རྒྱ་ཆེན་ཤུགས་ལྡན་གྱི་གཟུངས་ནི་རྒྱལ་ཆེན་ཤུགས་ལྡན་གྱི་གཟུངས་མིན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-09-13 09:51:34     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

དེང་མང་བོ་ཞིག་གིས་རྒྱ་ཆེན་ཤུགས་ལྡན་གྱི་གཟུངས་ཞེས་པ་རྒྱལ་ཆེན་ཤུགས་ལྡན་གྱི་གཟུངས་ཡིན་པར་བསམ་ནས་ཆོས་སྤོང་གི་ལས་ཚབས་ཆེན་པོ་བསགས་ཤིང་གསོག་བཞིན་ཡོད་དེ། ཐར་མདོའི་འཁོར་ལོ་དང་མ་ཎིའི་འཁོར་ལོ་སོགས་ལས་ཆེད་དུ་ལེན་པའམ།ཐར་མདོའི་འཁོར་ལོ་དང་མ་ཎིའི་འཁོར་ལོ་ག་གེ་མོར་རྒྱལ་ཆེན་ཤུགས་ལྡན་གྱི་གཟུངས་འདུག་ཅེས་ཉོག་དྲ་སློང་བཞིན་ཡོད་པ་ཐོས་སོ༎

དེ་དག་གིས་རྒྱ་ཆེན་ཤུགས་ལྡན་གྱི་གཟུངས་ནི་རྒྱལ་ཆེན་ཤུགས་ལྡན་གྱི་གཟུངས་གཉིས་ངོས་ཟིན་པ་ཕར་ཞོག  རྒྱ་ཆེན་དང་རྒྱལ་ཆེན་གཉིས་ལ་རྗེས་འཇུག་ལ་ཡོད་མེད་ཀྱི་ཡིག་དོན་ལ་མ་ཞུགས་པར་རི་བོང་ཅལ་འདྲོགས་བྱས་པར་སྣང་ངོ་།།

རྒྱ་ཆེན་ཤུགས་ལྡན་གྱི་གཟུངས་ནི།  ན་མཿ   སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། ཨོཾ་སཾ་་ར་སཾ་་ར་ཧཱུཾ། ཞེས་པ་འདི་ཡིན་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པའི་《ཡི་དྭགས་མོ་ཁ་འབར་མ་དབུགས་དབྱུང་བའི་གཏོར་མའི་ཆོ་ག་》ལས།

དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། ཀུན་དགའ་བོ། གང་གིས་ཁྱོད་ཡི་དྭགས་རྣམས་དང་། བྲམ་ཟེའི་དྲང་སྲོང་རྣམས་ཚིམ་པར་བྱེད་པར་འགྱུར་བའི་ཐབས་ཡོད་ཀྱི། མ་འཇིགས་ཤིག །ཀུན་དགའ་བོ། ཐམས་ཅད་དུ་འོད་དང་ལྡན་པ་རྒྱ་ ཆེན་ཤུགས་ལྡན་ཞེས་བྱ་བའི་གཟུངས་ཡོད་དོ། །

དེས་བྱིན་པ་ཙམ་གྱིས་ཡི་དྭགས་གངྒའི་ཀླུང་གི་བྱེ་མ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་ཚིམ་པར་འགྱུར་ཏེ། ཡི་དྭགས་དང་། བྲམ་ཟེའི་དྲང་སྲོང་རེ་རེ་ལ་ཟས་དང་། སྐོམ་ཡུལ་མ་ག་འི་བྲེ་བོ་བདུན་བདུན་བྱིན་པར་འགྱུར་རོ། །

དེ་ནི། སྔོན་ང་བྲམ་ཟེར་གྱུར་བ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་དབང་ཕྱུག་དང་། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་འོད་ལས་ངས་བཟུང་སྟེ། དེས་ཡི་དྭགས་ དང་། བྲམ་ཟེའི་དྲང་སྲོང་གྲངས་སུ་བགྲང་བ་མང་བ་དང་། ཆེས་མང་བའང་ངས་ཟས་དང་། སྐོམ་གྱིས་ཚིམ་པར་བྱས་ཏེ། དེ་དག་ཐམས་ཅད་ཡི་དྭགས་ཀྱི་འཇིག་རྟེན་ནས་ཤི་འཕོས་ནས་ལྷའི་འཇིག་རྟེན་དུ་སྐྱེས་སོ། །

ཀུན་དགའ་བོ། ཁྱོད་ཀྱིས་ཟུངས་ལ་ངོ་ལོན་གྱིས་ཤིག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། ཨོཾ་སཾ་་ར་སཾ་་ར་ཧཱུཾ། ཀུན་དགའ་བོ། འདི་ཡི་དྭགས་ཀྱི་གཏོར་མ་ལ་ལན་བདུན་བཟླས་བརྗོད་བྱས་ནས་ལག་པ་བརྐྱང་སྟེ་དྲུང་དུ་སྦྱིན་པར་བྱའོ། །སེ་གོལ་ཡང་བརྡབ་པར་བྱའོ། །

དེ་ལྟར་བྱས་ན། བྱིན་མ་ཐག་ཏུ་ཕྱོགས་བཞིའི་ཡི་དྭགས་གངྒའི་ཀླུང་གི་བྱེ་མ་ཁྲག་ཁྲིག་ཕྲག་འབུམ་ཕྲག་གི་བྱེ་མ་སྙེད་དག་ཚིམ་པར་བྱས་པར་འགྱུར་རོ། །

ཡི་དྭགས་རེ་རེ་ལ་ཡང་ཡུལ་མ་ག་འི་བྲེ་བོ་བདུན་བདུན་བྱིན་པར་འགྱུར་རོ། །དེ་དག་ཀྱང་ཟོས་པ་ཙམ་གྱིས་ཡི་དྭགས་ཀྱི་འཇིག་རྟེན་ནས་ཤི་འཕོས་ནས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །

ཀུན་དགའ་བོ། །ཁྱོད་ཀྱིས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ལ་རྟག་ཏུ་རྒྱུན་མི་འཆད་པར་ཁོར་ཟུག་ཏུ་བསྙད་པར་བྱའོ། །

དེ་ལྟར་བྱས་ན། བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་ཏེ། ཚེ་ཡང་རིང་བར་འགྱུར་རོ། །ཞེས་གསུངས་ཤིང་། 

རྗེ་ཙོང་ཁ་བ་ཆེན་པོའི་དཔལ་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་རྒྱུད་དོན་གསལ་བ་ལས་ཀྱང་།

ན་མཿ   སརྦྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་རྒྱས་སོ་སོར་ཐོབ་པར་བྱའོ།།ཞེས་གསུངས་སོ། །

དེ་བས་བཀའ་འགྱུར་སྙིང་བོ་དང་།གཟུངས་འདུས།མ་ནི་འཁོར་ལོ་དང་ཐར་མདོ་འཁོར་ལོ་སོགས་སུ་རྒྱ་ཆེན་ཤུགས་ལྡན་གྱི་གཟུངས་ཞེས་པ་ནི་འདི་ཡིན་པས་རྒྱལ་ཆེན་ཤུགས་ལྡན་གྱི་གཟུངས་ལ་འཁྲུལ་བར་མི་བྱའོ།།


ཞེས་པ་ནི་འདི་ནི་མང་བོ་ཞིག་གིས་རྒྱ་ཆེན་ཤུགས་ལྡན་གྱི་གཟུངས་ཀྱི་སྐོར་ལ་གསལ་བཤད་རེ་གནང་བའི་རེ་བ་ཡང་ཡང་ཞུས་པ་བཞིན་བྲིས་སོ༎


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།