རི་དྭགས་ཆོས་འཁོར་གྱི་མཚོན་དོན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-11-12 07:27:09     རྩོམ་པ་པོ།   དགེ་བཤེས་དཔལ་ལྡན་གྲགས་པ།    ཀློག་ཐེངས།  

  དེ་ལ་དཀྱིལ་འཁོར་གྱི་རྟ་བབས་ཀྱི་སྟེང་དང་གཙུག་ལག་ཁང་གི་མདུན་ཕྱོགས་ཀྱི་ཡང་སྟེང་སོགས་སུ་རི་དྭགས་ཆོས་འཁོར་ཞེས་པ་བཞེངས་སྲོལ་འདུག་པ་འདི་ཉིད་རྣམ་པ་ཅི་འདྲ་ཞིག་དགོས་པ་དང་།དེ་དག་གིས་གང་མཚོན་པ་ཡིན་སྙམ་ན།དེ་ཡང་བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་༼གཞལ་ཡས་ཁང་གི་གནས་ལུགས་གསལ་བྱེད།པོད༑ན༽༡༣༽དུ།རྟ་བབས་དེའི་སྟེང་དུ་རྩིབས་བརྒྱད་པའམ།རྩིབས་བཅུ་གཉིས་པའི་གསེར་གྱི་འཁོར་ལོ་རྒྱར་ཆ་ཆུང་གཉིས་པ་ཆ་ལྔ་དང་ལྡན་པའི་མུ་ཁྱུད་སད་ཅན་རྩིབས་ཀྱི་བར་རྣམས་སྟོང་པར་ཡོད་པ་སླངས་ནས་བཞག་པའོ།།ཤུངྔྷས་དེའི་སྟེང་གྱི་གཡས་གཡོན་འཁོར་ལོ་ལས་ཆ་ཆུང་ཕྱེད་ཙམ་དུ་རིང་བར་གནས་པའི་རི་དྭགས་དང་།རིག་དྭགས་མོ།ཆ་ཆུང་གཅིག་ཏུ་མགྲིན་པ་དང་བཅས་པའི་གདོང་པ་འགྲེང་ཞིང་།མིག་འཁོར་ལོའི་རྩེ་མོར་བལྟ་བ་གསེར་ལས་བྱས་པ།རིན་པོ་ཆེ་གཞན་གྱིས་སྤྲས་པའོ།།ཤུངྔྷསཀྲྀཥྞསཱར་འདོད།རྒྱུད་རྫུན་མ་བྱེད་པ།ཁ་ཅིག་རི་དྭགས་རུ་རུར་འདོད་དེ།དོན་གསེར་ལས་བྱས་པའི་གཟུགས་བརྙན་ནོ།།ཞེས་གསུངས་ཤིང་།ལ་ལས་འཁོར་ལོ་འདི་རྩིབས་བཅུ་པར་ཡང་གསུངས་ལ།དེ་ཡང་སྲུང་འཁོར་ལ་ཁྲོ་བོ་བཅུ་འཁོད་གནས་འཁོར་ལོའི་ཕྱོགས་མཚམས་བརྒྱད་དང་སྟེང་འོག་ནས་ཡར་མར་རྩིབས་རེ་རེ་བྱས་པ་ལྟར་རམ་ཇི་ལྟར་ཡིན་བརྟག་དགོས་པར་སྣང་།ཆོས་འཁོར་འདིའི་རྩིབས་རྣམས་ཀྱིས་རང་གི་མི་མཐུན་ཕྱོགས་རྣམས་གཅོད་པ་དང་མཚོན་དོན་སྦྱར་དགོས་ཚུལ་གསུངས་པ་ལྟར་ན།འདི་ཉིད་ཤིང་རྟའི་འཁོར་ལོ་ལྟ་བུ་མ་ཡིན་པར།རྩིབས་རྣམས་མུ་ཁྱུད་ཀྱི་ཕྱི་རོལ་ཏུ་རལ་གྲི་སོ་གཉིས་ཅན་གྱི་རྩེ་ལྟ་བུ་རེ་ཐོན་པ་ཞིག་དགོས་པ་དང་།ཁ་བསྟན་ཕྱོགས་ལ་ངོས་ཕྱོགས་གཉིས་མདུན་རྒྱབ་ལ་བསྟན་པ་དང་། གཡས་གཡོན་ལ་བསྟན་པའི་ལུགས་སྲོལ་གཉིས་སྣང་བ་ལས།དང་པོ་ནི་མཐོང་སྣང་ལ་མཛེས་པ་གཙོ་བོར་བྱས་པ་ཙམ་སྟེ།མཚོན་དོན་དང་སྦྱར་ན་ཕྱི་མ་ལྟར་ལེགས་ཤིང་།རྒྱ་གར་དུ་སྟོན་པའི་བཞུགས་ཁྲིའི་མདུན་དུ་རི་དྭགས་ཆོས་འཁོར་བཀོད་པ་རྣམས་ཀྱང་ཕྱི་མ་འདི་བཞིན་བྱས་འདུག་ལ་དེ་བཞིན་དུ་འཁོར་ལོའི་མཐའ་ལ་པ་ཏྲ་སོགས་ཀྱིས་རྒྱས་སྤྲས་ཡོད་མེད་ལུགས་གཉིས་སྣང་བ་དེའང་མཛེས་ཆོས་ཀྱི་ཁྱད་ཙམ་མམ།ཡོད་པ་ལྟར་ན་མཚོན་དོན་གང་ཡོད་འཚོལ་དགོས།འཁོར་ལོ་ལ་ནི་པད་ཟླའི་གདན་ཡོད་པ་དང་།ཆེ་ཆུང་གང་བྱས་ཀྱང་ཟུར་གྱི་རི་དྭགས་གཉིས་ཀྱི་ལུས་དཔངས་ལས་ཉིས་ལྡབ་ཀྱིས་མཐོ་བ་ཞིག་དགོས་པར་གསུངས།རི་དྭགས་གཉིས་ཀྱང་མཁས་པ་མང་པོས་རི་དྭགས་རུ་རུ་ཟེར་བ་དེ་ལ་ངོས་འཛིན་གནང་འདུག་ལ།དེ་ཡང་བདག་ཅག་གི་སྟོན་པའི་འཁྲུངས་རབས་སུ་རི་དྭགས་རུ་རུ་ཞེས་པ་འཛམ་བུ་གསེར་གྱི་མདོག་ཅན་ཞིག་བྱུང་བར་གསལ་བ་དང་།འདིའི་རི་དྭགས་གཉིས་ཀྱང་གསེར་མདོག་ཅན་ཞིག་བཟོ་དགོས་པར་གསལ་བ་གཉིས་མཐུན་འབྲེལ་ཆེ་བར་སྣང་།འོན་ཀྱང་གོང་གསལ་བུ་སྟོན་རིན་པོན་ཆེའི་གསུང་དེར་ཟུར་མཆན་བཀོད་པ་ལྟར་ན།རུ་རུ་ལ་ངོས་འཛིན་པ་དེ་མ་དག་པ་ལྟ་བུ་དང་།ཀྲྀཥྞསཱར་ལ་ངོས་འཛིན་པ་དེ་འཐད་པ་བཞེད་པར་མངོན་པ་དེ་བཞིན་དཔྱད་བྱར་སྣང་།གང་ལྟར་དམིགས་བསལ་རི་དྭགས་དེ་དང་དེ་བཞིན་གྱི་གཟུགས་བརྙན་ཞིག་དང་།དེ་ཡང་འཁོར་ལོ་གཡས་ཕྱོགས་སུ་ཕོ་དང་གཡོན་ཕྱོགས་སུ་མོ།དེ་གཉིས་ཀ་ཉལ་སྟབས་སུ་མགྲིན་པ་བཏེགས་ཏེ་མིག་གིས་འཁོར་ལོའི་རྩེ་ལ་བལྟ་བ་ཞིག་དགོས།འདི་གཉིས་ལ་གདན་ཡོད་པ་དང་མེད་པར་བཞེད་པའི་ལུགས་གཉིས་སྣང་བ་ལས་བུ་སྟོན་རིན་པོ་ཆེས་སྔ་མ་འཐད་ཕྱོགས་སུ་བསྒྲུབས་འདུག་ཀྱང་མཚོན་དོན་གང་ཡིན་མ་གསལ།  ཡང་ལ་ལར་རི་དྭགས་གཉིས་ཀྱི་ལག་པ་ཡ་རེ་ཆོས་འཁོར་ཕྱོགས་སུ་བཏེགས་ཙམ་བྱས་པ་རེ་བཟོས་པའང་འདུག་སྟེ།འདི་ནི་རྒྱ་གར་ལྷོ་ཕྱོགས་སུ་བྲག་ལ་བརྐོས་པའི་ནང་པའི་འདུ་ཁང་དག་ཏུ་སྟོན་པའི་ཁྲི་ལ་རི་དྭགས་ཆོས་འཁོར་གྱི་འཁོར་ལོའི་ལྟེ་བའི་དབུས་ནས་སྐོར་བྱེད་དབྱུག་གུ་ཞིག་ཐད་དྲངས་པའི་ཕྱོགས་གཉིས་གཅིག་མཐོ་གཅིག་དམའ་རུ་འགྲོ་བར་བྱས་པའི་སྣེ་གཉིས་ལ་རི་དྭགས་གཉིས་ཀྱི་ལག་པ་རེ་བཞག་པ་བཟོ་བཀོད་འདུག་པ་དང་མཐུན་པར་སྣང་ཞིང་།མཁས་དབང་སྲས་འཕྲིན་ལས་ནོར་བུའི་གསུང་༼མཆོད་རྟེན་དཀར་ཆག༣༢༽དུ།སྲིད་པའི་རྩ་བ་གཅོད་པའི་ཆོས་ཀྱི་འཁོར་ལོ་ལ་རིགས་དྭགས་གཉིས་ཀྱིས་བསྐྱོད་པས་འཁོར་བ།ཞེས་གསལ་བའང་འདི་འདྲ་ལ་བརྟེན་པ་ཡིན་པར་སེམས་ཤིང་།གང་ལྟར་ཁུངས་དག་ཚད་ལྡན་ཞིག་བྱུང་ན་རྟེན་འབྲེལ་གྱི་ཁྱད་ཆེ་བ་མཚོན་བྱེད་གཞན་དག་དང་འདྲའོ་སྙམ་མོ། །  རི་དྭགས་ཆོས་འཁོར་གྱི་མཚོན་དོན་ལ་གདུལ་བྱ་རང་རང་གིས་གོ་ཚུལ་དང་མཐུན་པར་མཁས་པ་རྣམས་ཀྱིས་གསུངས་ཚུལ་འདྲ་མིན་འགའ་ཞིག་སྣང་བ་ལྟར་རིམ་པ་བཞིན་འགོད་ན།དེ་ཡང་མཁས་མཆོག་དངུལ་ཆུ་ངྷརྨ་བྷ་དྲའི་གསུང་འཇིགས་བྱེད་བསྐྱེད་རིམ་ཟིན་བྲིས།ཆོས་འཁོར་གྱིས་སངས་རྒྱས་དང་།རི་དྭགས་གཉིས་ཀྱིས་མུ་སྟེགས་བྱེད་མཚོན་པར་གསུངས་པ་དང་།མཁས་པའི་དབང་པོ་རྗེ་ཤེས་རབ་རྒྱ་མཚོའི་འཇིགས་བྱེད་བསྐྱེད་རིམ་དུ།རྩེ་མོར་འཁོར་ལོ་རྩིབས་བརྒྱད་པའམ་བཅུ་པ་ཕྱི་མ་གཙོ་སྙམ།དེའི་གཡས་གཡོན་རི་དྭགས་ཕོ་མོ་གཉིས་མིག་མི་འཛུམ་པར་བལྟ་བ་འདི་ལ་མཚོན་དོན་གྱི་ཁུངས་གསལ་པོ་མ་མཐོང་ཡང་།ལུས་དཀྱིལ་དང་བསྟུན་ན་ཡིད་ཀྱི་རྣམ་ཤེས་སྒྲིབ་བྲལ་རྣམ་པར་དག་པ་མཚོན་པ་དང་།ཡང་ན་རི་དྭགས་ལ་གཞན་གྱིས་བདག་ཏུ་བཟུང་བ་མེད་པས་བདག་མེད་མཚོན།དེ་གཉིས་ཆོས་འཁོར་གྱི་གཡས་གཡོན་དུ་གནས་པས་བདག་མེད་སྟོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་མཚོན་ནམ་ཞེས་པཎ་ཆེན་ངོ་མཚར་རྒྱ་མཚོས་གསུངས་ཞེས་གསལ།  ཡང་ཁོང་གི་གསུང་གསང་འདུས་བསྐྱེད་རིམ་དུ།རྟ་བབས་ཀྱི་སྟེང་པད་ཟླ་ལ་འཁོར་ལོ་རྩིབས་བརྒྱད་དམ་བཅུ་པ་རི་དྭགས་ཕོ་མོ་བས་པ་ནི་ཆོས་འཁོར་བསྐོར་བ་ད་།གདུལ་བྱ་འདུ་ཞིང་ཆོས་ལ་འདུན་པ་རྒྱུན་མི་ཆད་པའི་རྒྱུ་མཐུན་གྱི་རྟེན་འབྲེལ་ཏེ།སྔོན་སྟོན་པས་ཝཱ་ར་ནཱ་སིར་ཆོས་འཁོར་ཐོག་མར་བསྐོར་བའི་ཚེ་ཚངས་པ་ཆེན་པོས་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན་ཕུལ་བ་ན།ནགས་ནས་རི་དྭགས་རུ་རུ་ཕོ་མོ་གཉིས་བྱུང་སྟེ་མིག་མི་འཛུམ་པར་བལྟ་བ་ནི་དུད་འགྲོ་ཕལ་པ་མ་ཡིན་པར་སྤྲུལ་པ་ཡིན་པས།ཆོས་ལ་དོན་གཉེར་དགོས་པའི་བརྡ་ཡིན་པས་འདི་ཡང་དེ་དང་ཆ་མཚུངས་ཤིང་།དེ་ཐམས་ཅད་རང་གི་བློས་བཏགས་པའི་རྟེན་འབྲེལ་ཙམ་དུ་ཤར་བས།སྔགས་ལ་སྟོང་ཉིད་ཀྱི་ལྟ་བ་འཚོལ་བའི་ཐབས་མདོ་ལས་ལྷག་པ་མང་པོ་ཡོད་ཅེས་པ་འདི་འདྲའི་སྟེང་ནས་གོ་དགོས་ཞེས་ཀྱང་གསུངས།  རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་དབང་དོན་དེ་ཉིད་ཡང་གསལ་༼༢༦༧༽དུ༑རྟ་བབས་ཀྱི་སྟེང་གི་འཁོར་ལོ་རི་དྭགས་དང་བཅས་པ་དང་།རྟ་བབས་ཀྱི་འོག་གི་བླ་བྲེ་སོགས་ཀྱི་དག་པའང་༼མན་ངག་སྙེ་མ་༽དེ་ཉིད་ལས།གདུལ་བྱ་རྣམས་ལ་སྟོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མ་མཐུན་ཕྱོགས་གཅོད་པ་རྣམ་པར་དག་པས་ཆོས་ཀྱི་འཁོར་ལོའོ།།དེའི་རྩིབས་རྣམས་ཕྱོགས་གཅིག་ལ་བརྒྱད་རྣམས་ནི་སྡུག་བསྔལ་དང་།ཀུན་འབྱུང་དང།འགོག་པ་དང་།ལམ་དང་།ཀུན་རྫོབ་དང་།དོན་དམ་པ་དང་།འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམ་པར་དག་དག་པས་སོ།།ཕྱོགས་གཞན་ལ་བཅུ་གཉིས་རྣམས་ནི་སྡུག་བསྔལ་ཤེས་པར་བྱ་བ་དང་།ཤེས་པ་དང་།སླར་ཤེས་པར་བྱར་མེད་པ།ཀུན་འབྱུང་སྤངས་བར་བྱ་བ་དང་།སྤངས་པ་དང་།སླར་སྤངས་བར་བྱར་མེད་པ་དང་།འགོག་པ་མངོན་དུ་བྱ་བ་དང་། བྱས་ཟིན་པ་དང་།སླར་མངོན་དུ་བྱར་མེད་པ་དང་།ལམ་བསྒོམ་པར་བྱ་བ་དང་།བསྒོམས་ཟིན་པ་དང་།སླར་བསྒོམ་དུ་མེད་པ་ཞེས་པ་ཆོས་ཞེས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམ་པ་བཅུ་གཉིས་ཡོངས་སུ་དག་པ་སྟེ།རྟེན་ཅིང་འབྲེལ་བར་བྱུང་བའི་ཡན་ལག་བཅུ་གཉིས་དག་པས་ཀྱང་ངོ་།།སེང་གེ་བཞིན་དུ་ཚུགས་པ་མེད་པ་ཉིད་ན་ཡང་མཚན་མ་ཡོངས་སུ་དག་པའི་ཆོས་བསྟན་པའི་དང་།བསྡུ་བའི་དངོས་པོ་རྣམས་ཀྱིས་རབ་ཏུ་དང་བ་ལས་མགྲིན་པ་གྱེན་དུ་བཏེག་ཅིང་ཆོས་དང་དད་པའི་རྗེས་སུ་འབྲང་བའི་མུ་སྟེགས་ངན་པའི་རི་དྭགས་དང་རི་དྭགས་མོས་པ་ཚོལ་བར་རུང་བ་ཆོས་ཀྱི་འཁོར་ལོའོ།།ཞེས་མངོན་པར་དགོངས་པ་རྣམས་པར་དག་པས་མགྲིན་པ་གྱེན་དུ་བཏེག་པའི་རི་དྭགས་དང་རི་དྭགས་མོའོ།།ཞེས་གསུངས།ཞེས་གསལ།  ཡང་ལ་ལས་གདུལ་བ་ལུང་ལས།བཅོམ་ལྡན་འདས་ཀྱིས་ཝཱ་ར་ཎཱ་སིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་བདེན་བཞི་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་བསྐོར་བས།དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་ཚིག་བླ་དྭགས་སུ་བཏགས་སོ།།ཞེས་གསུངས་པ་ལ་བརྟེན་ནས་རི་དྭགས་ཕོ་མོ་ཟུང་དེས་ཐོག་མར་ཆོས་འཁོར་བསྐོར་བའི་གནས་དང་།འཁོར་ལོས་སྟོན་པས་བདེན་བཞི་ལན་གསུམ་དུ་བཟླས་ཤིང་བསྐོར་ཏེ་ཆོས་གསུངས་པ་བཅས་ཀྱང་མཚོན་པར་བཤད།ཡང་འགའ་ཞིག་གིས་རི་དྭགས་ཕོ་མོ་ཟུང་གིས་གཞན་ལ་འཚེ་བ་མེད་པར་མཚོན་པ་དང་།འཁོར་ལོས་སྟོན་པ་བཅོམ་ལྡན་འདས་ཀྱིས་འཚེ་མེད་ཞི་བའི་དམ་པའི་ཆོས་གསུངས་པར་མཚོན་ཞེས་སྨྲ་བ་སོགས་འདྲ་མིན་སྣང་ངོ་།  གང་ལྟར་འདིའི་སྐོར་མཚོན་ཚུལ་འདྲ་མིན་བཤད་པ་དེ་དག་ཕན་ཚུན་འགལ་བར་ཡང་མི་སྣང་བ་མ་ཟད།དེ་དང་དེ་བཞིན་མཚོན་ཚུལ་ཡོད་པའང་འདི་ལྟར་ཡིན་པར་སེམས་ཏེ།དེ་ཡང་ས་བཅུ་པའི་མདོ་ལས།ངས་ནི་སྔོན་ཆད་སངས་རྒྱས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གཅིག་དྲན།།དེ་དག་དྲང་སྲོང་ཞེས་བྱ་ནགས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར།།ཞི་ཞིང་ཉེར་ཞི་བསམ་གཏན་མངོན་གྱུར་རྟག་ཏུ་རི་དྭགས་རྣམས་ཀྱིས་བསྟེན།།དེ་ཕྱིར་དྲང་སྲོང་ཞེས་བྱ་ནགས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར།།ཞེས་གསུངས་པ་ལྟར་ཆོས་འཁོར་གྱིས་སྟོན་པ་མཆོག་སངས་རྒྱས་པའི་དགོས་པ་གཙོ་བོ་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པའི་ཆེད་དུ་ཐར་ལམ་གྱི་མི་མཐུན་ཕྱོགས་ཆགས་སོགས་ཉོན་མོངས་པ་བག་ཆགས་དང་བཅས་པ་རྩད་ནས་གཅོད་བྱེད་མཛད་པ་ཀུན་གྱི་མཆོག་གསུང་གི་མཛད་པ་དེ་མཚོན་པ་དང་།རི་དྭགས་གཉིས་ཀྱིས་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་གནས་ཝཱ་ར་ཎཱ་སིར་རི་དྭགས་ཀྱི་ནགས་ཚལ་ལམ་རི་དྭགས་གནས་ཡུལ།གནས་དབེན་པ་དེ་འདྲ་ཞིག་ཡིན་པར་མཚོན་ལ།དེ་ཡང་སྟོན་པས་ཆོས་ཇི་ལྟར་གསུངས་པ་དེ་བཞིན་ཉམས་སུ་ལེན་པ་ལ།རི་དྭགས་བཞིན་དུ་དབེན་པའི་གནས་བསྟེན་ཏེ།ལུས་འདུ་འཛི་ལས་བསྲིང་ས་པ་དང་།སེམས་རྣམ་རྟོགས་ལས་བསྲིངས་ཤིང་དོན་ཉུང་བྱ་ཉུང་འདོད་ཆུང་ཆོག་ཤེས་བསྟེན་ནས་སྒོམ་སྒྲུབ་ཚུལ་བཞིན་བྱེད་དགོས་པ་མཚོན་པར་སྣང་།  ཡང་འཁོར་ལོས་སྟོན་པ་ལ་ཐོག་མར་ལྷ་ཚངས་པས་ཆོས་ཀྱི་ཆེ་བ་འདོན་པ་དང་།ཆོས་ཀྱི་འཁོར་ལོ་བསྐོར་བ་མཚོན་རྟེན།གསེར་གྱི་འཁོར་ལོ་ཕུལ་ཏེ་ཆོས་འཁོར་བསྐོར་བར་བསྐུལ་བ་དེ་མཚོན་ལ།འདིས་ནི་རང་ཅག་སྟོན་པའི་རྗེས་འཇུག་རྣམས་ཀྱིས་ཀྱང་དམ་པའི་སྐྱེས་བུ་གང་ལས་ཆོས་ཞུ་བར་ཡང་ཚུལ་དེ་དང་རྗེས་སུ་མཐུན་པར་ངེས་པར་བྱ་དགོས་པའང་གོ་དགོས་པ་ཡིན་པར་སྣང་།རི་དྭགས་ཟུང་དེས་སྔར་སྟོན་པ་ལ་ལྷ་ཚངས་པས་འཁོར་ལོ་ཕུལ་བའི་ཚེ།ནགས་ཚལ་ནས་སྤྲུལ་པའི་རི་དྭགས་ཕོ་མོ་གཉིས་ཐོན་ཏེ་འཁོར་ལོའི་གཡས་གཡོན་དུ་དགའ་མགུ་ཡི་རང་ཞིང་མིག་མི་འཛུམ་པར་བག་ཕབས་ཏེ་འཁོད་པ་དེ་མཚོན།  དེ་ཡང་སྟོན་པ་སངས་རྒྱས་ཀྱིས་སྔར་སློབ་པ་ལམ་གྱི་སྐབས་སུ་གདུལ་བྱ་རྣམས་ལ་མཁོ་བ་སྦྱིན་པ་དང་།སྙན་པ་སྨྲ་བ།དེ་དག་གི་དོན་ལ་སྤྱོད་པ།དོན་དང་མཐུན་པར་གནང་བ་བཅས་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་སྤྱོད་ཡུན་རིང་མཛད་པའི་མཐུས།ཆོས་འཁོར་བསྐོར་བའི་ཚེ་སྐལ་བ་དང་ལྡན་པའི་གདུལ་བྱ་སྐྱེ་ཕོ་མོའམ་དབང་རྣོན་ཆོས་ཀྱི་རྗེས་འབྲང་དང་དབང་རྟུལ་དད་པའི་རྗེས་འབྲང་རྣམས་གུས་ཤིང་དད་པའི་སྒོ་ནས་ངང་གིས་འདུ་ཞིང་ཆོས་ཉན་པའི་ཚེ།མདོ་ལས།ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གསུངས་པ་ལྟར།སྣོད་ཀྱི་སྐྱོན་གསུམ་སྤངས་ལ་འདུ་ཤེས་དྲུག་བསྟེན་པའི་སྒོ་ནས་མིག་མ་འཛུམ་པར་ཆོས་གསུང་བ་པོའི་སྐུའི་ཡོན་ཏན་མིག་གི་བདུད་རྩི་དེ་དག་ལེགས་པར་མཇལ་ཞིང་།རྣ་བས་རི་དྭགས་སྒྲ་སྙན་ལ་ཆགས་པ་ཇི་བཞིན་གསུང་གི་བདུད་རྩི་དམ་པའི་ཆོས་གང་གསུངས་པ་རྣམས་སྒོ་གསུམ་གུས་པ་ཆེན་པོའི་སྒོ་ནས་ལེགས་པར་ཉན་དགོས་པར་མཚོན་ལ།ཚུལ་འདི་ཉིད་ལྟར་ན་ནི་སྔོན་གྱི་བྱུང་བ་བཞིན་མཚོན་པར་སྣང་བས་གདུལ་བྱ་ཐུན་མོང་བར་གོ་བདེ་བར་ཡང་སྣང་།  ཡང་འཁོར་ལོས་ཆོས་སྟོན་པ་པོ་སངས་རྒྱས་དང་།རི་དྭགས་གཉིས་ཀྱིས་བསྟན་བྱ་འཚེ་བ་མེད་པ་དང་།བདག་མེད་པའི་ཆོས་བཅས་མཚོན་ཚུལ་ནི།དེ་ལ་ཆོས་འཁོར་སྐོར་བ་པོ་སྟོན་པ་བཅོམ་ལྡན་འདས་དེ་ཉིད་ནི་དམ་པའི་ཆོས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གཞན་ལ་གནོད་འཚེ་སྤོང་ཞིང་བཟོད་པ་བསྟེན་པ་དང་།བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་ཐབས་ཀྱི་ཕྱོགས་དང་།བདག་འཛིན་མ་རིག་པས་བཟུང་བ་ལྟར་གྱི་ཆོས་གང་ཡང་མེད་པ་རྟོགས་པའི་ཤེས་རབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྟན་ཏེ།སྐལ་བ་དང་ལྡནཔ་རྣམས་མངོན་མཐོ་དང་ངེས་ལེགས་ལ་འགོད་པར་མཛད་པ་པོའི་ཐབས་མཁས་ཐུགས་རྗེ་ཅན་ཞིག་ཡིན་པར་མཚོན་ལ།བསྟན་བྱའི་ཆོས་ནི།ཇི་ལྟར་བདག་ཅག་གི་སྟོན་པ་མཆོག་སྔར་སློབ་པ་ལམ་གྱི་གནས་སྐབས་སུ་རི་དྭགས་རུ་རུར་སྐྱེ་བའི་ཚུལ་བསྟན་པ་དེ་ཉིད་སེམས་ཅན་གཞན་ལ་གནོད་འཚེ་མེད་ཅིང་བྱམས་བརྩེ་དང་ལྡན་པ་ཞིག་ཡོད་པ་སྟོན་པའི་འཁྲུངས་རབས་སུ་གསལ་བ་ལྟར་རམ།ཡང་ན་རྫོགས་ཆེན་མཁྱེན་བརྩེ་འོད་ཟེར་གྱི་གསུང་གཏམ་ཚོགས་སུ།རི་དྭགས་ཀྲིཥྞསཱར་རམ།ཁྲི་གཉན་ནི་དཀོན་ལ་བྱམས་པའི་སེམས་དང་ལྡན་པས།ཁོ་གཞན་གྱིས་བསད་ཕྱིར་དེད་ཀྱང་འབྲོས་ལམ་གྱི་སྲོག་ཆགས་ཆུང་ངུ་རྣམས་ཀྱིས་འདིའི་པགས་པས་སྟན་མཛད་ཅིང་རིན་ཐང་ཆེ།འདིའི་གཅུས་རའི་སྒྲ་ཐོས་པའང་བྱང་ཆུབ་ཀྱི་སེམས་སྐྱེ་བས་འབུད་དུང་ཞིག་ལ་འདི་བཟང་ངོ་།།ཞེས་གསུངས་པ་དང་།ཡང་རྗེ་གུང་ཐང་བསྟན་པའི་སྒྲོན་མེའི་གསུང་ལྟ་ཟིན་དུ།འཕགས་པ་སྤྱན་རས་གཟིགས་ཀྱིས་སྙིང་རྗེ་ཆེན་པོ་མཚོན་བྱེད་ལ།གོང་གསལ་ལྟར་གྱི་བྱམས་བརྩེ་ཤིན་ཏུ་ཆེ་བའི་རི་དྭགས་སིལ་སྙན་ཟེར་བའི་པགས་པས་ནུ་མ་གཡོན་པར་བཀབ་པ་ཡིན་ཚུལ་གསལ་ན།ཁྲི་གཉན་དང་སིལ་སྙན་སོགས་མིང་གི་རྣམ་གྲངས་སམ།ཕལ་ཆེར་ལེགས་སྦྱར་སྐད་ཀྲིཥྞསཱར་ཞེས་པ་ཟུར་ཆག་པར་མངོན།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།