རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་ཚང་གི་ལམ་རིམ་ཆེན་མོའི་སྔོན་འགྲོའི་གསུང་བཤད་ཟིན་བྲིས་ལུགས་གཉིས་མུན་སེལ་སྙིང་གི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-27 20:08:44     རྩོམ་པ་པོ།   རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་    ཀློག་ཐེངས།  

 

འོ་ལགས་སོ།། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོབ་བྱ་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་འདི་ལྟ་བུ་ལེགས་པར་གསན་སྙམ་པའི་ཀུན་སློང་ཁྱད་པར་ཅན་གྱིས་རྩིས་ཟིན་པའི་སྒོ་ནས་གསན་པར་ཞུ། གསན་བྱ་དམ་པའི་ཆོས་ནི་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱིས་ཉམས་སུ་བླངས་པའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པར་བསྡུས་པ། དཔལ་ཨ་ཏི་ཤ་དང་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་རྣམ་གཉིས་ཀྱི་ཐུགས་བཅུད་དུ་བྱུང་བའི་ཉིང་ཁུ། སྐལ་བ་དང་ལྡན་པའི་གདུལ་བྱ་སངས་རྒྱས་ཀྱི་སར་ཚུད་པའི་ཚད། བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་གི་རྒྱུན་འབུལ་བར་བྱེད་པ་གང་བཤད་པར་བྱ་བའི་ཆོས་ཡིན་པ་དང་།

བྱང་ཆུབ་ལམ་རིམ་ཆེན་མོ་འདི་ཉིད་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་དགུང་ལོ་བཞི་བཅུ་ཞེ་ལྔ་ཞེ་དྲུག་གི་སྐབས་སུ་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ་གསུང་བ་ཡིན་ཞིང་། འདི་གསུངས་དུས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཞལ་གཟིགས་པ་དང་། དེ་ནས་ཇོ་འབྲོམ་ཡབ་སྲས་གསུམ་གྱིས་ཟླ་བ་གཅིག་གི་བར་དུ་ཞལ་གཟིགས་ནས། དེ་ཐམས་ཅད་ཀྱི་ཐུགས་ཀྱི་བཅུད་བྱུང་བའི་ཉིང་ཁུ་ཡིན། དེ་ལྟར་དུ་ཁོང་རིག་གིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་གསུང་སངས་རྒྱས་སུ་བགྲོད་པའི་ལམ་གྱི་རིམ་པ་འདི་ཉིད་ཡི་གེར་བཀོད་པ་ཡིན། དེ་ཡིན་པའི་རྒྱུ་མཚན་ཡང་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ལམ་རིམ་སྨོན་ལམ་ལས་གསུངས་པ་ལྟར། སྲས་བཅས་རྒྱལ་བའི་རྨད་བྱུང་འཕྲིན་ལས་ལས།། ལེགས་གྲུབ་བྱང་ཆུབ་ལམ་གྱི་རིམ་པས་ཀྱང་།། ཐར་འདོད་རྣམས་ཀྱི་ཡིད་ལ་དཔལ་སྟེར་ཞིང་།། རྒྱལ་བའི་མཛད་པ་རིང་དུ་སྐྱོང་ཞེས་གསུངས་པ་ལྟར། རང་ཅག་རྣམས་ལ་གལ་ཆེན་ཡིན་པས་གལ་ཆེན་དུ་ཡང་བྱེད་དགོས། ད་རེས་སྦྱིན་བདག་དང་ཡོན་མཆོད་གཉིས་ཟུང་དུ་འབྲེལ་བ་ཡིན་ནའང་། འདི་ཁྲོམ་ཆོས་སུ་བྱེད་རྒྱུ་མིན་པར་ཆིག་བརྒྱུད་ཀྱི་གདམས་པ་ཡིན་པས། འདི་བཤད་རྒྱུའི་སྐབས་ལ་ལམ་རིམ་བླ་བརྒྱུད་དང་ལམ་མཆོག་སྒོ་འབྱེད་ནས་གསུངས་པ་ལྟར། དེ་རེ་རེ་ལ་བཤད་རྒྱུའི་གསང་གཏམ་ལྟ་བུ་ཡིན་མོད། ད་རེས་ཁྲོམ་ཆོས་སུ་བྱེད་རྒྱུ་དེ་ཉིད་དམ་ཅན་ཆོས་ཀྱི་རྒྱལ་བོ་སོགས་ལ་གནང་བ་ཞུས་ཏེ་བཤད་པ་ཡིན། འདི་ཉིད་ཆོས་རྣམ་པར་དག་པ་ཡིན་མིན་ལམ་རིམ་ལས་གསུངས་པ་ལྟར། ཚད་ཐིག་དེའི་སྟེང་དུ་བཞག་ན་ཆོས་རྣམ་པར་དག་པ་ཡིན་པས། རང་གིས་རང་བཟོ་བྱས་ན་ཆོས་རྣམ་པར་དག་པ་མ་ཡིན་ནོ།།

 དེ་ན་རང་ཅག་རྣམས་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་རྟེན་བཟང་རིན་པོ་ཆེ་ཐོབ་པ་ཡིན་པས། འདི་ཚོར་དགའ་བ་སྒོམ་དགོས་པ་དང་། ལམ་རིམ་ཆེན་མོའི་ཆོས་ཉན་རྒྱུ་བྱུང་ཟེར་བ་འདི་འདྲ་དགོན་པ་སོ་སོ་ནའང་ཧ་ཅང་དཀོན་པ་ཡིན་ཏེ།དབང་བསྐུར་རྒྱུ་མང་བ་ཡོད་མོད་ཀྱང་། ལམ་རིམ་བཤད་པ་ཧ་ཅང་གི་ཉུང་བ་ཡིན། དེ་ན་ལམ་རིམ་འདི་བཤད་པའི་སྐབས་ལ་གཙོ་བོ་ལམ་གྱི་རིམ་པ་འདི་གང་འདྲ་བ་ཞིག་རེད་ཟེར་ན། སངས་རྒྱས་སུ་བགྲོད་བྱེད། ཐར་བའི་ལམ་འཐོབ་བྱེད། ངན་སོང་གི་སྐྱེ་སྒོ་འགོག་བྱེད། སྐྱེས་པ་ཕྱི་མ་མངོན་མཐོའི་རྟེན་ཁྱད་པར་ཅན་འཐོབ་པའི་ཐབས། དེ་བཞིན་དུ་རང་གི་སེམས་ཀྱིས་ནུས་ན་ཐར་བའི་གོ་འཕང་འཐོབ་བྱེད་ཀྱི་ཐབས། ཡང་དེ་ལས་ཀྱང་རང་ཅག་རྣམས་ཀྱིས་བསྒྲུབ་ཐུབ་ན་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་བྱེད་ཀྱི་ལམ་ལ་བགྲོད་བྱེད་ཀྱི་ལམ་ཡིག་ལྟ་བུ་ཡིན། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་ལམ་གྱི་རིམ་པ་གཙོ་བོ་མང་བོ་གསུངས་པ་ཡོད་མོད་ཀྱང་། ཁོང་རིག་གིས་ཕྱོགས་གཅིག་ཏུ་བསྡུས་ནས་སྒྲུབ་ཐབས་དང་ཆོག་བསྒྲིགས་ལྟ་བུ་བྱས་པ་ཡིན་པ་ངོས་ཟིན་པར་བྱེད་དགོས་པ་ཡིན་ནོ།། དེ་ནས་ཆོས་འདི་ཉམས་སུ་ལེན་པ་ལ་མཉམ་མེད་ཇོ་བོ་ཆེན་པོའི་ཞལ་ནས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་།། ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས།། ངང་བས་ཆུ་ལས་འོ་མ་ལེན་པ་ལྟར།། རང་གི་འདོད་པ་དང་དུ་བླང་བར་བྱ།། ཞེས་གསུངས་པ་འདིས་སྐྱེས་བུ་གསུམ་གྱི་ལམ་རིམ་ཆ་ཚང་བ་གསུངས་པ་ཡིན་ལ། དེའི་དང་བོ་ཚེ་ནི་ཡུན་ཐུང་ཞེས་པ་འུ་ཚོར་རྟེན་འབྲེལ་མི་ལེགས་པ་ལྟ་བུ་ཞིག་སྣང་སྟེ། འུ་ཚོས་ཚེ་རིང་དགོས་པ་དང་། ནད་མེད་དགོས་པ་དེ་འདྲ་སྨོན་གྱིན་ཡོད་པ་རེད། ཚེ་རིང་བ་དང་ནད་མེད་པར་གྱུར་ན་དགའ་རྒྱུ་ཡིན་པ་དང་། ཕྱུག་པོར་ལོག་དགོས་པ། འདི་བྱེད་དགོས་པ། གན་བྱེད་དགོས་པ་སོགས་བྱ་བ་རྣམ་པ་སྣ་ཚོགས་བྱེད་དགོས་པ་དེ་འདྲ་ཞིག་རེད། ཡིན་ནའང་། ཚེ་འདི་ཡུན་རིང་བ་ཞིག་མ་རེད། ཚེ་འདི་ཡུན་ཐུང་བའི་རྒྱུ་མཚན་སློབ་དཔོན་དབྱིག་གི་གཉེན་པོས། འདི་ན་མ་ངེས་ཐ་མར་ནི།། ལོ་བཅུ་དང་བོ་དཔག་ཏུ་མེད། །ཅེས་གསུངས་པ་ལྟར།

འུ་ཚོ་འཛམ་གླིང་ལས་ཀྱིས་ས་བ་ཡིན་པའི་སྟབས། འཛམ་གླིང་གི་ལུས་རྟེན་འདི་ཉིད་ནམ་ཤི་རྒྱུ། ནམ་འཇིག་རྒྱུ་ཧ་མི་གོ་བ་ལྟ་བུ་ཡིན། ཡང་རང་གི་ཕ་མ་བུ་ཕྲུག་དེ་ཚོ་ཐམས་ཅད་ལ་འདང་བརྒྱབ་ན་ཚེ་ཡི་ཚད་ཅུང་ཟད་ཙམ་ཡང་མི་ཤེས་པ་ཡིན། ལ་ལ་མངལ་ནས་འཆི་བ་དང་། ལ་ལ་གོག་ཙམ་ནས་འཆི་བ། ལ་ལ་རྒས་ནས་འཆི་བ། ལ་ལ་དར་ལ་བབས་ནས་འཆི་བ་མངོན་སུམ་དུ་གྲུབ་པ་ཡིན་པས། དེ་ཚོར་འདང་ཞིག་བརྒྱབ་བསྡད་ནས། གྲོང་བ་ཚོ་ལྟ་བུར་མཚོན་ན་རང་གི་རུ་སྡེ་དཀྱིལ་གསུམ། ཁྱིམ་མཚེས་གཡས་གཡོན་ལ་འགྲིག་ནི་འཕྲོད་ནི་བྱོས། སྡེ་བའི་ནང་ཁ་འཆམ་གྲོས་འགྲིག་ཡོང་དགོས། ཡང་གྲྭ་ཚང་འདུས་པ་རྒྱ་མཚོ་ལྟ་བུ་ལ་མཚོན་ན་ཐུགས་མཐུན་ཁྲིམས་གཙང་ཡོང་། གྲ་དག་པ་བྱོས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་ཚུལ་གང་གང་རེད་ཟེེར་ན། རང་གི་བགོ་སྐལ་ལྷ་སྡེ་འདི་ཡིན་པས། འདི་ཚོའི་མི་གཅིག་ལ་ཁ་མིག་ཡར་ལྟ་ཡོང་རྒྱུའི་བྱ་བ་འདི་བསྒྲུབ་སོང་ན་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཐུགས་དགོངས་རྫོགས་པ་རེད། རང་གི་དོན་ཁོ་ན་འདང་བརྒྱབ་ནས། རང་སྐྱིད་ཐབས་བདེ་ཐབས། རང་གཅིག་པོའི་བྱ་བ་འགྲིག་ནི་ཞིག་ཡིན་ན། རང་གི་ཁྱིམ་ཚང་གཅིག་པོར་བཟའ་འདོན་བྱེད་པ་ལྟ་བུ་ཡིན། ཡང་བཟའ་བ་དེ་ཉིད་ལ་བློ་ཁོག་ཇེ་ཆེ་རུ་སོང་ན་ཁྱིམ་མཚེས་གཡས་གཡོན་དང་། ཡང་དེ་ལས་བློ་ཁོག་ཆེན་པོ་ཞིག་གི་ལོག་ན་སྡེ་བའི་སྡེ་དོན་ལས། དེར་རང་གིས་འདང་བརྒྱབ། དེ་ཚོ་སྐྱིད་ཐབས་བདེ་ཐབས། དེང་སང་གང་ཡིན་ན་ཧ་གོ་རྒྱུ་ཡོད་པ་ལྟ་བུ་རེད། ཡང་སྡེ་བ་ཞིག་གི་འགོ་བདག་བྱེད་མཁན་ཡུལ་ཚོའི་ལས་བྱེད་པ་ཞིག་ཡིན་ན། རང་གི་ཡུལ་ཚོ་དང་དེ་ཐམས་ཅད་པོར་འགོ་འདྲེན་ཞིག་བྱས་ནས་སྡེ་བ་འདི་སྐྱོང་དགོས་ཏེ།སྡེ་བ་འདིར་སྐྱིད་ཐབས་བདེ་ཐབས་ཀྱི་བྱ་བ་སྒྲུབ་མཁན་ཡིན་མོད།དེ་སྒྲུབ་རྒྱུ་བཞག་སྟེ།རང་གི་སྐྱིད་ཐབས་བདེ་ཐབས་བསྒྲུབས་ནས།རང་གིས་ནོམ་པ་ཟ་ཐབས།རང་གི་ཟླ་ཕོག་ལེན་ཐབས།རང་གི་འཚོ་བ་སྒྲུབ་ཐབས་བྱེད་ཀྱིན་འདུག ད་དེ་འདྲ་བྱེད་གཏོང་དུས་ཧ་ཅང་སྐྱོ་བོ་ཞིག་ཡིན་ནི་རེད།ཚེ་ཚད་ལ་འདང་མ་བརྒྱབ་ནི་རེད།འདི་འདྲ་ཐམས་ཅད་ཀྱིས་དེ་རིང་གནངས་ཀ་འདང་བརྒྱབ་ན་འུ་ཚོས་མྱིག་གི་རིག་རྒྱུ་ཡོད་པ་ལྟ་བུ་རེད། ད་ཆེ་ས་དང་མཐོ་ས་ནས་དམའ་སར་ལྷུང་ནས་དེ་རིང་གནངས་ཀ་ཧ་ཅང་གི་ཉོག་དྲའི་སྒང་ཡིན་པ་འུ་ཚོས་མིག་གིས་རིག་གི་ཡོད།ཅིག་མ་ཅིག་ལྷུང་སོང་ཟིག་ཅེས་པའང་རང་གི་སྐྱིད་ཐབས་བདེ་ཐབས་ལས་པ་དེ་མ་འགྲིག་ཡོད་ནི་རེད།རང་གི་སྐྱིད་ཐབས་བདེ་ཐབས་ལས་བཏང་ན།དཔེ་བླངས་ན་བཤེས་སྤྲིངས་ལས་གསུངས་པ་ལྟར།བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི།།ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་།།འཁོར་ལོས་བསྒྱུར་བ་ཉིད་དུ་གྱུར་ནས་ཀྱང་།།འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར།།ཞེས་གསུངས་པ་ལྟར་རྒྱལ་བོ་ང་ལ་ནུའི་རྟོགས་བརྗོད་ཡོད་པ་དེ་འདྲ་རེད།རྒྱལ་བོ་ང་ལས་ནུ་གསེར་གྱི་འཁོར་བསྒྱུར་ཡིན་པས་གླིང་བཞི་གླིང་ཕྲན་བརྒྱད་ལ་སོགས་པ་དབང་བསྒྱུར།དེས་མི་ཚད་རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་ལའང་དབང་བསྒྱུར་བྱས།དེ་ནས་ལྷས་དབང་བོ་བརྒྱ་བྱིན་དང་རྒྱལ་རབས་སུམ་ཅུ་སོ་དྲུག་གི་རིང་དུ་གཉིས་ཀ་ཁྲི་ཐོག་གཅིག་ཏུ་བསྡད་ནས་སུམ་ཅུ་རྩ་གསུམ་ལ་དབང་བསྒྱུར་བྱས་ནས་བསྡད།དེ་ནས་དང་བོ་ཁོ་རང་རྒྱལ་བོར་འཇོག་དུས་ཅི་ཞིག་བྱས་ནི་རེད་ཟེར་ན།རྒྱལ་བོར་འཇོག་དུས་སུ་གསེར་གྱི་འཁོར་ལོས་དབང་བསྒྱུར་བར་སྟེར་མཁན་ཏེ། གསེར་གྱི་རྒྱལ་སྲིད་སྣ་བདུན་ནང་གི་འཁོར་ལོ་སྟེར་མཁན་བརྒྱ་བྱིན་རེད།བརྒྱ་བྱིན་གྱིས་བྱིན་ནའང་བར་ཞིག་ལ་ཁོ་གཅིག་པོ་དཔོན་པོ་བྱས་ནས་བསྡད་ན་བཟང་གི་བསམས་ནས་ཁོའི་སེམས་ལ་ལོག་ལྟ་དེ་འདྲ་བ་སྐྱེས་ནས་ནི་རེད།དེ་བྱས་ནའང་བསོད་ནམས་ཟད་སོང་བས་ཁྲི་ཐོག་ནས་ལྷུང་སོང་ནི་རེད།དཔེ་དེ་དང་མཚུངས་བའོ།།དེ་འདྲ་ཞིག་རེད།ད་ཁ་འཕྲོ་༼འགོ་བ༽ཞིག་ཡིན་ན།གང་ཞིག་ཡིན་ན།སྡེ་བ་འདིའི་ཁ་འཕྲོ་དང་།སྡེ་བ་འདིའི་སྡེ་དཔོན་ཡིན་པས།སྡེ་བ་འདིར་སྐྱིད་ཐབས་བདེ་ཐབས།འདིའི་འཚོ་བ་སྒྲུབ་ཐབས་བྱེད་པ་ལས།རང་གི་ཁ་དོན་ཕོ་དོན་གཅིག་པོར་འདང་བརྒྱག་མི་ཉན། དེ་ཚོ་ཐམས་ཅད་པོ་དགེ་འདུན་པ་རྣམ་པ་ཚོ་ཡིན་ན་ཅི་བཤད་རྒྱུ།

 གྲྭ་ཚང་འདུས་པ་རྒྱ་མཚོས་ལམ་རིམ་ཆེན་མོའི་བཤད་ལུང་ཞིག་ཞུས་ནས་ད་ཐེངས་ཀྱི་སྐབས་སུ་ཡོན་མཆོད་གཉིས་ཏེ། ཡོན་བདག་དང་རང་གི་མཆོད་གནས་བྱེད་སའི་དགོན་པ་གྲྭ་ཚང་དང་གྲལ་གཅིག་ཏུ་ལམ་རིམ་ཆེན་མོའི་བཤད་ལུང་ཞིག་ཉན་རྒྱུ་བྱུང་བ་ད་རེས་ཙམ་མ་གཏོགས་དཀའ་ནི་རེད།རྗེས་སུ་ཧ་ཅང་མེད་རྒྱུ་ཅན་ཏེ། ང་ཡང་མི་རྟག་པ་ཡིན་པ་དང་། ཡང་སུ་ཡིན་ན་མི་རྟག་པ་ཡིན་པས།འཆི་བདག་གཤིན་རྗེའི་ཁར་ཚུད་ཡོད་པ་དང་། དེ་ཚོ་ཐམས་ཅད་དགའ་བ་བསྒོམས་ཏེ།དད་པ་དག་སྣང་གི་སྒོ་ནས་ཉན་དགོས་ནི་རེད།དེའི་སྟབས་མཉམ་མེད་ཇོ་བོ་ཆེན་པོས།ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་ཟེར་ནི་རེད། ཚེ་འདི་ཡུན་ཐུང་ཐུང་ཞིག་རེད། ཧ་ཅང་རིང་ན་ལོ་བདུན་བཅུ་བརྒྱད་ཅུ་རེད། དེ་རིང་མཐའ་ཅན་པོ་རེད།ཤེས་བྱའི་རྣམ་པ་མང་བས་ཤེས་རྒྱུ་མང་བོ་ཞིག་ཡོད་ཅིང་། ཚེ་ཚད་གཅིག་ལ་མི་ཤེས་ཞེས་བཤད་ནི་རེད།ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་།།ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས།།ད་འུ་ཚོས་རང་གི་ཚེ་ཚད་མི་ཤེས་མོད། དོན་དག་དགོས་མི་དགོས་པར་མི་བསད།དོན་དག་དགོས་མི་དགོས་པར་རྡུང་རེས་བརྒྱབ།སྡིག་པ་རྣམ་པ་སྣ་ཚོགས་བྱས།ལུས་ཀྱི་ལས་ནི་རྣམ་པ་གསུམ།། ངག་གི་རྣམ་པ་བཞི་དང་ནི།། གང་ཡང་ཡིད་ཀྱི་རྣམ་གསུམ་པོ།། ཞེས་པ་ལྟར་སྲོག་གཅོད་པར་འཛེམ་རྒྱུ་མེད། རྐུ་བྱེད་པར་འཛེམ་རྒྱུ་མེད།ཇག་རྐུས་ཁྲམ་གསུམ་བྱེད་པར་འཛེམ་རྒྱུ་མེད། རང་སྐྱིད་སོང་ན་ལོག་གཡེམ་བྱེད་པར་འཛེམ་རྒྱུ་མེད། རྫུན་ཕྲ་མ་ཚིག་རྩུབ་ངག་འཆལ་བྱེད་པར་འཛེམ་རྒྱུ་མེད།ད་དེ་འདྲ་ཞིག་རེད།དེ་ནས་བརྣབ་སེམས་གནོད་སེམས་དང་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་པོས་ཀུན་ནས་བསླངས་ཏེ། བྱ་བ་ཐམས་ཅད་པོ་ནམ་ལངས་ནས་ས་རུབ་པའི་བར་དུ། གྲོང་བ་ཚོ་འདྲ་ན་དེང་སང་ཧ་ཅང་ང་བརྒྱད་དང་མི་གཅིག་པ་ཡིན།ང་བརྒྱད་ཀྱི་ལོ་ལྟ་བུ་ཡིན་ན། རྒྱ་ཡི་བྱ་བ་ལས་སྲོལ་རང་གི་ཐོག་ཏུ་གབ་ཡོད་པ་ལྟ་བུ་རེད། གོན་རྒྱུ་ལྟ་བུ་རེད།དེང་སང་ཐམས་ཅད་ཀྱི་སེམས་ལ་ཞུགས་སོང་བས། སློབ་གྲྭའི་ནང་བུད་སོང་ན་གྲྭ་བ་བྱེད་རྒྱུ་མི་དགའ་བ། སློབ་གྲྭའི་ནང་སོང་ནས་དེའི་སྤྱོད་ལམ་བྱེད་རྒྱུར་དགའ་བ། ཡིན་རྒྱུ་ཅི་ཞིག་རེད་ཟེར་ན་ཟླ་ཕོག་འབབ་པས་ཚེ་འདི་གཅིག་པོར་འདང་བརྒྱབ་ནི་རེད།ཚེ་ཕྱི་མ་ཅུང་ཟད་ཙམ་ཡང་འདང་མ་བརྒྱབ་པའི་རྟགས་རེད།ཚེ་མེད་པའི་༼ཐུང་བ༽རྟགས་ཡིན།དེའི་ངན་རྟགས་ས་ཁར་འབུད་ཀྱི་ཡོད་པ་འདྲ་ཞིག་རེད།ཚེ་འདིར་དོང་ཙེ་ཞིག་གཞན་གྱི་ལག་ནས་བུད་ཡོང་ན་སྙམ་པ་སོགས་གང་ཡིན་ན་དེ་ལྟ་བུ་རེད། དེ་ཚོ་ཐམས་ཅད་པོར་འདང་བརྒྱབ་ནས་བྱིས་པ་ཚོར་ཁ་ཏ་བསླབ་སྦྱོང་བྱས་ནས། བོད་འདི་ཆོས་ལྡན་གྱི་ཞིང་ཁམས་ཡིན་པའི་སྟབས་ཀྱིས།ནངས་དུས་སྔ་མོར་སྐྱབས་འགྲོ་རེ་འདོན་རྒྱུ།ཡང་ནངས་དུས་སྔ་མོར་རང་གིས་བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ།།ཞེས་འདོན་རྒྱུ། སྔོན་ཆད་ཡིན་ན་གྲོང་བའི་ཨ་ཡེ་ཚོ་ཆུ་ལེན་དུ་སོང་ནའང་ནངས་དུས་སྔ་མོར་སྐྱབས་འགྲོ་བཏོན།དེ་ནས་ཐོམ་བུ་གསུམ་ཡར་ལ་མཆོད་ནས་བླ་མ་ཡི་དམ་དཀོན་མཆོག་གསུམ་པོར་མཆོད་ཅེས་བརྗོད་ནས་ཆུ་ཁུར་ཡོང་ནི་དེ་འདྲ་ཞིག་ཡིན།དེ་རིང་གནངས་ཀ་བྱིས་པ་ཚོར་རྒྱ་གླུ་ལེན་དུ་བཅུག  ནངས་དུས་སྔ་མོ་ནས་རྒྱ་གླུ་བླངས་ནས་ཁ་ནང་ན་བིང་བིང་བིང་ཞེས་པ་དེ་འདྲའི་ལ་བེ་ལོ་བེ་བྱེད་ཀྱིན་འདུག་པ་ལ། དེ་བྱེད་རྒྱུ་མ་རེད། འདི་བྱེད་དགོས་ནི་རེད། འུ་ཚོ་ཤི་དགོས་ནི་རེད། ཤི་སོང་ན་ངན་སོང་སྟེ་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་ཞེས་འགྲོ་ས་ཞིག་ཡོད་ནི་རེད། སྐྱབས་འགྲོ་རེ་བྱོས་ཟེར་ན་ཆོག་མོད་ཀྱང་།ད་ལོ་ལོ་རིགས་པས་མི་ཟེར་བ་ལྟ་བུ། འདི་ཚོའི་ཁོག་ལ་ཅིག་ཞུགས་བསྡད་འདུག གང་ཡིན་ས་ཕལ་ཆེར་དེ་འདྲ་རེད།

དེའི་སྟབས་ཀྱིས་ལས་བྱེད་པ་ཡིན་ན་བཟང་མོད། ལས་བྱེད་པ་ཡིན་ན་བྱ་བ་ལས་པའི་གོ་མི་ཆོད་པས།ད་གཡོག་པོ་མིན་པས་ཅུང་ཉན་གྱིན་མི་འདུག    ཡང་རྒྱལ་ཁབ་ཀྱི་ཁུར་བོ་རེད། དེར་ཟླ་ཕོག་སྟེར་དགོས་ནི་རེད། འུ་ཚོས་སྡུག་དག་པའི་༼མྱོང་བ༽དོང་ཙེ་རིགས་པ་ཁྲལ་རྒྱག་ཁ་འདྲ་བ་དེ་འདྲ་བྱས་ནས་སྟེར་དགོས་ནི་རེད། གོ་མི་ཆོད་པ་རིགས་པར་དོང་ཙེ་སྟེར་དགོས་ནི་རེད།དེར་ལྟོས་ན་རང་གི་ཕ་མ་རིགས་པ་གཉོར་ནས་ཡུལ་ནས་བསྡད་དེ། གྲ་དག་བྱས་ཏེ་གྲལ་གཅིག་ལ་བཟའ་ཚང་བྱས་ནས་བསྡད་བཞག་ན་མི་བཟང་ངམ།དེ་ཡིས་བསྡད་བཞག་ན་སྐྱིད་པོ་བདེ་མོ་མ་རེད་དམ།རང་གི་ཕ་མ་རིགས་པར་གཡོག་བྱས་ནས་གྲ་དག་བྱས་ནས་བསྡད་བཞག་ན་མི་བཟང་ངམ།དེ་ཚོ་ཐམས་ཅད་པོར་འདང་བརྒྱག་རྒྱུ་ཡོད་པ། ཧ་ཅང་རང་སེམས་ལ་འདང་བརྒྱག་དགོས་པ་ལྟ་བུ་དེ་འདྲ་ཞིག་རེད། ཡང་གྲྭ་ཚང་འདུས་པ་རྒྱ་མཚོ་ལ་མཚོན་ན་ཅི་ཞིག་བྱེད་དགོས་ཟེར་ན། བཙུན་པ་རྣམས་ཀྱིས་འདུལ་ཁྲིམས་བརྩི་དགོས་ནི་རེད།རང་གི་ཁྲིམས་བསྲུང་དགོས་ནི་རེད། གང་ཡིན་ན་ཡང་ད་སྐབས་རྒྱལ་ཁབ་ཀྱིས་དེ་ཟེར་གྱི་ཡོད་ནི་རེད། ཁྲིམས་ཀྱིས་རྒྱལ་ཁབ་སྐྱོང་དགོས་ཞེས་ཁ་ནང་ན་དེ་འདྲ་ཞིག་བཤད་ཀྱི་ཡོད་ནི་རེད།དོན་དམ་པར་དེ་ལས་རྒྱུ་ཧ་ཅང་གི་དཀའ་བའི་ཚོད་དུ་སླེབས་པ། རང་རང་གི་སྐབས་ལ་རྣམ་པ་སྣ་ཚོགས་བྱས་ནས་གྲ་དག་བྱས་ཡོད་མེད་ནི་འུ་ཚོའི་མངོན་སུམ་དུ་གྲུབ་པ་དེ་རེད།དེ་བཞིན་དུ་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ། ངེད་ཚོ་ཅན་པོ།ཨ་ཁུ་ཅན་པོ།གྲྭ་བ་ཅན་པོ་ལྷ་འདྲེ་གདོན་འགོག་འདི་ཚོ་རིགས་པ་གང་ན་ཡོད་དམ་ཟེར་བ་དང་དེ་རིང་གནངས་ཁ་ལས་བྱེད་པ་མཐོན་པོ་རིགས་པ། ནོམ་པ་ཟ་ནི་རིགས་པ་གང་ན་ཡོད་པ་བཙལ་ནས་དེ་རིགས་པས་སྡུག་བསྔལ་མྱོང་གི་ཡོད་པ་དང་། དཀའ་ཡི་ཡོད་པ་དེ་ཚོ་སྡུག་བསྔལ་དང་བྲལ་བའི་སྨོན་ལམ་ཐོབས། འགྲོ་བ་སུ་ཡིན་ན་བདེ་སྐྱིད་ལྡན་དགོས་པས། ཐམས་ཅད་པོར་འདང་རེ་བརྒྱབ་ནས། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ལྡན་དགོས་པའི་སྟབས་ཀྱིས། དེ་ཚོར་འདང་རྒྱག་རྒྱུ་གལ་ཆེན་པོ་ཡིན་ཞིང་།དེའི་མིང་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཟེར།སེམས་འདི་རྒྱ་བསྐྱེད། སེམས་འདི་ཨུ་ཐུག་ཏུ་མ་བཅུག ཡུན་ཐུང་ཐུང་ལ་མི་ཡོང་བས་དཀའ་སྤྱད་སྡུག་རུས་བྱས། སྡུག་བསྔལ་དང་ལེན་བྱས། རང་གི་ཚེ་འདིའི་བྱ་བ་ལས་ན་དེ་རེད།

ཡང་ཞིང་ལས་པ་ཡིན་ན་ཞིང་ལས་ཀྱི་བྱ་བ་ལས་སྲོལ། ཕྱུགས་ལས་པ་ཡིན་ན་ཕྱུགས་ལས་ཀྱི་བྱ་བ་ལས་སྲོལ།ཆ་ཐམས་ཅད་པོར་འགྲོ་སྟངས་འདུག་སྟངས་ཡོད་པའི་སྟབས་ཀྱིས།ད་རེས་འུ་ཚོ་གྲལ་གཅིག་ཏུ་ཐུག་སོང་ནི་རེད།ད་ཡང་དང་ཡང་དུ་ཐུག་ཟེར་རྒྱུ་དཀའ་བའི་ཚོད་དུ་སླེབས་པ་ཡིན། ད་ང་ལོ་ལོན་རེད་མོད།དེའི་སྟབས་ཀྱིས་ད་ཐེངས་གྲལ་གཅིག་ལ་ཡང་ཤིང་སློང་གི་སྐབས་འདི་བེད་སྤྱད་ནས་ཁ་བརྡ་རེ་བྱས་པ་དེ་ཡིན། ངང་བས་ཆུ་ལས་འོ་མ་ལེན་པ་ལྟར།། རང་གི་འདོད་པ་དང་དུ་བླང་བར་བྱ།། ཞེས་པ་དེ་རེད། དེ་འདྲའི་ངང་བ་དང་འདྲ་བའི་རྣལ་འབྱོར་བ་ཞིག་ཏུ་ལོག་༼འགྱུར༽དགོས། རང་གིས་འདོད་རྒྱུ་ཅི་ཞིག་རེད། མངོན་མཐོ་ལྷ་མིའི་རྟེན་བཟང་ལ་འདོད་པ་ཡོད་པ། དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་པོར་སྐྱེས་རྒྱུ་འདོད་པ་མེད་པ། དེ་ན་མངོན་མཐོའི་འདོད་པ་ཡོད་ན་ཁྲིམས་བསྲུང་དགོས་ནི་རེད།མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་འདི་ཅུང་ཙམ་གྲོང་བ་ཚོས་དཀའ་བ་ཡིན་མོད། འདང་རེ་རྒྱག་གི་འདུག་རྒྱུ་ཡིན་པ་ལས། ནམ་ཡིན་ན་རྫུན་ཕྲ་མ་ཚིག་རྩུབ་ངག་འཆལ་བཤད་རྒྱུ་ཅན་པོ།ངག་གི་བྱ་བའམ་ཁ་ནང་གི་བཤད་རྒྱུའི་བྱ་བ་ཡིན། ལུས་ཀྱི་ལས་ནི་སྲོག་གཅོད་རྒྱུ། ལོག་གཡེམ་བྱེད་རྒྱུ། དེ་བཞིན་དུ་རྐུ་བྱེད་རྒྱུ།ཇག་རྐུས་ཁྲམ་གསུམ་བྱེད་རྒྱུ།དེ་འདྲ་ཧ་ཅང་གི་མི་བཟང་བ་དང་མི་རྒྱན་པ།འགྲིག་ཁྲིམས་དང་མི་འགྲིག་པ། འུ་ཚོའི་ཆོས་ཁྲིམས་དང་མི་འགྲིག་པ། དེས་མི་ཚད་འཇིག་རྟེན་གྱི་རྒྱལ་ཁྲིམས་དང་ཡང་མི་འགྲིག་པ།དེ་ཚོ་ཐམས་ཅད་པོར་འདང་རེ་བརྒྱབ་ན་ཆོས་དེ་ཡིན། ལམ་རིམ་ཡང་དེ་ཡིན་ནི་རེད།

 ཡང་དེར་འདང་རེ་བརྒྱབ་ནས་རང་རང་གི་སྡེ་བ་སོ་སོའི་ནང་ན་རང་ལ་གྲྭ་བ་རེ་ཡོད་པ་བྱས་ནས། གྲྭ་བ་འདི་ཚོ་སོང་ནས་རང་གི་ཡུལ་བ་ཚོར་ཁ་བརྡ་བྱེད་དགོས། ཅིག་བྱེད་དགོས་ནི་རེད།མུག་བྱེད་ཆོག་ནི་རེད།ཅིག་བྱེད་ཉན་ནི་མ་རེད། ད་འུ་ཚོའི་གང་ཡིན་ན་འབྲོག་པ་རེད་མོད། འབྲོག་པ་ཞིག་ཡིན་དུས་ཟོག་ལུག་གི་སྟེང་ན་རང་གི་ཁ་ཟ་རྒྱུ་དང་རྒྱབ་གོན་རྒྱུ་ཡོང་གི་ཡོད་པ་ཡིན་པས། ཡང་དེ་ཚོའི་དོན་དག་ལ་ཆོས་ཅུང་ཟད་རེ་སྒྲུབས། རང་གིས་ཟ་དགོས་པ་དང་།རང་གིས་གོན་དགོས་པ་འདི་ཚོ་ཡིད་ལ་རེ་ཤར། ཡང་སྡིག་གཅོད་བྱེད་པའི་སྐབས་སུ་ད་ལོ་ལུག་བརྒྱ་ཐམ་པ་བཙོང་དགོས་ནའང་།གཅིག་རེ་གཉིས་རེ་ཇེ་ཉུང་ལ་བཏང་།ཐམས་ཅད་ཀྱིས་དེ་ཚོ་རིགས་པར་སྲོག་བཅད་ན་མི་ཆོག  ཅིག་བྱས་ན་མི་ཆོག་ཅེ་ན་འུ་ཚོས་འཚོ་བ་ཅི་ཞིག་བྱས་ནས་སྒྲུབ་རྒྱུ།དེ་ཚོ་རིགས་པ་འདང་རྒྱག་རྒྱུ་ཡོད་པས་ཇེ་ཉུང་ལ་ཐོངས། ཡང་སྐབས་འགའ་རེར་ཇེ་མང་ལ་བཏང་ནའང་སྲོག་གཅོད་རྒྱུ་མང་སོང་བསམས་ནས་ཡར་མར་ལ་སྨོན་ལམ་རེ་བཅོལ་བ་དང་། རང་གིས་དེའི་དོན་དུ་མ་ཎི་རེ་བཏོན་ན་ཆོས་བྱས་ནི་ཡིན་པས་འགྲིག་འདུག་ནའང་། ད་ཅི་ཡིན་འདི་ཡིན་དེར་འདང་རྒྱག་རྒྱུ་ཅུང་མེད་པར། བསམ་ནི་འདོད་ནི་བྱས་ནས་སྐྱིད་ཐབས་བདེ་ཐབས་ལ་འདང་བརྒྱབ་ན་འགྲིག་གི་མེད་པས། དེའི་སྟབས་ཀྱིས་ལམ་རིམ་འདི་བཤད་པ་བྱེད་དགོས་ནི་རེད། དེ་ནས་ལམ་གྱི་རིམ་པ་འདི་ཅུང་ཟད་ཙམ་བཏོན་ན་ཕན་ཡོན་ཆེན་པོ་ཡིན་པ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་དེ་རིང་འདིར་དངོས་སུ་མཇལ་བ་རེད། ང་ནི་མྱ་ངན་འདས་གྱུར་ན།། འདི་ནི་ཁྱེད་ཀྱི་སྟོན་པ་བཞུགས།། རང་བྱུང་ཉིད་ཀྱིས་བཀས་བཅོས་པར།། ནན་ཏན་དགེ་སློང་མཆོག་འདི་བསྟོད།། ཅེས་གསུངས་པ་དེ་འདྲ་ཡིན་པས། མཉམ་མེད་ཙོང་ཁ་བ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ།།

       ཞེས་པ་འདི་ནི་ཡོངས་འཛིན་རྡོ་རྗེ་འཆང་རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་མཆོག་གིས་དྲུག་པའི་ཤིང་སློང་གི་སྐབས་སུ་མཛོད་དགེ་དགོན་གསར་དགའ་ལྡན་རབ་རྒྱས་གླིང་གི་སྒར་གྲོང་ཐུན་མོང་ལ། བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་འབུལ་བ་སྒྲར་ཕབ་པ། དམ་པ་གང་གི་གྲལ་མཐའ་ཟིན་པའི་སློབ་མའི་མིང་ཙམ་འཛིན་པ་བཙུན་གཟུགས་ཡ་རུ་བསྟན་འཛིན་རྒྱ་མཚོར་འབོད་པས་ཡི་གེ་ཡི་བརྡ་ལ་སྦྱར་བ། རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་གི་ལོའི་དབྱུ་གུ་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་བོར་རང་ཤག་ཉི་འོད་འཁྱིལ་བའི་ལྡིང་ཁང་ནས་མཇུག་ལེགས་པར་རྫོགས་པ། ཁོང་གིས་མཚོན་ཏེ་མིའི་རིགས་ཀྱི་དགེ་བའི་བཤེས་གཉེན་རྣམ་པའི་སྐུ་ཚེ་བརྟན་ཅིང་རླབས་ཆེན་བཞེད་དོན་མཐའ་དག་ལྷུན་གྱིས་གྲུབ་ནས། འཛམ་གླིང་སྐྱེ་འགྲོ་ཡོངས་ལ་འབྱུང་བཞིའི་གནོད་པས་མི་ཚུགས་ཤིང་ནད་མུག་འཐབ་རྩོད་འཁྲུག་ལོང་སོགས་མེད་པར་རང་དབང་ཞི་བདེའི་དཔལ་ལ་རོལ་བའི་རྒྱུར་བསྔོའོ།།    །།

བརྒྱུད་འགོད།