སློབ་དཔོན་རྟ་དབྱངས་དང་སློབ་དཔོན་དཔའ་བོ་གཉིས་གང་ཟག་གཅིག་ཡིན་ནམ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2022-06-10 12:23:43     རྩོམ་པ་པོ།   རབ་གསལ།    ཀློག་ཐེངས།  


   

ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ པཎྜི་ཏ་ནགས་ཀྱི་རིན་ཆེན་བོད་དུ་ཕེབས་པའི་སྐོར་ལ་པཎྜི་ཏ་ཚད་ལྡན་བོད་དུ་བྱོན་པ་ནི་དེང་སང་ཡན་ལ་འདི་རྟིང་མར་སྣང་ངོ་།”[1]ཞེས་འདི་ནི་རྒྱ་གར་པཎྜི་ཏ་ཚད་ལྡན་བོད་ལ་ཕེབས་པ་མཐའ་མ་ལྟ་བུར་གསུངས།  རྩོམ་པ་པོ་དཔའ་བོ་སྐུ་ཕྲེང་གཉིས་པ་གཙུག་ལག་ཕྲེང་བ་(1504-1566)ཡིས་ཆོས་འབྱུང་འདི་ཉིད་ཕྱི་ལོ་ ༡༥༤༥ ལོར་མགོ་བཙུགས་ཤིང་ཕྱི་ལོ་ ༡༥༦༤ ལོར་མཇུག་གྲུབ་ཅེས་ངོ་སྤྲོད་དུ་འཁོད།ནགས་ཀྱི་རིན་ཆེན་བོད་ལ་ཐོག་མར་ཕེབས་པའི་ལོ་ནི་འགོས་ལོས་མཛད་པའི་རྣམ་ཐར་དུ། ཉིད་ཀྱི་དགུང་ལོ་བཞི་བཅུ་རྩ་གསུམ་པ་རྟའི་ལོ་ལ་བོད་དུ་བྱོན།ཞེས་གསལ།[2]  འདིའི་རྟ་ལོ་ནི་ ༡༤༢༦ ལོ་རེད།[3]

དུས་རབས་བཅུ་གསུམ་པའི་ཡར་སྔོན་དུ་རྒྱ་གར་གྱི་པཎྜི་ཏ་ཕོན་ཆེ་བོད་ལ་ཕེབས་པ་མ་ཟད།ལོ་ཙ་བ་ཡང་མང་པོ་རྒྱ་གར་དུ་ཕེབས་ཡོད། ཕྱི་ལོ་ ༡༤༢༦ ལོར་ནགས་ཀྱི་རིན་ཆེན་བོད་ལ་ཕེབས་སྐབས་རྒྱ་གར་དུ་བསྟན་པ་ནུབ་ཡོད་པ་མ་ཟད་བལ་པོ་སོགས་ནས་བོད་ལ་ཕེབས་མཁན་ཇེ་ཉུང་དུ་ཕྱིན་པའི་རྐྱེན་ལ་བརྟེན་ནས།རྒྱ་གར་གྱི་མཁས་པའི་ལོ་རྒྱུས་དེ་དག་བོད་མིའི་ངག་ཏུ་སླེབས་སྐབས་ས་ཁད་ཀྱི་རྐྱེན་བྱས་ཏེ་རྒྱུས་མེད་པའི་གནས་ལུགས་ཇེ་ཆེར་ཕྱིན་ཡོད་པ་ནི་ཐེ་ཚོམ་མེད་པའི་གནས་སུ་གྱུར།དགེ་དབང་རྒྱལ་པོ་ཡིན་པ་མ་ཟད་ཆོས་རྒྱལ་ཡིན་པའི་གཏམ་དག་ཀྱང་དུས་ཕྱིས་འཕེལ་བར་གྱུར་པའི་སྐོར་ཡང་རྐྱེན་འདི་འདྲ་ལ་བརྟེན་ནས་ཡིན་ནོ།།དེས་ན་སློབ་དཔོན་དཔའ་བོ་དང་རྟ་དབྱངས་གཉིས་གང་ཟག་གཅིག་ཡིན་པའི་གཏམ་དེའི་མཆེད་ཁུངས་ཀྱང་ཕལ་ཆེར་འདི་འདྲ་བ་ཞིག་ཡིན་ལས་ཆེ་ཞེས་ཅིས་ཀྱང་དྲན་ནོ།།  དེ་ལ་བུ་སྟོན་རིན་ཆེན་གྲུབ་ཀྱི་སྐུ་དུས་ཙམ་ནས་དུས་བཅད་བྱས་ཏེ་དེ་ལས་སྔ་བའི་བསྟན་བཅོས་དང་།དེའི་ཕྱིས་ཀྱི་བསྟན་བཅོས་དག་ལས་སློབ་དཔོན་འདི་གཉིས་གང་ཟག་གཅིག་ཡིན་མིན་གྱི་བཞེད་མཚམས་ལ་རྟོག་དཔྱོད་ཞུ་རྒྱུ་ནི་ཧ་ཅང་འགངས་ཆེ་བར་མངོན་ནོ།།

ཁི་ལེ་ལེགས་སྦྱར་དཔེ་མཛོད་ཁང་(Clay Sanskrit Library)[4]ཟེར་བ་ཞིག་གིས་ཉེ་ཆར་ཨིན་སྐད་དུ་ཕབ་བསྒྱུར་དང་པར་སྐྲུན་བྱེད་བཞིན་པའི་བསྟན་བཅོས་རྣམས་ཀྱི་ཁྲོད་དུ་རང་ཅག་ལ་ཧ་ཅང་རྒྱུས་མངའ་ཆེ་བའི་རྩོམ་པ་པོ་དཔེར་ན་སློབ་དཔོན་རྟ་དབྱངས་དང་སློབ་དཔོན་དཔའ་བོ།  ནག་མོ་ཁོལ། དགེ་དབང་། དབྱུག་པ་ཅན་སོགས་ཀྱི་བསྟན་བཅོས་ཀྱང་ཚུད་འདུགདེ་དག་གི་རེ་ཟུང་གི་པར་རིས་བཀོད་ན།


༢༠༠༧ ལོར་ མཛེས་དགའ་བོའི་རྟོགས་བརྗོད་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་“HandsomeNanda”ཞེས་པ་དེ་པར་སྐྲུན་བྱས་ཤིང་དེའི་ལོ་ཙ་བ་ནི་Linda Covillརེད།[5]

༢༠༠༨ ལོར་སློབ་དཔོན་རྟ་དབྱངས་(Aśvaghoa)ཀྱི་སངས་རྒྱས་ཀྱི་སྤྱོད་པ་ཞེས་པ་དེ་པར་སྐྲུན་བྱས་པའི་མཚན་བྱང་ལ་Life ofthe Buddha ཞེས་འཁོད་ཅིང་། དེའི་ལོ་ཙ་བ་ནི་ Patrick Olivelleརེད།[6]

༢༠༠༨ ལོར་སློབ་དཔོན་རྟ་དབྱངས་(Aśvaghoa)ཀྱི་སངས་རྒྱས་ཀྱི་སྤྱོད་པ་ཞེས་པ་དེ་པར་སྐྲུན་བྱས་པའི་མཚན་བྱང་ལ་Life ofthe Buddha ཞེས་འཁོད་ཅིང་། དེའི་ལོ་ཙ་བ་ནི་ Patrick Olivelleརེད།[6]

༢༠༠༩ ལོར་སློབ་དཔོན་དཔའ་བོའི་སྐྱེས་རབས་སོ་བཞི་པའི་ཨིན་འགྱུར་པར་སྐྲུན་བྱས་ཤིང་ཁ་བྱང་དུ་“Garlandof the Buddha’s Past Lives”ཞེས་བཀོད་པ་དང་དེབ་སྟོད་སྨད་གཉིས་བདག་ཉིད་ཅན་དུ་པར་སྐྲུན་བྱས་འདུག  འདིའི་ལོ་ཙ་བ་ནི་ Justin Meiland ལགས་རེད།[7]

ད་ལྟ་རྒྱ་གར་དང་ཕྱི་རྒྱལ་ཁག་གི་སྐད་ཡིག་ཏུ་ནང་པའི་སྙན་ངག་པ་ཆེན་པོར་གྲགས་པའི་སློབ་དཔོན་རྟ་དབྱངས་དང་།སློབ་དཔོན་དཔའ་བོ་གཉིས་ནི་གང་ཟག་ཐ་དད་པ་ཡིན་པ་དང་། རྟ་དབྱངས་ལ asvaghosaཞུ་ཞིང་ཁོང་ནི་ཕྱི་ལོའི་བརྒྱ་ཕྲག་དང་པོ་ཙམ་དང་།སློབ་དཔའ་བོ་ལ་aryasuraཞུ་ཞིང་ཁོང་ནི་ནི་བརྒྱ་ཕྲག་བཞི་པ་ཙམ་ལ་བྱོན་པར་བཞེད་པ་ནི་ངས་དེབ་འདི་དག་གི་རྩོམ་པ་པོའི་ལོ་རྒྱུས་བཀླགས་སྐབས་དོ་སྣང་བྱུང་བ་ཞིག་ཡིན།[8]ཨཱརྱ་དེ་བས་སློབ་དཔོན་རྟ་དབྱངས་ལ་རྩོད་པ་བྱས་ནས་ཕམ་པའི་རྗེས་སུ་ནང་པར་ཚུད་པ་དང་།དེ་ནས་བསྟན་བཅོས་རྩོམ་པ་མཛད་པ་བཅས་ཀྱི་ལོ་རྒྱུས་འདི་ནི་བོད་ཡིག་གི་ཡིག་ཚགས་རྣམས་དང་ཧ་ལམ་གཅིག་མཚུངས་སུ་བཀོད་འདུག

ད་ལྟའི་བོད་ཡིག་ཐོག་གི་ཞིབ་འཇུག་ལྟར་ན། བློ་བཟང་ནོར་བུ་ཤཱསྟྲི་དང་བློ་བཟང་རྡོ་རྗེ་རབ་གླིང་གཉིས་ཀྱིས་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་རྡོ་རྗེའི་ཁབ་ཅེས་པའི་བསྟན་བཅོས་བསྒྱུར་པའི་གླེང་བརྗོད་དུ་སློབ་དཔོན་འདིའི་སྐོར་ཤོག་ངོས་༦༥ ཙམ་བརྩམས་གནང་མཛད་པ་ནི་ཧ་ལམ་རྟ་དབྱངས་ཀྱི་སྐོར་འཆད་པའི་བརྩམས་ཆོས་རྒྱས་ཤོས་དེ་རེད།  འདིའི་ནང་དུ་བོད་ཀྱི་ཡིག་ཆ་རྣམས་སུ་གསལ་བའི་རྟ་དབྱངས་ཀྱི་ལོ་རྒྱུས་དང་།དེ་བཞིན་ཕྱི་རྒྱལ་གྱི་མཁས་པའི་ཁྲོད་དུ་གྲགས་པའི་ཁོང་གི་ལོ་རྒྱུས་བཅས་གང་གསལ་གསལ་དུ་བཀོད་མོད།སློབ་དཔོན་དཔའ་བོ་དང་རྟ་དབྱངས་གཉིས་ནི་གང་ཟག་གཅིག་ཡིན་པའི་བཞེད་པ་དེ་དོར་མི་འདུག  དེབ་འདི་ནི་ ༢༠༠༦ ལོར་ཝ་རཱ་ཎ་སཱིའི་བོད་ཀྱི་ཆེས་མཐོའི་གཙུག་ལག་ཁང་གིས་པར་སྐྲུན་བྱས་ཡོད།

གོང་གི་རྩོམ་པ་པོ་ཟུང་གིས་དེ་ལྟར་དཔྱད་པ་ན་བོད་པའི་ཆོས་འབྱུང་ཁག་ཏུ་གསལ་བའི་སློབ་དཔོན་འདིའི་ཡབ་ཡུམ་དང་འཁྲུངས་ཡུལ་ལ་འཁྲུལ་གཞི་ཆེ་བ་ཡོང་བ་ནི།   བོད་རྣམས་ཀྱིས་སློབ་དཔོན་རྟ་དབྱངས་དང་། མཊིཅེཊ་དང་།དཔའ་བོ་གསུམ་མཚན་ཐ་དད་པ་ཙམ་འདོད་པ་མ་ཟད་དོན་ལའང་དེ་རྣམས་སློབ་དཔོན་གཅིག་ཡིན་པར་འདོད་པའི་རྒྱུ་མཚན་གྱིས་ཡིན་ནོ།།”(ཤོག་གྲངས་༥)ཞེས་གསུངས་ཏེ་སློབ་དཔོན་འདི་དག་གི་འཁྲུངས་ཡུལ་གྱི་འཁྲུལ་གཞི་སྐོར་གསུངས་མོད་རང་ལུགས་འཆད་སྐབས་སུ།རྟ་དབྱངས་ནང་པར་བཙུད་པའི་རྗེས་ཀྱི་ལོ་རྒྱུས་འཆད་སྐབས་ དེའི་ཚེ་ན་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་མན་ངག་གི་མཛོད་འཛིན་པ་མཁས་མཆོག་འཕགས་པ་དཔའ་བོ་སྟེ་ཨཱརྱ་ཤཱུར་ཞེས་སྲིད་པ་གསུམ་ན་ཡོངས་སུ་གྲགས་པར་གྱུར་ཏོ།”(ཤོག་གྲངས་༢༢)ཞེས་རྟ་དབྱངས་དང་དཔའ་བོ་གཉིས་གང་ཟག་གཅིག་གི་ཚུལ་དུ་བཀོད་འདུག  འོན་ཀྱང་། འཕགས་ཡུལ་ན་དེང་སང་ཡང་།སློབ་དཔོན་དཔའ་བོ། རྟ་དབྱངས། མ་ཁོལ་གསུམ་སྙན་ངག་མཁན་གྱི་སློབ་དཔོན་ཆེན་པོ་ཡིན་པ་དོན་ལ་བཞེད་ཀྱང་།གང་ཟག་གཅིག་ཡིན་པ་ཅི་ནས་ཀྱང་མི་འདོད་དོ།།” (ཤོག་གྲངས་ ༢༨)ད་ལྟའི་བོད་ཀྱི་ཕྱི་རོལ་གྱི་མཁས་པ་དག་གི་བཞེད་སྲོལ་འདི་ཡང་འདྲེན་པར་མཛད་འདུག

ཡང་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་ སློབ་དཔོན་རྟ་དབྱངས་ཀྱི་ལོ་རྒྱུས་སྐོར་ཅུང་ཟད་བཤད་པ་ཞེས་དཔྱད་རྩོམ་ཞིག་༢༠༠༧ ཀྲུང་གོའི་བོད་རིག་པ་དུས་དེབ་འདོན་ཐེངས་གཉིས་པའི་སྟེང་སྤེལ་ཡོད་པ་དེ་རེད། ཁོང་གིས་རྒྱའི་ཡི་གེར་ཡོད་པའི་དཔྱད་གཞི་ལ་དབྱེ་ཞིབ་བྱས་པ་དང་།ད་ལྟའི་ཕྱི་རོལ་གྱི་བོད་རིག་པ་རྣམས་ཀྱི་གླེང་སློང་ཁྲོད་ཡོད་པའི་རྟ་དབྱངས་ཀྱི་སྐོར་ཡང་མདོར་བསྡུས་ཏེ་བཤད་པ་དེ་དག་ཧ་ཅང་ལེགས་པར་མཐོང་།འོན་ཀྱང་དུས་གང་ཞིག་ནས་བོད་ཀྱི་ཡིག་ཚགས་ཀྱིས་སྐྱེ་བོ་འདི་གཉིས་གཅིག་ཡིན་པར་བསྒྲུབས་པའི་ཚུལ་བསྟན་མི་འདུག

རྟ་དབྱངས་ལ་རྟ་སྐད་ཅེས་ཀྱང་བྲིས་པ་བྱེ་བྲག་རྟོགས་བྱེད་ཆེན་མོར་ཡོད་ཅིང་།ཡང་སྟོན་པའི་གཏད་རབས་བགྲངས་སྐབས་སུ་ཀླུ་སྒྲུབ་ཀྱི་སྔོན་དུ་ཡང་རྟ་སྐད་ཅེས་པ་ཞིག་ཐོན་གྱིན་འདུག་གོ།  གཤམ་གྱི་པར་རིས་ལ་གཟིགས།

图片

བུ་སྟོན་རིན་ཆེན་གྲུབ་(1290-1364)ཀྱི་ཆོས་འབྱུང་དུ་འདི་གཉིས་གང་ཟག་ཐ་དད་པ་ཡིན་པ་ལྟ་བུའི་ཚིག་སྦྱོར་སྤེལ་འདུག དེ་ཡང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་སངས་རྒྱས་ཀྱི་སྐྱེས་རབས་སྣ་ཚོགས་ཀྱི་སྐོར་ལ།  སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་བམ་པོ་བཅུ་གསུམ་འཇམ་དཔལ་གོ་ཆའི་འགྱུར།  དེའི་འགྲེལ་པ་རིགས་ཀྱིས་བྱིན་པ་ཆོས་གྲགས་ཀྱིས་མཛད་པ་ཤཱཀྱ་བློ་གྲོས་ཀྱི་འགྱུར།པཎྜི་ཏ་སེང་གེ་ཞབས་འབྲིང་གིས་མཛད་པ་སངས་རྒྱས་ཀྱི་སྐྱེས་རབས་ཚུལ་ཁྲིམས་འབྱུང་གནས་ཀྱི་འགྱུར།  སློབ་དཔོན་སྙན་ངག་མཁན་དགེ་བའི་དབང་པོས་མཛད་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་ཤོང་རྡོ་རྗེ་རྒྱལ་མཚན་གྱི་འགྱུར།སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་གཞོན་ནུ་གཙུག་ན་ནོར་བུའི་སྐྱེས་རབས་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་གྲགས་པ་རྒྱལ་མཚན་གྱི་འགྱུར།དཔལ་དགའ་བའི་ལྷས་མཛད་པའི་བྱང་ཆུབ་སེམས་དཔའ་སྤྲིན་གྱི་བཞོན་པའི་སྐྱེས་རབས་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ཤོང་རྡོ་རྒྱལ་མཚན་གྱི་འགྱུར།སློབ་དཔོན་དཔའ་བོས་མཛད་པའི་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་ཆོས་ཀྱི་ཆོས་ཀྱི་གཎྚཱིའི་སྒྲ་བསྒྲགས་པ་བྱམས་པའི་དཔལ་གྱི་འགྱུར།སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་སངས་རྒྱས་ཀྱི་སྤྱོད་པ་སྟོན་པའི་སྙན་དངགས་ཆེན་པོ་ཁམས་པ་དགེ་སློང་བློ་གྲོས་རྒྱལ་པོའི་འགྱུར་ཏེ་བརྒྱད་དོ།།”[9]

ཞེས་སློབ་དཔོན་རྟ་དབྱངས་དང་དཔའ་བོ་གཉིས་གང་ཟག་སོ་སོ་བའི་ཚུལ་དུ་བསྟན་འདུག་ཅིང་།ཁོང་གི་བསྟན་འགྱུར་དཀར་ཆག་ཏུའང་གསལ།[10]བསྟན་བཅོས་འདི་ནི་ཕྱི་ལོ་ ༡༣༢༢ ལོར་བརྩམས་འདུགཡང་ཨཱརྱ་དེ་ཝའི་སྐོར་འཆད་སྐབས་མུ་སྟེགས་སྟོན་པ་མ་ཁོལ་དང་བརྩད་ལུགས་དང་བཅས་བཀོད་མོད་གཤམ་དུ་དེའི་ལོ་རྒྱུས་མངས་ཀྱིས་དོགས་ནས་མ་བྲིས་གསུངས་འདུག  བཅོམ་ལྡན་རིག་རལ་དང་ཀརྨ་པ་རང་བྱུང་རྡོ་རྗེ་ཡི་གསུང་དུ་བཞུགས་པའི་བསྟན་འགྱུར་དཀར་ཆག་ཁག་ནའང་སྐྱེས་རབས་སོ་བཞི་པ་དང་སངས་རྒྱས་ཀྱི་སྤྱོད་པ་གཉིས་མཛད་མཁན་གཉིས་དབྱེ་བ་ཕྱེས་ཏེ་ཐ་དད་པའི་ཚུལ་དུ་བཀོད་འདུག

རྗེ་རིན་པོ་ཆེས་ འཕགས་པའི་ཡུལ་གྱི་སྨྲ་བའི་དབང་པོ་མཆོག།དཔལ་ལྡན་དཔའ་བོ་རྒྱ་གར་ནས་གཤེགས་པ།། གངས་རིའི་ཁྲོད་ཀྱི་སྙན་དངགས་མཁན་གཅིག་པུ།། བློ་བཟང་གྲགས་པའི་དཔལ་དུ་གྱུར་པས་སྦྱར།།”[11]ཞེས་སྤྱན་སྔ་གྲགས་བྱང་བའི་རྟོགས་བརྗོད་ཀྱི་མཇུག་བྱང་དུ་གསུངས་འདུགསྐབས་འདིའི་དཔའ་བོ་ནི་སྐྱེས་རབས་སོ་བཞི་པའི་རྩོམ་པ་པོ་ལ་དགོངས་པ་ཡིན་ནམ་ཡང་ན་སངས་རྒྱས་ཀྱི་སྤྱོད་པའི་རྩོམ་པ་པོ་ལ་དགོངས་པ་ཡིན།ཁོང་གི་གསན་ཡིག་ཏུ། དེ་ལ་མ་ཏི་གི་ནི། ཀླུ་སྒྲུབ་ཀྱི་ཐུགས་སྲས་བཞི། ཉེ་སྲས་གསུམ་སྟེ་བདུན་གྱི་ནང་ནས་ཐུགས་སྲས་གཅིག་གོ།  ཐུགས་སྲས་བཞི་ནི། འཇམ་དཔལ་ཞལ་མཐོང་ཤཱཀྱ་མི་ཏྲ། སྒྲོལ་མ་ཞལ་མཐོང་ནཱ་ག་བྷོ་དྷི།ས་བརྒྱད་ནོན་པ་ཨཱརྱ་དེ་བ། སྤྱན་རས་གཟིགས་ཞལ་མཐོང་བ་མ་ཏཾ་གི་པའོ།། ཉེ་བ་གསུམ་ནི། སངས་རྒྱས་བསྐྱངས།ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོའོ།”[12]ཞེས་འབྱུང་བ་ལ་གཞིགས་ཚེ་རྗེས་ཀྱང་རྟ་དབྱངས་ཉིད་དཔའ་བོར་བཞེད་པ་ལྟར་སྣང་མོད་ཞིབ་ཏུ་དཔྱད་དགོས་པར་སྣང་།[13]

དེས་ན་དུས་རབས་བཅུ་བཞི་པ་ཡན་གྱི་ཡིག་ཚགས་རྣམས་སུ་བཙལ་ནས་མཁས་པ་འདི་གཉིས་ཀྱི་ལོ་རྒྱུས་འཚོལ་དགོས་པར་སྣང་སྟེ།ཕྱིས་ཀྱི་ཡིག་ཆ་རྣམས་ནི་སྐྱེ་བོ་འདི་གཉིས་གང་ཟག་གཅིག་ཏུ་ངོས་འཛིན་པ་ནི་མགྲིན་གཅིག་དབྱངས་གཅིག་གི་ཚུལ་དུ་སྣང་བ་བསྟན་འགྱུར་དཀར་ཆག་རྣམས་ལ་གཟིགས་དང་མཁྱེན་ངེས་རེད།  འདིར་དཔེ་མཚོན་དུ་ཞུ་བ་ལ། ཏཱ་ར་ནཱ་ཐ(1575 -1635)འི་རྒྱ་གར་ཆོས་འབྱུང་དུ།དེ་ལ་སློབ་དཔོན་མ་ཁོལ་ནི་གོང་དུ་ཅུང་ཟད་བརྗོད་པའི་བྲམ་ཟེ་ཐུབ་དཀའ་ནག་པོ་དེ་ཉིད་ཡིན་ཏེ།དཔའ་བོ་དང་། རྟ་དབྱངས།  མ་ཁོལ་དང་། ཕ་ཁོལ་དང་།ཐུབ་དཀའ་དང་། ཆོས་ལྡན་རབ་འབྱོར་དང་། མ་ཏི་ཙི་ཏྲ་རྣམས་མཚན་གྱི་རྣམ་གྲངས་སུ་གྲགས་པ་ཡིན་ནོ།།”[14]ཞེས་གསལ་འདུག་ལ།ཆོས་འབྱུང་འདི་ནི་ཕྱི་ལོ་ ༡༦༠༨ ལོར་བརྩམས། དེ་བཞིན་ཆོས་འབྱུང་མཁས་པའི་དགའ་སྟོན་དུའང་ལོ་རྒྱུས་འདི་དང་ཆ་འདྲ་བ་བརྩམས་འདུག

རྒྱ་གར་གྱི་མཁས་པའི་ལོ་རྒྱུས་འདི་དག་ནི་བོད་ཀྱི་ཡིག་ཚགས་ཁྲོད་ནས་དུས་གང་ཞིག་ལ་རྣམ་པ་ཇི་ལྟར་འགྱུར་བའི་ཚུལ་ལ་ཅི་ནས་ཀྱང་དཔྱད་པར་རིགས་ན།འདི་འབྲེལ་གྱི་ཡིག་ཚགས་མཐོང་རིགས་ནས་གཤམ་མཆན་མདོར་ཙམ་རེ་འགོད་གནང་ཡོང་བ་ཞུའོ།།  ལོ་སར་ལ་བཀྲ་ཤིས་བདེ་ལེགས།

[1]དཔའ་བོ་གཙུག་ལག་ཕྲེང་བ།  ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ་ ཤོག་གྲངས་༥༢༥ མི་རིགས་དཔེ་སྐྲུན་ཁང་གི་ ༡༩༨༥ ལོའི་པར་མ།

[2]འགོས་ལོ་ཙ་བ་གཞོན་ནུ་དཔལ།  ཆོས་རྗེ་པཎ་ཆེན་ནགས་ཀྱི་རིན་ཆེན་གྱི་རྣམ་པར་ཐར་པ།ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་རྒྱར་བཞུགས་པའི་དབུ་མེད་བྲིས་མ། ཤོག་གྲངས་ ༡༤ བ་ ༤

[3]ཚེ་ཏན་ཞབས་དྲུང་།  བསྟན་རྩིས་ཀུན་བཏུས། ཤོག་ངོས་ ༢༡༥ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༡༩༨༢ ལོའི་པར་མ།

[4]ClaySanskrit Libraryཞེས་པ་འདི་ནི་སྐུ་ཞབས་ John Clay ཞེས་པས་ ༡༩༩༠ལོར་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་། ཁོང་གི་དམིགས་ཡུལ་ནི་ལེགས་སྦྱར་གྱི་བསྟན་བཅོས་༥༠ པར་སྐྲུན་བྱེད་རྒྱུའི་འཆར་གཞི་བཟོས་ཏེ་མཐུན་རྐྱེན་སྦྱར་བ་ཞིག་ཡིན་འདུག  ད་ལྟའི་ཆར་བསྟན་བཅོས་ལྔ་བཅུ་ལྔ་དྲུག་བརྒལ་ཡོད་སྐད།  དེ་དག་གི་སྐོར་ཁོང་ཅག་གི་དྲ་རྒྱ་འདི་ན་གསལ་ལོ།།  http://www.claysanskritlibrary.org

[5]བསྟན་བཅོས་འདི་ཉིད་དེ་སྔར་བོད་སྐད་དུ་མ་འགྱུར་བ་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་ཀྱིས་བསྒྱུར་གནང་བའི་ཁ་བྱང་དུ་མཛེས་དགའ་བོའི་སྙན་དངགས་ཆེན་མོ།ཞེས་འཁོད་འདུག

[6]འདིའི་སྐོར་ཕྲན་གྱིས་བྲིས་པའི་ཟིན་ཐོ་ཞིག་ཀྱང་ཡོད་ཅིང་།དུས་རབས་བཅུ་གསུམ་པར་བོད་སྐད་དུ་བསྒྱུར། ལོ་ཙ་བ་ནི་འགྲོ་མགོན་འཕགས་པའི་གཟིམ་གཡོག་པ་མདོ་སྨད་པ་བློ་གྲོས་རྒྱལ་པོ་ཞེས་བྱ་བ་ཡིན།

[7]འདི་ནི་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིངྷ་དང་།ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་མཉྫུ་ཤྲི་ཝརྨས་བསྒྱུར་པ་ད་ལྟའི་བསྟན་འགྱུར་སྐྱེས་རབས་ཁྲོད་དུ་བཞུགས།

[8]འོན་ཀྱང་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཁག་དང་།ལྷག་པར་དུ་ཕྱིས་ཀྱི་ཆོས་འབྱུང་ཁག་ཏུ་འདི་གཉིས་གང་ཟག་གཅིག་ཏུ་ངོས་འཛིན་བྱས་ཡོད་པ་དེ་དྲན་ནས་འདིའི་སྐོར་ལ་གླེང་སློང་ཞིག་བྱེད་འོས་སྙམ་མོད་དེ་མུར་ལུས་སོང་།ཉེ་ཆར་སླར་ཡང་རྐྱེན་ཞིག་ལ་བརྟེན་ནས་འདི་ལ་དོ་སྣང་གསར་པ་ཞིག་བྱས་པ་ཡིན།

[9]གསུང་འབུམ།ཞོལ་པར་མ། ཡ། ༡༦༦ ན ༥

[10]གསུང་འབུམ།ཞོལ་པར་མ། ལ་ ༡༠༧ བ་ ༦

[11]གསུང་འབུམ།ཞོལ་པར་མ། ཁ་ ༡༤༢བ༢

[12]གསུང་འབུམ།ཞོལ་པར་མ། ཀ་ ༢བ༡

[13]ལྡེའུའི་ཆོས་འབྱུང་དུ་ཀླུ་སྒྲུབ་ཀྱི་སྐོར་འཆད་སྐབས་རྟ་དབྱངས་མ་ཐོན་ལ།དེ་བཞིན་ཆོས་འབྱུང་རྙིང་གྲས་ལག་སྣེར་ཡོད་པ་དག་ལས་ཀྱང་གསལ་ཁ་མ་ཐོན། ད་དུང་དཔྱད་འཚལ།

[14]རྒྱ་གར་ཆོས་འབྱུང་།  ཤོག་གྲངས་ ༡༡༦ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོར།


བརྒྱུད་འགོད།