཕེལ་ཞིང༌། འཕེལ་བ་དེ་ཉིད་ཕན་བདེའི་གསོས་སུ་འགྱུར་བའི་ཆེད་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་ལས་རྒྱུ་ནོར་འབྱུང་ཞིང་འཕེལ་བའི་ཐབས་སུ་སྦྱིན་པ་གསུངས་ལ་སྔགས་ལས་ནོར་ལྷ་སྒྲུབ་ཐབས་ཀྱི་སྐོར་མང་བོ་དང་དེའི་རེ་རེ་ལའང་གཏེར་སྒྲུབ་སོགས་ནོར་འབྱུང་བའི་ཆོ་ག་མང་དུ་གསུངས་སོ། །
ནོར་ལྷའི་གཏེར་སྒྲུབ་ནི་ནོར་ལྷ་སྒྲུབ་ཏེ་སྒྲུབ་པ་བོའི་ཏིང་ངེ་འཛིན་གྱིས་འཇིག་རྟེན་གྱི་ལྷ་མིའི་ཚེ་དང་བསོད་ནམས་དཔལ་འབྱོར་སོགས་བུམ་པར་ཁུགས་ནས་བུམ་པར་གཏིམ་སྟེ།བུམ་པ་འདི་ཉིད་འདོད་རྒུའི་གཏེར་ཁ་ཟད་པ་མི་ཤེས་པར་བསྒྲུབས་ནས་དང་མཚོ་བྱིན་རླབས་ཅན། གནས་ཁྱད་པར་ཅན༌། རང་གི་མཁར་ཁྱིམ་སོགས་སོགས་སུ་སྦས་ན་བུམ་པའི་ནང་དུ་དཔལ་འབྱོར་ཕུན་སུམ་ཚོགས་པ་རབ་ཏུ་རྒྱས་ཏེ་སྦྱིན་པའི་བདག་པོར་གནས་ཁང་ཐམས་ཅད་ལ་དཔལ་འབྱོར་ཟད་མི་ཤེས་པར་འབྱུང་བ་ཡིན།
དེ་བས་ནོར་ལྷའི་གཏེར་བུམ་སོགས་ཆོ་ག་བཞིན་བསྒྲུབས་ནས་མཚོ་ལ་སོགས་པ་གནས་འགངས་ཆེན་དུ་སྦས་ན་བྱིན་རླབས་མཐའ་ཡས་པ་འབྱུང་སྟེ། མདོར་བསྡུས་ན་༡ཕྱི་ནང་གི་བྱ་བ་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་བ། ༢འདོད་རྒུ་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བ། ༣ནད་རྣམས་ཞི་ཞིང་དུས་ཐམས་ཅད་དུ་དགེ་བ། ༤འཇིག་རྟེན་ཁམས་སུ་འཁྲུག་ལོང་དང་མུ་གེ་ལ་སོགས་པ་མི་འབྱུང་བ། ༥ས་དཔྱད་ངན་པ་དང་ཕྱི་ནང་གི་ས་དགྲ་ངན་པ་མཐའ་དག་ཞི་ཞིང་ས་བཅུད་ཉམས་པ་སོས་པ།༦ས་རྐོ་རྡོ་ལོག་ཤིང་གཅོད་ལ་སོགས་པ་ལྷ་ཀླུ་ལ་ཕོག་ཐུག་བྱུང་བའི་ཉེས་པ་མཐའ་དག་ཞི་བ། ༧གཟའ་སྐར་ངན་པར་བྱ་བ་བྱས་པའི་ཉེས་པ་སྣ་ཚོགས་ཞི་བ། ༨ཆར་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་ལེགས་པ། ༩དཀར་ཕྱོགས་པའི་ལྷ་རྣམས་ཀྱི་མཐུ་སྟོབས་རྒྱས་པ། ༡༠སངས་རྒྱས་ཀྱི་བསྟན་པ་རྒྱས་པར་བྱེད་པ་བཅས་བཅུ་འབྱུང་བ་རྒྱུད་སྡེ་དག་ལས་འབྱུང་བས་ནོར་ལྷའི་ཆོ་ག་ཇི་བཞིན་གཏེར་སྒྲུབ་ལ་གཞོལ་ན་ཕན་ཡོན་ཤིན་ཏུ་ཆེའོ། །


 

བརྒྱུད་འགོད།