སེ་ར་ཕུར་མཇལ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-12-01 17:14:50     རྩོམ་པ་པོ།   དུང་དཀར་བློ་བཟང་འཕྲིན་ལས།    ཀློག་ཐེངས།  

ལོ་ལྟར་བོད་ཟླ་བཅུ་གཉིས་པའི་ཚེས་ཉེ་ཤུ་བདུན་ཉིན་ནི་སེ་ར་དགོན་པའི་བྱེས་གྲྭ་ཚང་དུ་ཡོད་པའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་མཇལ་པའི་དུས་ཆེན་དེར་ཡོངས་གྲགས་སུ་སེ་ར་ཕུར་མཇལ་ཞེས་ཟེར། བྱེས་མཁས་མང་འདུས་པའི་གྲྭ་ཚང་གི་རྟེན་གཙོ་རྟ་མགྲིན་ཡང་གསང་ཡབ་ཡུམ་དང་། དཔའ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་པ་འདི་གཉིས་ནི་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་གཞིས་ཀ་དཔའ་འབྱོར་ལྷུན་པོར་བཞུགས་སྐབས་ཡབ་རྟོགས་ལྡན་ཡོན་ཏན་མགོན་པོས་ཁྱེད་ཡི་དམ་འདི་དང་ཕུར་པ་འདི་མ་བྲལ་བ་གྱིས་ཞེས་ཕུལ་བར་གྲགས། དེའང་དང་ཐོག་ཕུར་པ་འདི་ནི་གྲུབ་ཐོབ་འདའ་འཕྱར་བ་གཏེར་མ་བྱིན་རླབས་ཤིན་ཏུ་ཆེ་བ་ཞིག་ཡིན་པའི་སྐོར་སྔར་སྦོབ་དཔོན་ཆེན་པོས་བཙན་པོ་དབང་རྒྱུད་གདམས་པ་དང་བཅས་གནང་ནས་རྟ་མགྲིན་ཡང་གསང་གི་ཆོས་སྐོར་དང་ལྷན་ཅིག་ཡེར་པ་སེ་བ་ལུང་གི་བྲག་ལ་གཏེར་དུ་སྦས་པ་གྲུབ་ཐོབ་འདས་འཕྱར་བས་གཏེར་ལས་བྱུང་། དེ་ནས་གཙང་དུ་བྭྱོན། ས་སྐྱ་པཎ་ཆེན་སྐྱིད་གྲོང་དུ་ཕེབས་པ་དང་མཇལ། འདས་འཕྱར་བས་ཞལ་འཆོལ་ནས་ཨོཾ་བཛྲ་ཀྱི་ལི་ཀྱི་ལ་ཡ་ཞེས་གསུངས་པའ་ས་སྐྱ་པཎ་ཆེན་གྱིས་དེ་མ་དག་བཛྲ་ཀི་ལི་ཀི་ལ་ཡ་ཟེར་བ་ཡིན་གསུངས་པར་འདས་འཕྱར་བས། སྔར་ཡང་བཛྲ་ཀྱི་ལི་ཡ། ད་ཡང་བཛྲ་ཀྱི་ལི་ཡ། སྔགས་མ་དག་ཀྱང་འདི་བཞིན་བྱེད་པ་ཡིན་གསུངས་ནས་བྲག་ལ་ཕུར་པ་བཏབ་པ་འདམ་ལ་ཟུག་པ་དང་ཁྱད་མེད་པ་བྱུང་བས་ས་སྐྱ་པཎ་ཆེན་གྱིས་ཁོང་གྲུབ་ཐོབ་ཏུ་མཁྱེན་ནས་མུ་སྟེགས་པ་དང་རྩོད་དུ་འགྲོ་བ་ཡིན་པས་དེའི་གྲོགས་སུ་ཁྱེས་འབྱོན་དགོས་གསུངས་ཏེ་མཉམ་དུ་ཕེབས། ས་སྐྱ་པཎ་ཆེན་དང་མུ་སྟེགས་འཕྲོག་བྱེད་དགའ་བོ་གཉིས་བལ་བོད་ས་མཚམས་སུ་ཉིད་བཅུ་གསུམ་གྱི་བར་རྩོད་ནས་མཐར་ས་སྐྱ་པཎ་ཆེན་རྩོད་པ་ལས་རྒྱལ་ཡང་གྲུབ་རྟགས་འགྲན་ཟེར་ནས་ནམ་མཁར་འཕུར་བས་ས་སྐྱ་པཎ་ཆེན་གྱིས་འདའ་འཕྱར་འབོད། འདས་འཕྱར་གྱིས་ཕུར་པ་བཏབ་པས་མུ་སྟེགས་པ་བྱ་ལ་རྡོ་ཕོག་པ་བཞིན་ས་ལ་ལྷུངས་ཤིང་རིང་མིན་ལྔ་ལམ་དུ་བཏང་། རྗེས་སུ་མུས་སྲད་དུ་བྱོ་ནས་གཙུག་ལག་ཁང་གི་རྟེན་གཙོ་ཕུར་པ་འདི་བཞག་དེ་ནས་རིམ་བརྒྱུད་ཀྱིས་རྟོགས་ལྡན་ཡོད་ཏན་མགོན་པོའི་ཕྱག་ཏུ་བྱུང་བ་རང་གི་སྲས་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེར་བསྩལ། ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་ནི་རྗེ་ཙོང་ཁ་པའི་དངོས་སློབ་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་ཀྱི་ཡ་གྱལ་ཡིན་པ་དེས་སེ་ར་ཐེག་ཆེན་གླིང་གི་མཁས་མང་བྱེས་གྲྭ་ཚང་བཏབ་ཅིང་། ཕུར་པ་དེ་ནང་རྟེན་དུ་བཞུགས། རྗེས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་སུ་ཕུར་མཇའ་གནང་བའི་སྲོལ་དར། དེ་ཉིད་སེར་བྱེས་གྲྭ་ཚང་གི་འདུ་ཁང་ནང་རྟ་མགྲིམ་ཡང་གསང་གཙོ་བཞུགས་ཀྱི་གོས་ཐང་ཆེན་པོ་ཞིག་བཀྲམས། སྒོ་མཆོར་ལ་མཆོད་རྫས་ཟབ་རྒྱས་སྤྲས། སྒོ་མཆོར་འོག་ནུབ་ངོས་བརྩིགས་འགྲམ་དུ་བཞུགས་ཁྲི་རྒྱབ་ཡོལ་བླ་བྲེ་སོགས་ཕུན་སུམ་ཚོགས་པ་བཤམས། ཞོགས་པ་སྔ་པོ་ནས་སེར་བྱེས་དབུ་མཛད་སོགས་ལས་སྣེ་རྣམས་གཟའ་མཆོར་གྱོན་ཞིང་རྟ་ཧྲག་སྒྲིག་སྟེ་ཕུར་པ་དེ་ཏཱ་ལའི་བླ་མ་དང་བླ་དཔོན་ཆེ་ཁག་གི་སར་མཇའ་ཁ་ཕུལ་རྗེས་སེ་རར་ལོག། སེར་བྱེས་མཁན་པོ་སྒོ་མཚོད་འོག་གི་ཁྲི་དེའི་སྟེང་གོས་བེར་དང་པཎ་ཞཱ་སེར་པོ་མནབས་ཏེ་བཞུགས་ནས་ཕུར་པ་ཕྱག་ཏུ་ཐོགས། མཇལ་ཞུ་བ་རེ་རེ་བཞིན་གྱི་མགོ་བོར་བྱིན་བརླབས་གནང་བ་ཡིན་ཅིང་། ཕུར་པ་འདིའི་སྐོར་ཞིབ་ཕྲ་རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་ཏུ་གསལ་ཞིང་གང་ལྟར་ཕུར་པ་དེ་ཤིན་ཏུ་བྱིན་ཅན་ཞིན་ཏུ་བརྩིས་ནས་ལོ་ལྟར་གོང་ཚེས་ཉིན་མཇལ་ཁ་གཏོང་སྐབས་ཉེ་འདབས་གྲོང་གསེབ་པ་དང་། ལྷ་ས་བ་མང་པོ་མཆོད་མཇལ་དུ་བསྐྱོད་སྲོལ་ཡོད།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།