རྡོ་སྦིས་དགེ་བཤེས་ཀྱིས་ལ་མོའི་ཡོངས་འཛིན་རིན་པོ་ཆེར་ཕུལ་བའི་འཕྲིན་ཡིག་གསུམ།
སྲིད་རིས་ཡོངས་ལ་བལྟ་བའི་མིག་འཛིན་ཀྱཻ།།
སྟོན་པས་མ་བྱས་པ་དང་མི་འཕྲད་ཅིང་།།
བྱས་པ་ཆུད་མི་ཟ་ཞེས་གསུངས་པ་སོམས།།
བཅིང་གྲོལ་ལས་ཀྱི་གཞན་དབང་ངོ་རེ་མཚར།།
དེ་ལ་འཇིགས་བྲལ་དགའ་མགུའི་སེང་གེར་མཛོད།།
ཅི་མི་སྙམ་པར་རྐྱེན་ངན་ལམ་སློང་གི་ངང་ནས་ཆོས་དང་ཤེད་ཤུགས་ཕྱོགས་བཅུར་འཕྲོས་པ་ལ་ལྟོས། ངུར་སྨྲིག་ཁོན། ཡ་ང་བག་ཚ་མི་དགོས། སྐྱིད་པོར་སྡོད། རིང་མིན་བརྩེ་འཛུམ་གྱིས་འགེབས་པར་ངེས་སོ་ཨང་། ཁོ་བོའི་ངག་རྩོམ་པོད་གཅིག་ཡིད་གསོས་སུ་བསྲིངས།
ཡོངས་སུ་འཛིན་པ་རྫུན་གྱི་རིས།།
ལས་ཀྱི་རྒྱུ་མ་དམ་པའི་དོན།།
དེ་ཕྱིར་གང་ལ་འང་མི་འཚར་བར།།
བསླུ་མེད་གཏད་མེད་ཡིད་ལ་ཀྱིས།།
སྣང་བ་གདོང་འདེད་གཡག་གཏུམ་ཞོལ།།
གང་ཡང་ཟག་ཟད་བདེ་བའི་དངོས།།
ཡ་ང་བག་ཚའི་ཆོམ་རྐུན་ལ།།
རྣམ་པ་ཀུན་ཏུ་མེལ་ཚེ་ཚུགས།།
ཡོངས་དག་ཐབས་དང་ཤེས་རབ་ཀྱིས།།
འཛིན་མ་བྱམས་སྐྱོང་དམ་པའི་མགོན།།
ཡོངས་ལ་ངན་གཡོ་ཁྲི་འབུམ་གྱིས།།
འཛིན་ཐབས་ལྷུར་ལེན་བཙན་རྒྱལ་ལུགས།།
སྲིད་ཞིར་བླངས་དང་དོར་བྱའི་གནས།།
ནང་གི་གློག་ཞགས་ལྷང་ངེ་བས།།
ཕུན་ཚོགས་ལེགས་པའི་རྩེ་མོ་ལ།།
འགུགས་མཁས་བཀའ་གདམས་སྐྱེས་བུའི་ཕུལ།།
ཤེས་རབ་རྒྱ་མཚོ་ཤེས་ཤེས་བྱའི་མཛོད་ཆེན་པོས།།
ཐར་བའི་ཤུལ་ལ་ཐར་བའི་སྒོ་ཕྱེ་འོ།།
བརྒྱད་ཅུའི་རྒན་པོ་བསམ་སྦྱོར་གཉིས་དཀར་གྱིས།།
བརྒྱད་བདུན་ལྟ་བུ་དེ་ལ་གཉིས་པར་གདམས།།
སྣང་བ་ལམ་དུ་བསླངས་ནས་སྐྱིད་པོར་སྡོད།།
རིམ་གྱིས་རེ་སྨོན་འོང་ངེས་ཟླ་ཚེས་ལའོ།།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn