རྒྱལ་བ་དགེ་འདུན་གྲུབ་ཀྱི་ཤའི་སྐཽར་གྱི་དྲིས་ལན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-07-07 21:48:13         ཀློག་ཐེངས།  

འདུལ་བ་ལུང་ལས། རྣམ་གསུམ་དག་པའི་ཤ་གནང་བ་ནི་རྩོད་པ་མེད་ལ། མདོ་གཞན་ལས་ཉན་ཐོས་པ་ལ་ཡང་ཤ་བཀག་སྟེ། རྗེས་བཅས་སུ་གོ་བ་ཁྱེད་ཇི་ལྟར་འདོད་ཅེ་ན།

འདུལ་བར། རྣམ་གསུམ་དག་པའི་ཤ་གནང་ནས། དེའི་རྗེས་སུ་མདོ་གཞན་ནས་རྣམ་གསུམ་དག་པའི་ཤ་ཡང་བཀག་པ་ལྟར་སྣང་སྟེ། མྱ་ངན་ལས་འདས་པའི་མདོ་ལས། རིགས་ཀྱི་བུ་ད་ཕྱིན་ཆད་ངའི་ཉན་ཐོས་རྣམས་ཤ་ཟ་བར་མི་གནང་ངོ་། །ཡུལ་འཁོར་གྱི་བསོད་སྙོམས་ནི་བུའི་ཤ་དང་འདྲའོ་ཞེས་བྱ་ན། ཤ་ཟ་བར་ཇི་ལྟར་གནང་། ཤ་ཟ་བ་ནི་བྱམས་པ་ཆེན་པོ་ཆད་པར་འགྱུར་རོ་ཞེས་ངས་བསྟན་ཏོ། །གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་མུ་གསུམ་ཡོངས་སུ་དག་པའི་ཤ་ཟ་བར་གནང་ལགས། བཀའ་སྩལ་པ། མུ་གསུམ་ཡོངས་སུ་དག་པ་འདི་ནི་ངས་རིམ་གྱིས་བསླབ་པའི་གཞི་བསྡམ་པའི་ཕྱིར་དེང་ངས་བོར་རོ། །གསོལ་པ། བཅོམ་ལྡན་འདས་ཅི་ལ་དགོངས་ཏེ་དོན་ཆེན་མུ་དགུ་དང་ཤ་རྣམ་པ་བཅུ་སྤང་བ་གསུངས། བཀའ་སྩལ་པ། ཚིགས་བཞག་པ་དེ་དག་ཀྱང་ཤ་མི་ཟ་བར་བསྡམ་པའི་ཕྱིར་བཅད་དོ། །གསོལ་པ། བཅོམ་ལྡན་འདས་ཅི་ལ་དགོངས་ཏེ་ཤ་དང་ཉ་ཤ་ཟ་བ་ཡང་ཁ་ཟས་བཟང་པོར་གསུངས་ལགས། བཀའ་སྩལ་པ། ངས་ནི་ཤ་དང་ཉ་ཤ་ཁ་ཟས་བཟང་པོར་མ་གསུངས་ཀྱི། ངས་ནི་བུ་རམ་ཤིང་དང་།(༡༢བ) འབྲས་ས་ལུ་དང་། འབྲུ་དང་། གྲོ་དང་། ནས་དང་། མོན་སྲན་རྡེའུ་དང་། མོན་སྲན་གྲེའུ་རྣམས་དང་། མངར་བག་ཀ་ར་དང་། ལི་ཁ་ར་དང་། སྦྲང་རྩི་དང་། མར་དང་། འོ་མ་དང་། འབྲུ་མར་རྣམས་ཁ་ཟས་བཟང་པོར་གསུངས་སོ། །ངས་ནི་ལུས་གཡོག་པའི་ཕྱིར་གོས་སྣ་ཚོགས་ཀྱང་ཁ་དོག་ངན་པར་བསྒྱུར་བར་བྱའོ་ཞེས་བསྟན་ན། ཤ་ཟ་བའི་རོ་ལ་ཆགས་པ་ལྟ་ཅི་སྨོས། ཞེས་སོགས་དང་། ཤ་ཟ་བ་ལ་ལྟུང་བྱེད་འབྱུང་བར་གསུངས་པའི་ཕྱིར་རོ། །

དེ་ལྟར་གསུངས་མོད་ཀྱང་། ཉན་ཐོས་རྣམས་ལ་དང་པོར་རྣམ་གསུམ་དག་པའི་ཤ་གནང་ནས། དེའི་རྗེས་སུ་ཤ་གཏན་ནས་བཀག་པ་ནི་མ་ཡིན་ཏེ། དེ་ལྟར་བཀག་པ་ཡིན་ན། འདུལ་བ་ལུང་སྡེ་བཞི་གང་རུང་ནས་དགག་དགོས་པ་གང་ཞིག །ལུང་སྡེ་བཞི་གང་རུང་ནས་ཉན་ཐོས་རྣམས་ཀྱིས་ཤ་ཟ་བ་བཀག་པ་མེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཉན་ཐོས་རབ་བྱུང་རྣམས་ཀྱི་དགག་སྒྲུབ་གནང་གསུམ་གྱི་བཅས་པ་དང་རྗེས་སུ་བཅས་པའི་བསླབ་པའི་མཚམས་རྣམས། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་ནས་བཟུང་སྟེ། མྱ་ངན་ལས་འདའ་བའི་བར་དུ་ཡུལ་སོ་སོར་གང་ཟག་སོ་སོ་ལ་ཇི་ལྟར་འོས་པ་བཞིན་དུ་བཅའ་བ་མཛད་པའི་ཕྱིར།

འོ་ན་མྱ་ངན་ལས་འདས་པའི་མདོ་དེའི་དོན་གང་ཡིན་ཞེ་ན། ཉན་ཐོས་རབ་བྱུང་རྣམས་ལ་དང་པོར་ཤ་གནང་ནས་རྗེས་སུ་ཤ་བཀག་པ་མ་ཡིན་ཏེ། དྲི་བའི་དབང་གིས། སུ་ལ་ཡང་ཅི་ཡང་མ་བྱིན་པར་འཇིག་རྟེན་དུ་སྦྱིན་པ་པོར་གྲགས་པའི་གཏམ་སྙན་པ་ཐོབ་པར་འགྱུར་རམ་(༡༣ན)ཞེ་ན། ཤ་གཏན་ནས་མི་ཟ་བ་ལ་ཤ་ཟར་ཆུག་ཅིག །དེ་ལྟར་བྱས་ན་སྦྱིན་བདག་གི་གྲགས་པ་ཆེན་པོ་ཐོབ་པར་འགྱུར་ཏེ། བསོད་ནམས་འཕེལ་བར་ནི་མི་འགྱུར་རོ། །འོ་ན་ཤ་མ་ཟ་བ་ལ་ཤ་བྱིན་ན་ཉེས་པར་མི་འགྱུར་རམ་ཞེ་ན། ཉེས་པར་འགྱུར་ཏེ། ངའི་ཉན་ཐོས་རྣམས་ཀྱིས་ཤ་གཏན་ནས་མི་ཟ་བར་དམ་བཅས་པ་ལ། ཕྱིན་ཆད་ཤ་ཟ་བར་མི་གནང་ཞིང་།དེ་ལ་ཤ་སྦྱིན་དུ་ཡང་མི་རུང་ཞེས་བྱ་བའི་དོན་ཡིན་པའི་ཕྱིར་རོ། །

དེ་སྐད་དུ་ཡང་མྱ་ངན་ལས་འདས་པའི་མདོ་ལས། འདྲི་བའི་དབང་ཞེས་བྱ་བ་ནི། འདི་ན་ལ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཞུ་བར་བྱེད་དེ། བཅོམ་ལྡན་འདས་ཇི་ལྟར་བགྱིས་ན་བདག་གིས་སུ་ལ་ཡང་ཅི་ཡང་མ་སྩལ་བར་འཇིག་རྟེན་དུ་སྦྱིན་པ་པོར་གྲགས་པའི་གཏམ་སྙན་པ་ཐོབ་པར་འགྱུར་ལགས། དེ་བཞིན་གཤེགས་པས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཆགས་པ་མེད་པ་ལ་བྲན་དང་བྲན་མོ་མ་བསླངས་པར་སྟོབས་ཤིག །

གཏན་དུ་ཚངས་པར་སྤྱོད་པ་ལ་བུ་མོའི་སྦྱིན་པ་གྱིས་ཤིག །ཤ་མི་ཟ་བ་ལ་ཤ་ཟར་ཆུག་ཅིག །ཆང་མི་འཐུང་བ་ལ་ཆང་འཐུང་དུ་ཆུག་ཅིག །དུས་སུ་ཟ་བ་ལ་དུས་མ་ཡིན་པར་ཟས་བྱིན་ཅིག །མེ་ཏོག་ཕྲེང་དང་རྒྱན་མི་འདོགས་པ་ལ། ཕྱེ་མ་དང་སྤོས་དང་མེ་ཏོག་དང་བདུག་པ་རྣམས་བྱིན་ཅིག །དེ་དག་གི་དུས་ཤེས་པར་གྱིས་ལ་མགྲོན་དུ་བོས་ཤིག་དང་། ཁྱོད་ཀྱིས་དེ་ལྟར་བྱས་ན་འཇིག་རྟེན་འདིར་སྦྱིན་བདག་གི་རྒྱལ་པོ་ཡིན་ནོ་ཞེས་གྲགས་པ་ཆེན་(༡༣བ)པོར་འགྱུར་ཏེ། བསོད་ནམས་འཕེལ་བར་ནི་མི་འགྱུར་རོ། །

དེ་ནས་འོད་སྲུངས་ཆེན་པོ་དང་རུས་གཅིག་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཤ་མི་འཚལ་བ་ལ་གཟུད་པ་ནི་ཆེད་ཆེར་བགྱི་བ་ལགས་ན། ཤ་མི་འཚལ་བ་ལ་ཤ་འཚལ་དུ་སྩལ་ན་ནོངས་པར་མི་འགྱུར་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ངའི་དགོངས་པ་རིག་སྟེ། དམ་པའི་ཆོས་སྲུང་བ་ནི་དེ་ལྟར་བྱ་དགོས་སོ། །རིགས་ཀྱི་བུ་ད་ཕྱིན་ཆད་ངའི་ཉན་ཐོས་རྣམས་ཤ་ཟ་བར་མི་གནང་ངོ་། །ཞེས་སོགས་གསུངས་པའི་ཕྱིར་རོ། །

ཡུལ་འཁོར་གྱི་བསོད་སྙོམས་ནི་བུའི་ཤ་དང་འདྲའོ་ཞེས་བྱ་ན། ཤ་ཟ་བར་ངས་ཇི་ལྟར་གནང་ཞེས་པ་ཙམ་གྱིས་ཀྱང་། ཉན་ཐོས་པ་ལ་ཤ་ཟ་བ་བཀག་པ་མ་ཡིན་ཏེ། དེ་ལྟར་ན་བསོད་སྙོམས་ཀྱི་ཟས་ཀྱང་བཟའ་བར་མི་རུང་བར་ཐལ་བའི་ཕྱིར་རོ། །ཤ་ཟ་བ་ནི་བྱམས་པ་ཆེན་པོ་ཆད་པར་འགྱུར་རོ། །ཞེས་པས་ཀྱང་ཉན་ཐོས་པས་ཤ་ཟ་བ་བཀག་པ་མ་ཡིན་ཏེ། བྱམས་པ་ཆེན་པོ་རྒྱུན་ཆད་པ་ཉན་ཐོས་པ་ལ་དགག་བྱའི་གཙོ་བོ་མ་ཡིན་པའི་ཕྱིར་རོ། །

མུ་གསུམ་ཡོངས་སུ་དག་པ་འདི་ནི་ངས་རིམ་གྱིས་བསླབ་པའི་གཞི་བསྡམ་པའི་ཕྱིར་ཞེས་སོགས་ཀྱིས་ཀྱང་། ཉན་ཐོས་པས་ཤ་ཟ་བ་བཀག་པ་མ་ཡིན་ཏེ། དཔེར་ན་བསྟན་པ་ལ་རིམ་གྱིས་གཞུག་པའི་ཕྱིར་དུ། ཐེག་པ་གསུམ་གསུངས་པས་ཉན་ཐོས་པ་ལ་རང་དོན་དོན་གཉེར་གྱི་བསམ་པ་མ་བཀག་པ་བཞིན་ནོ། །

དེས་ན་མདོ་དེ་དག་གིས་བྱང་སེམས་ལས་དང་པོ་པ་ཤ་ལ་སྲེད་པའི་དབང་(༡༤ན)གིས་བྱམས་པ་ཆེན་པོ་རྒྱུན་ཆད་པར་འགྱུར་བ་ཤ་སྲེད་པས་ཟ་བ་བཀག་པ་ཡིན་ཏེ། ཤ་ཟ་བ་ནི་བྱམས་པ་ཆེན་པོ་ཆད་པར་འགྱུར་རོ། །ཞེས་དང་། ངས་ནི་ལུས་གཡོག་པའི་ཕྱིར་གོས་སྣ་ཚོགས་ཀྱང་ཁ་དོག་ངན་པར་བསྒྱུར་བར་བྱའོ་ཞེས་བསྟན་ན། ཤ་ཟ་བའི་རོ་ལ་ཆགས་པ་ལྟ་ཅི་སྨོས། ཞེས་སོགས་དང་། རྒྱུ་དེ་དག་གིས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཤ་མི་ཟའོ། །ཞེས་གསུངས་པའི་ཕྱིར་རོ། །

ངའི་ཉན་ཐོས་རྣམས་ཤ་ཟ་བར་མི་གནང་ངོ་ཞེས་པས་ཀྱང་མི་གནོད་དེ། བྱང་ཆུབ་ཏུ་བགྲོད་པའི་ལམ་སངས་རྒྱས་ལས་ཉན་ནས། དོན་དེ་གཞན་ལ་ཐོས་པར་བྱེད་པས་ན། ཉན་ཐོས་ཀྱི་སྒྲ་བྱང་སེམས་ལ་ཡང་བཤད་དུ་ཡོད་པའི་ཕྱིར་རོ། །གལ་ཏེ་འདུལ་བ་ནས་རབ་བྱུང་གིས་རྣམ་གསུམ་དག་པའི་ཤ་ཟ་བ་གནང་ཡང་།ཕྱིས་མདོ་གཞན་ནས་རབ་བྱུང་གིས་ཤ་ཟ་བ་བཀག་པས། འདུལ་བ་ནས་རབ་བྱུང་གིས་ཤ་ཟ་བར་གནང་བ་ནི། དགོངས་པ་ཅན་ཡིན་གྱི་སྒྲ་ཇི་བཞིན་པ་ནི་མ་ཡིན་ནོ་སྙམ་ན། དེ་ཡང་མི་འཐད་དེ། དེ་ལྟར་དགོངས་པ་ཅན་ཡིན་ན། ལུང་སྡེ་བཞིའི་ཚིག་དང་དོན་གྱི་འགྲེལ་པ་མཛད་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་འདུལ་བ་ནས་ཤ་གནང་བ་དགོངས་པ་ཅན་དུ་འགྲེལ་དགོས་པ་ལ། དགོངས་པ་ཅན་དུ་མ་བཀྲལ་བར་སྒྲ་སོར་བཞག་ཏུ་བཀྲལ་བའི་ཕྱིར་རོ། །

འདི་རྣམས་ལ་བརྗོད་པར་བྱ་བ་མང་དུ་ཡོད་མོད། མཁས་པ་དག་གིས་དཔྱད་ཟིན་པས་བརྟགས་ཟིན་བརྟག་པས་ཅི་ཞིག་བྱ

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།